ཨ་རིས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུཊ་ཀྱི་དགོས་མཁོ་ཅི་རེད།

༄༅།། སྲིད་འཛིན་བྷ་ཌན་དང་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཝ་ཤིང་ཊོན་དུ་འདུས་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཙུགས་ནས་ལོ་༧༥་འཁོར་བའི་ཚོགས་འདུ་འཚོགས་ཀྱི་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ནས་ཕུར་བུའི་བར་དུ་ཉིན་༣་ལ་འཚོགས་ཀྱི་ཡོད་པའི་ནུབ་ཆིངས་ཀྱི་ཚོགས་འདུའི་ཐོག་ཏུ་ཨུ་རུ་སུའི་བཙན་འཛུལ་དང་ཡུཀ་རེན་གྱི་དམག་འཁྲུག རྒྱ་ནག་གི་སྟོབས་འབྱོར་རྒྱས་ནས་ཨེ་ཤི་ཡར་དམག་འཁྲུག་གི་ཉེན་ཀ་ཇེ་ཆེ། ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ཡང་ནུབ་ཆིངས་ཀྱི་གཅིག་སྒྲིལ་སྲ་བརྟན། ནུབ་ཆིངས་ལ་ཚོགས་འཐུས་རྒྱལ་ཁབ་༣༢་ཡོད་པ་དེ་དག་གི་གཅིག་ལ་རྒོལ་རྡུང་ཕོག་ན་ཚོགས་འཐུས་རྒྱལ་ཁབ་ཚང་མར་རྒོལ་རྡུང་བྱས་པ་དང་ཁྱད་མེད་པའི་རྩ་འཛིན་དོན་ཚན་ལྔ་པ་བསྐྱར་ཟློས་བྱ་རྒྱུའི་གནས་ཚུལ་ཐོན་འདུག

༡༩༤༥་ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་རྗེས་སུ་དབྱིན་ཇི་དང་ཧྥ་རན་སི་སོགས་ཀྱིས་ཡུ་རོབ་གླིང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་དམག་དཔུང་ཞིག་འཛུགས་དགོས་པའི་གྲོས་འགོ་བཏོན། དེ་ནས་དབྱིན་ཇི་དང་ཧྥ་རན་སི། ནེ་དྷར་ལན་ཌི་དང་བྷེལ་ཇམ། ལཀ་སིམ་བྷག་བཅས་རྒྱལ་ཁབ་ལྔས་མཉམ་འབྲེལ་དམག་དོན་སྒྲིག་འཛུགས་ཤིག་བཙུགས་པར་བྷ་ར་སལ་སིའི་མཐུན་ཚོགས་ཞེས་མིང་བཏགས། དབྱིན་ཇིའི་དམག་དཔོན་ཨི་སི་མཱེས་ཨ་མི་རི་ཀ་ཡོང་དུ་ཆུགས། ཨུ་རུ་སུ་ཡོང་དུ་མ་འཇུག འཇར་མན་ཎིའི་མགོ་བོ་ནོན་ཞེས་ཐབས་ཇུས་བཏོན་པའི་སྐད་ཆ་དེ་ནུབ་ཆིངས་རྩ་འཛུགས་ཀྱི་ས་བོན་དུ་གྱུར་པའི་བཤད་རྒྱུན་ཞིག་གྲགས། ༡༩༤༩་ལོའི་ཕྱི་ཟླ་༧་པའི་ཚེས་༩་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ནུབ་ཆིངས་དངོས་སུ་ཚུགས། སྒྲིག་འཛུགས་དེའི་མིང་ཆ་ཚང་ལ་ནུབ་རྒྱ་མཚོ་ཆེན་པའི་བྱང་ཕྱོགས་ཀྱི་ཆིངས་ཡིག་སྒྲིག་འཛུགས་ཟེར། ནུབ་ཆིངས་ཀྱི་དགོས་མཁོ་ནི་ཨུ་རུ་སུ་དམར་ཤོག་ལ་ཁ་གཏད་བཅག ཡུ་རོབ་དང་བྱང་ཨ་རིའི་ཞི་བདེ་དང་བདེ་འཇགས་སྐྱོབ་བྱ་དགོས་ཞེས་འཁོད།།

༡༩༤༥་ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་རྗེས་སུ་དབྱིན་ཇི་དང་ཧྥ་རན་སི་སོགས་ཀྱིས་ཡུ་རོབ་གླིང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་དམག་དཔུང་ཞིག་འཛུགས་དགོས་པའི་གྲོས་འགོ་བཏོན།

ཐོག་མར་ནུབ་ཆིངས་རྩ་འཛུགས་བྱེད་མཁན་རྒྱལ་ཁབ་༡༢་ཡོད་པ་ནི་བྷེལ་ཇམ་དང་ཁེ་ན་ཌ། ཌན་མག་དང་ཧྥ་རན་སི། ཨ་ཡེ་སི་ལན་ཌི་དང་ཨི་ཊ་ལི། ལཀ་སིམ་བྷག་དང་ནེ་དྷར་ལན་ཌི། པོར་ཆུ་གྷལ་དང་ནོར་ཝེ། དབྱིན་ཇི་དང་ཨ་རི་རྣམས་ཡིན་ཞིང་། ད་ལྟ་ལོ་༧༥་ཡི་གཞུག་དེར་ནུབ་ཆིངས་ལ་ཚོགས་འཐུས་རྒྱལ་ཁབ་༣༢་ཡོད་པ་དང་ཡུ་རོབ་རྒྱལ་ཁབ་གང་ཞིག་ལ་ཆ་རྐྱེན་འཛོམས་པ་དང་སྤྱི་མཚུངས་ཀྱི་ལས་འགན་བསྒྲུབ་ཐུབ་ན་ནུབ་ཆིངས་ཀྱི་ཁོངས་སུ་ཞུགས་ཆོག འོན་ཀྱང་ནུབ་ཆིངས་ཁོངས་སུ་རྒྱལ་ཁབ་ཅིག་གསར་དུ་འཇུག་པར་ཚོགས་འཐུས་རྒྱལ་ཁབ་༣༢་སྤྱི་མོས་འབྱུང་དགོས། རྒྱལ་ཁབ་གཅིག་འཐད་པ་མེད་ན་ཆོད་ལོག་གཏོང་ཆོག་པའི་དབང་ཚད་ལྡན། ཨ་རི་ནི་ནུབ་ཆིངས་ཁོངས་ཀྱི་སྟོབས་ཤུགས་བླ་ན་མེད་པ་དང་སྒྲིག་འཛུགས་དེའི་འགྲོ་གྲོན་མང་ཆེ་བ་གཏོང་གི་ཡོད་པས་ཨ་རིའི་སྲིད་ཇུས་ལ་ནུབ་ཆིངས་ཀྱིས་བསྟུན་དགོས་ཤིང་། ནུབ་ཆིངས་ཀྱི་ཉིན་རེའི་འཛིན་སྐྱོང་ལས་དོན་རྣམས་སྤྱི་ཁྱབ་དྲུང་ཆེ་རིམ་པས་སྒྲུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༡༤་ནས་ནོར་ཝེའི་སྲིད་བློན་ཟུར་པ་སི་ཊོལ་ཊེན་བྷག་གིས་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་བཟུང་།

༢༠༡༤་ནས་ནོར་ཝེའི་སྲིད་བློན་ཟུར་པ་སི་ཊོལ་ཊེན་བྷག་(Jens Stoltenberg)་གིས་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་བཟུང་། ད་ལོའི་ཕྱི་ཟླ་༡༠་པའི་ཚེས་༡་ནས་ནེ་དྷར་ལན་ཌིའི་སྲིད་བློན་ཟུར་པ་མར་ཁེ་རུ་ཐེས་(Mark Rutte)་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ལས་ཁུར་བཞེས་ཏེ་ཡུཀ་རེན་ལ་མུ་མཐུད་དུ་མཚོན་ཆ་རོགས་རམ་ཐོབ་ཐབས་དང་ཨུ་རུ་སུ་ཕམ་ཐབས་བྱ་རྒྱུ། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་སྤྲོད་ཕྱོགས་དང་མཚོན་ཆ་རོགས་རམ་གྱི་བཀོད་འདོམས་ཁང་ཞིག་འཇར་མན་ཎིར་འཛུགས་རྒྱུའི་ཐག་གཅོད་བྱ་རྒྱུའི་རྣམ་པ་ཐོན། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་བྱེ་བྲག་པ་ཚོས་ཡུཀ་རེན་ལ་དམག་དཔུང་གཏོང་རྒྱུའི་གླེང་སློང་བྱེད་ཀྱི་ཡོད་ཀྱང་ནུབ་ཆིངས་ཀྱི་ངོས་ནས་ཡུཀ་རེན་ལ་དམག་དཔུང་གཏོང་དཀའ། ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་༣་འགྲོ་བཞིན་པའི་མཚམས་འདིར་ནུབ་ཆིངས་ཀྱིས་དམག་མི་འབུམ་༥་གྲ་སྒྲིག་བྱས་ནས་བཞག་ཡོད་པར་མ་ཟད། ད་ལོ་ནུབ་ཆིངས་ཀྱི་དམག་མི་ཁྲི་ཚོ་༩་ལྷག་གིས་སྐམ་མཚོ་གནམ་གསུམ་ནས་དུས་གཅིག་ཏུ་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུའི་གཏན་ཁེལ་བྱས་འདུག

ད་ལོའི་ཕྱི་ཟླ་༡༠་པའི་ཚེས་༡་ནས་ནེ་དྷར་ལན་ཌིའི་སྲིད་བློན་ཟུར་པ་མར་ཁེ་རུ་ཐེས་་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ལས་ཁུར་བཞེས་རྒྱུ།

ཕྱི་ཟླ་༧་པའི་ཚེས་༧་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་དམག་ཆེན་གཉིས་པའི་ཡུ་རོབ་ཀྱི་མནའ་འབྲེལ་དམག་གི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པ་སྟེ། ཨ་རིའི་སྲིད་འཛིན་ཟུར་པ་ཨེ་སེན་ཧ་ཝར་(Dwight Eisenhower)་གྱིས་༡༩༥༡་ལོར་ང་ཚོའི་དམིགས་ཡུལ་ནི་ཡུ་རོབ་ཀྱི་དམག་དཔུང་རྣམས་རང་གི་རྐང་པའི་ཐོག་ཏུ་ལང་ཐུབ་པ་དང་ཨ་རིའི་དམག་དཔུང་ཡུ་རོབ་ཀྱི་གཏན་འཇགས་སྲུང་སྐྱོབ་པར་འགྱུར་མི་དགོས་པའི་དོན་དུ་ཡིན། གལ་སྲིད་ལོ་བཅུའི་ནང་དུ་ཡུ་རོབ་ལ་འགྲེམ་འཇོག་བྱས་ཡོད་པའི་ཨ་རིའི་དམག་དཔུང་རང་ཡུལ་དུ་ཕྱིར་ལོག་བྱེད་མ་ཐུབ་ཚེ། ང་ཚོའི་དམིགས་ཡུལ་དེ་མ་གྲུབ་པ་རེད་ཅེས་དཔྱད་བརྗོད་སྤེལ། གཟའ་འཁོར་འདིར་ཝ་ཤིང་ཊོན་དུ་ནུབ་ཆིངས་བཙུགས་ནས་ལོ་༧༥་འཁོར་བའི་ཚོགས་འདུ་འཚོགས་ཀྱི་ཡོད་ཀྱང་ཨ་རིའི་དམག་མི་ཁྲི་ཚོ་༩་ལྷག་འཇར་མན་ཎི་དང་ཨི་ཊ་ལི། དབྱིན་ཇི་སོགས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་བཞག་ཡོད་པ་དང་ནུབ་ཆིངས་ལ་དམག་མི་འབུམ་༥་ཡོད་པ་དེའི་མང་ཆེ་བ་ཨ་རིའི་དམག་མི་ཡིན་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཨེ་སེན་ཧ་ཝར་

༡༩༦༠་ནས་ཨ་མི་རི་ཀས་ནུབ་ཆིངས་ཀྱི་དམག་དོན་འགྲོ་གྲོན་བརྒྱ་ཆ་༦༡་བཏང་བ་དང་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༢༠༧་དམག་དོན་རོགས་དངུལ་སྤྲད་པའི་ཁོངས་སུ་ཨ་རི་གཅིག་པུས་ཨ་སྒོར་ཐེར་འབུམ་༧༩་སྤྲད། ད་ལྟ་ཨ་མི་རི་ཀ་ཁོ་ནས་ནུབ་ཆིངས་ཀྱི་འགྲོ་གྲོན་ཕལ་ཆེ་བ་གཏོང་མི་ཐུབ་པར་གྱུར། ཨ་རི་དང་ཡུ་རོབ་ལ་འོས་བསྡུ་བྱས་ནས་འགོ་ཁྲིད་གསར་པ་སུ་ཞིག་འདེམས་ཐོན་བྱུང་ཡང་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཚང་མས་དམག་དོན་འགྲོ་གྲོན་མང་དུ་གཏོང་དགོས་པ་ལྡོག་ཏུ་མེད། ནོར་ཝེའི་ཕྱི་སྲིད་བློན་ཆེན་ཨེ་ཌིས་(Espen Barth Eide)་གསར་འགོད་པར་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་ཡུཀ་རེན་གྱི་དམག་དོན་འགྲོ་གྲོན་ཡུ་རོབ་རྒྱལ་ཁབ་ཁག་གིས་འགན་ལེན་བྱ་དགོས། ཨ་མི་རི་ཀར་དེ་ལས་ལྷག་པའི་དམིགས་པ་གཏོད་ས་ཆེན་པོ་ཞིག་ཡོད་ཅེས་གླེང་གི་འདུག ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་༢༣་ཀྱིས་རང་གི་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢་དམག་དོན་ལ་འགྲོ་གྲོན་གཏོང་གི་འདུག ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིས་སྤྱི་ཡོངས་དཔལ་འབྱོར་ཡོང་འབབ་ཀྱི་བརྒྱ་ཆ་༣་དམག་དོན་ལ་གཏོང་གི་ཡོད་ཀྱང་འདང་ཁག་པོ་རེད། ད་དུང་ཡང་འཇར་མན་ཎི་སོགས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་༩་ཡིས་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢་དམག་དོན་ལ་འགྲོ་གྲོན་གཏོང་གི་མི་འདུག་ཅེས་བཀྲལ།།

ནོར་ཝེའི་ཕྱི་སྲིད་བློན་ཆེན་ཨེ་ཌིས་

ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀར་བརྟེན་ཡོད་པར་འབྲེལ་ཡོད་རྒྱལ་ཁབ་ཁག་གི་མི་དམངས་ལ་ལྟ་ཚུལ་མ་འདྲ་བ་ཡོད་པ་སྟེ། ཨ་རི་དང་དབྱིན་ཇི། ཧྥ་རན་སི་དང་འཇར་མན་ཎི་སོགས་ཀྱི་མི་མང་གིས་ནུབ་ཆིངས་རང་སོར་བཞག་སྟེ་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཡུ་རོབ་པ་ཚོས་འགན་ཁུར་ལེན་དགོས་པའི་ལྟ་ཚུལ་བཟུང་། འཇར་མན་པ་བརྒྱ་ཆ་༧་དང་ཧྥ་རན་སི་བ་བརྒྱ་ཆ་༡༣་ཡས་མས་ཤིག་གིས་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀས་འགན་ཁུར་ལེན་དགོས་པའི་ལྟ་ཚུལ་བརྗོད། གཅིག་ནི་མིའི་རང་གཤིས་སུ་གཞན་གྱིས་འགྲོ་གྲོན་བཏང་ན་རང་གིས་མི་གཏོང་བའི་འདུ་ཤེས་ཤིག་ཡོད་ཅིང་། གཉིས་པ་དེར་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཁག་ལ་དཀའ་ངལ་ཆེ་བའི་དུས་དེར་ནུབ་ཆིངས་བཙུགས། འཚོ་བའི་དཀའ་ངལ་འོག་ནས་འོག་ནས་ཐར་གྱི་མེད་པའི་ཡུ་རོབ་རྒྱལ་ཁབ་ཁག་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་རྒྱུའི་ཉེན་ཁ་ཆེ་རུ་སོང་། དེས་ན་ཨ་མི་རི་ཀས་ཡུ་རོབ་ལ་ལྟ་སྐྱོང་བྱེད་པའི་ལམ་ལུགས་ཤིག་ཚུགས་པ་ལོ་༧༠་ལྷག་གི་རྗེས་སུའང་འགྱུར་བ་མ་ཐེབས་པར་ལུས།།

ཕྱི་ཟླ་༧་པའི་ཚེས་༨་ཉིན་ཉི་ཧོང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་དང་ནེའུ་ཛི་ལན་ཌི། ལྷོ་ཀོ་རི་ཡ་དང་ཉི་ཧོང་བཞིས་ནུབ་ཆིངས་དང་གཏན་དུ་མཉམ་འབྲེལ་གྱི་སྒྲོམ་གཞི་ཞིག་འཛུགས་རྒྱུའི་གྲོས་སྡུར་བྱུང་། ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡུན་སོགས་ནུབ་ཆིངས་ཀྱི་ཚོགས་འདུར་ཞུགས། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ནས་ཕུ་ཊིན་ལ་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་རྒྱལ་ཁ་ཐོབ་ཏུ་འཇུག་མི་ཉན། ཨུ་རུ་སུར་རྒྱལ་ཁབ་ཐོབ་ན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་སློང་ངེས་རེད། ཉི་ཧོང་གི་སྲིད་བློན་གྱིས་དེ་རིང་ཡུཀ་རེན་ལ་དམག་འཁྲུག་ལངས་ཡོད་པ་དེ་སང་ཉིན་ཨེ་ཤི་ཡར་ལང་སྲིད་པའི་ཉེན་ཁ་འདུག་ཅེས་བཤད་པ་བདེན་པ་རེད། ནུབ་ཆིངས་ཀྱི་ཡུ་རོབ་འབའ་ཞིག་མིན་པར་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་ལ་འགན་ཁུར་ཆེ་ཙམ་ལེན་དགོས་ཞེས་བསྒྲགས། ནུབ་ཆེན་གྱི་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོ་ཡུཀ་རེན་ཡིན་རུང་དེའི་ཞོར་དུ་ཐེ་ཝན་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོ། བྱང་ཀོ་རི་ཡས་འཁྲུག་རྩོད་སློང་གི་ཡོད་པ་རྣམས་ཀྱང་གླེང་སློང་འབྱུང་རྒྱུའི་གནས་ཚུལ་ཐོན་འདུག