པ་རི་གྷོ་ཤིན་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་དགོས་པའི་ནན་སྐུལ། 

༄༅།། ཨུ་རུ་སུའི་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཤིན་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ན་དགེ་མཚན་ཆེ། ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་བྷག་མུ་ཏ་གྲོང་ཁྱེར་ཕལ་མོ་ཆེ་བཟུང་ཟིན་ཡོད་ཀྱང་ཡུཀ་རེན་གྱིས་ཚུར་རྒོལ་བྱ་རྒྱུ་འགོག་དཀའ་བ་ཞིག་ཏུ་འགྱུར་ས་རེད་ཅེས་དྲྭ་ཚིགས་སུ་རྩོམ་ཡིག་སྤེལ། ཕྱི་ཟླ་༤་པའི་ཚེས་༡༦་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཡེབ་གྷེ་ཎི་པ་རི་གྷོ་ཤིན་གྱི་དྲྭ་ཚིགས་སུ་ང་ཚོར་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཡོད་པ་ནི་ཨུ་རུ་སུའི་དམིགས་བསལ་དམག་དོན་ལས་འགུལ་མཇུག་སྒྲིལ་དགོས། ཨུ་རུ་སུའི་དམིགས་ཡུལ་རྣམས་གྲུབ་ཡོད་པའི་ཁྱབ་བསྒྲགས་བྱོས། ང་ཚོར་ལས་དོན་ཁག་ཅིག་གི་ཐོག་ཏུ་གྲུབ་འབྲས་ཐོན་ཡོད། ཨུ་རུ་སུའི་གཞུང་དམངས་གཉིས་ཀས་དམིགས་བསལ་དམག་དོན་ལས་འགུལ་འདིར་རྒྱབ་སྐྱོར་བྱ་རྒྱུ་དགོས། ཡུཀ་རེན་གྱིས་ཚུར་རྒོལ་བྱས་ན་གང་ཐད་དུ་ཕམ་ཉེས་འབྱུང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་ཞེས་བྲིས།།

ལོ་ན་༦༡་ལ་སོན་པའི་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཤིན་གྱིས་མིག་སྔར་ང་ཚོར་གདམ་ཀ་གཅིག་ལས་མེད་པ་ནི་དམག་ས་བཟུང་ནས་འདུག་རྒྱུ་དེ་རེད་ཟེར། ཨུ་རུ་སུས་བཙན་འཛུལ་བྱས་ནས་ཡུཀ་རེན་གྱི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཞི་ཡ་དང་ཁར་སན་ཞིང་ཆེན་བཅས་ས་གནས་ཁག་༤་ཡོངས་རྫོགས་ལ་དབང་བསྒྱུར་བྱ་རྒྱུའི་དམིགས་ཡུལ་གྲུབ་མེད་ཅིང་། ཡིག་འབྲུ་༣༣༢༩་ཅན་གྱི་རྩོམ་ཡིག་དེར་པ་རི་གྷོ་ཤིན་གྱིས་ཡུཀ་རེན་ལ་ཞི་བའི་གྲོས་མོལ་བྱེད་མི་ཉན། གལ་སྲིད་ཞི་བའི་གྲོས་མོལ་བྱས་ན་ང་ཚོས་ཡུཀ་རེན་གྱི་ས་ཆ་ཕྲོགས་ཟིན་པ་རྣམས་ཕྱིར་སློག་བྱ་དགོས་པར་འགྱུར་ངེས་ཡིན། ཨུ་རུ་སུ་གྲོས་མཐུན་འཇོག་རྒྱུ་དེར་འཐད་མི་ཉན། ང་ཚོས་མཐའ་གཅིག་ཏུ་འཐབ་རྒོལ་བྱ་དགོས། ད་ལྟ་ཨུ་རུ་སུའི་གཞུང་དམངས་གཉིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡུཀ་རེན་གྱི་དམག་ལ་ཕར་རྒོལ་བྱ་དགོས་པ་དང་གྲོས་མོལ་བྱས་ནས་ས་ཆ་ཕྱིར་སློག་བྱ་ཐབས་མེད་ཅེས་ནང་འགལ་ཅན་གྱི་རྩོམ་ཡིག་ཅིག་སྤེལ། ཡུཀ་རེན་གྱི་དམག་གིས་དཔྱིད་ཀྱི་དུས་སུ་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱ་རྒྱུའི་འཐབ་ཇུས་བཤམས་ཡོད་པའི་གནས་ཚུལ་ཐོན།།

ཝེ་གྷ་ནར་གླས་དམག་ཚོགས་པ་ནི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་རྒྱབ་སྐྱོར་ཡོད་པའི་སྒེར་དམག་སྒྲིག་འཛུགས་ཤིག་ཡིན་ཞིང་། འདས་པའི་ཟླ་བ་༩་ཡས་མས་ཤིག་ལ་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་བྷག་མུ་ཏ་གྲོང་ཁྱེར་དུ་ཝེ་གྷ་ནར་གླས་དམག་གིས་འཐབ་འཁྲུག་དྲག་པོ་བརྒྱབ་སྟེ་ཕྱོགས་གཉིས་ཀྱི་དམག་མི་༦༢༠༠༠་ལྷག་བསད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཝེ་གྷ་ནར་གླས་དམག་ཚོགས་པའི་དམག་མི་༣༠༠༠༠་ལྷག་ལ་སྲོག་སྐྱོན་ཕོག ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་ཨུ་རུ་སུའི་དམག་མི་ཟུར་པ་དང་བཙོན་པ་རྣམས་ཡིན་ཞིང་། དེར་བརྟེན་པ་རི་གྷོ་ཤིན་གྱི་སྒེར་དམག་རྣམས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་བཀོད་འདོམས་འོག་ཏུ་མ་འདུས། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ཟླ་ཤས་རྗེས་སུ་པ་རི་གྷོ་ཤིན་གྱི་སྒེར་དམག་དང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོས་དམག་འཁྲུག་གི་བྱས་རྗེས་བརྩད། ཁོ་ཚོས་ཕན་ཚུན་འཇོན་ཐང་མེད་པ་དང་ཁྲིམ་འགལ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ནས་འགལ་ཟླ་བྱུང་བའི་གནས་ཚུལ་ཐོན།།

ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་ཚད་མཐོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་ལོ་རྒྱུས་ཉམས་ཞིབ་པ་དང་སློབ་དཔོན་སར་གྷེ་ར་ཌ་ཆན་ཀོས་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་གླས་དམག་གི་འགོ་ཁྲིད་པ་རི་གྷོ་ཤིན་གྱི་རྩོམ་ཡིག་དེ་ནང་འགལ་ཅན་དང་འཆོལ་གཏམ་སྨྲས་པ་ཞིག་རེད་ཅེས་བསྟན། ཡུཀ་རེན་གྱི་སྲིད་བློན་ཤ་མཱི་ཧལ་གྱིས་ཡུན་རིང་མི་འགོར་བར་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱ་འཆར་ཡོད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ཡང་ཕར་རྒོལ་གྱི་དུས་ཚོད་ནམ་ཡིན་གསལ་ཁ་མ་གཏད། ཕྱི་ཟླ་༤་པའི་ཚེས་༡༦་ཉིན་ནི་ཨུ་རུ་སུའི་ཡེ་ཤུའི་ཆོས་རྒྱུད་ཀྱི་འདས་ལོག་དུས་ཆེན་ཡིན་མོད། འོན་ཀྱང་ཆོས་ཕྱོགས་ཀྱི་དུས་ཆེན་ཉིན་དེར་ཨུ་རུ་སུའི་དམག་གིས་གཏོར་རྒོལ་བྱས་ནས་ཡུཀ་རེན་གྱི་ཡེ་ཤུའི་ལྷ་ཁང་ཞིག་ཏུ་ཆོས་ཕྱོགས་ཀྱི་མཛད་སྒོར་ཞུགས་པའི་མི་མང་ལ་རྒོལ་རྡུང་ཕོག ཡུཀ་རེན་གྱི་དམག་དོན་མི་སྣ་ཚོས་ཨུ་རུ་སུས་འཕུར་མདེལ་འཕངས་ཏེ་སྐྱེས་པ་ལོ་༥༧་ཅན་ཞིག་དང་བུད་མེད་ལོ་༣༨་ཅན་ཞིག་རྨས་སོང་། ཨུ་རུ་སུའི་དམག་གིས་ཆོས་ཕྱོགས་ཀྱི་དུས་ཆེན་ཉིན་ཡང་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་བསྒྲགས།།

ཕྱི་ཟླ་༤་པའི་ཚེས་༡༦་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་མཐོ་རིམ་ལས་སྣེ་ལི་སག་གིས་གཟའ་ཉི་མའི་ཉིན་མི་མང་དཀྱུས་མ་གནས་སྡོད་བྱ་ཡུལ་ཁང་ཆེན་༥་དང་བཟོ་གྲྭ་འགའ་ཞིག་ལ་གཏོར་རྒོལ་བྱུང་སོང་། དགྲ་བོའི་ནག་ཉེས་ལ་ཁྲིམས་གཅོད་མ་བྱས་པར་འཇོག་རྒྱུ་མིན། ཁོ་ཚོར་དགྲ་ལན་སློག་དགོས་ངེས་ཡིན། ཡུཀ་རེན་བའི་ཆོས་དད་ཀྱི་སྣང་བ་ནི་བཙན་འཛུལ་བའི་སྡིག་སྤྱོད་ཀྱི་མུན་པས་སྒྲིབ་མི་ཐུབ་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཡུཀ་རེན་གྱི་མི་དམངས་བརྒྱ་ཆ་༧༨་ཡས་མས་ཤིག་གིས་རང་ཉིད་ཡེ་ཤུའི་རྙིང་ཞེན་ཆོས་རྒྱུད་ཀྱི་རྗེས་འཇུག་པ་ཡིན་ཟེར། འཛམ་གླིང་གི་ཡེ་ཤུ་གནམ་བདག་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་གསར་མའི་རྗེས་འབྲང་བ་ཚོས་ཕྱི་ཟླ་༤་པའི་ཚེས་༩་ཉིན་འདས་ལོག་དུས་ཆེན་སྲུང་བརྩི་ཞུས་ཀྱང་ཨུ་རུ་སུ་དང་ཡུཀ་རེན་སོགས་ལ་དར་ཡོད་པའི་ཡེ་ཤུའི་རྙིང་ཞེན་ཆོས་རྒྱུད་ཀྱི་རྗེས་འབྲང་བ་ཚོས་ཕྱི་ཟླ་༤་པའི་ཚེས་༡༦་ཉིན་འདས་ལོག་དུས་ཆེན་སྲུང་བརྩི་ཞུ་ཡི་ཡོད་པའི་གནས་ཚུལ་ཐོན།

དེང་སྐབས་ཡུཀ་རེན་གྱི་ཤར་ཕྱོགས་སུ་འཐབ་འཁྲུག་དྲག་པོ་ལངས། ཡུཀ་རེན་གྱི་དམག་གིས་ས་ཆ་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་མང་པོ་ཕྱིར་བླངས། ཐ་ན་༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཕྲོགས་པའི་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་ཡང་འཛིན་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། བདུན་ཕྲག་སྔོན་མར་རྒྱལ་སྤྱིའི་དམག་དོན་ཞིབ་འཇུག་ཁང་གིས་ཡེ་ཤུའི་རྙིང་ཞེན་འདས་ལོག་དུས་ཆེན་སྐབས་སུ་ཕུ་ཊིན་གྱིས་འཐབ་འཁྲུག་མཚམས་འཇོག་བྱ་དགོས་པའི་གྲོས་གཞི་འདོན་སྲིད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་དམག་གིས་འདས་ལོག་དུས་ཆེན་ཉིན་ཡང་ཡུཀ་རེན་ལ་གཏོར་རྒོལ་བྱས་པ་དང་སྲིད་འཛིན་ཛེ་ལན་སི་ཀིས་(Zelensky)དེ་རིང་ང་ཚོས་སྟོན་པ་ཡེ་ཤུའི་འདས་ལོག་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད། དེ་ནི་རྒྱལ་ཁའི་མཚོན་དོན་ཡིན། དཀར་ཕྱོགས་ཀྱི་རྒྱལ་ཁ་དང་བདེན་པའི་རྒྱལ་ཁ། ཚེ་སྲོག་གི་རྒྱལ་ཁ་བཅས་ཡིན། ང་ཚོའི་དད་པ་དམ་ཚིག་ལ་གཡོ་བ་མེད་པ་དང་རྒྱལ་ཁ་འཐོབ་རྒྱུ་ལྡོག་ཏུ་མེད་ཅེས་གཏམ་བཤད་བྱས་འདུག ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་སུ་ཡུཀ་རེན་ལ་ཡེ་ཤུའི་རྙིང་ཞེན་ཆོས་རྒྱུད་ལོགས་སུ་ཚུགས་ཏེ་ཨུ་རུ་སུར་ཆོས་ལུགས་ཀྱི་འབྲེལ་བ་བཅད།།

ཕྱི་ཟླ་༤་པའི་ཚེས་༡༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་འབུམ་༢་ལྷག་བསད་རྨས་བྱུང་། དམག་ཁྲལ་རྒྱུག་དགོས་པའི་སྐྱེས་པ་འབུམ་༧་ལྷག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས། ན་ནིང་ཕྱི་ཟླ་༩་པའི་ནང་དུ་ཕུ་ཊིན་གྱིས་དམག་མི་གསར་པ་འབུམ་༣་བསྡུས་ཀྱང་དམག་འཁྲུག་ལ་རྒྱལ་ཁ་མ་ཐོབ། བདུན་ཕྲག་སྔོན་མར་ཨུ་རུ་སུའི་གྲོས་ཚོགས་ཀྱིས་དམག་བསྡུའི་བཀའ་ཡིག་རྣམས་གློག་འཕྲིན་བརྒྱུད་ནས་གཏོང་ཆོག སྐྱེ་བོ་གང་ཞིག་ལ་དམག་ཁྲལ་གྱི་བཀའ་ཡིག་འབྱོར་བའི་རྗེས་སུ་དམག་ཁྲལ་མ་བརྒྱུགས་ན་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ཕྱིར་བསྡུ་དང་ཁང་པ་འཚོང་མི་ཆོག་པ། མི་དེའི་རྒྱུས་དངོས་རྣམས་གཞུང་གིས་འགོག་ཉར་བྱེད་ཆོག མི་དེ་རང་ཡུལ་ནས་ཕྱི་ལ་འགྲོ་མི་ཆོག་པའི་བཅའ་ཁྲིམས་གཏན་ལ་ཕབ། སྲིད་འཛིན་ཕུ་ཊིན་གྱིས་བཅའ་ཁྲིམས་དེར་མིང་རྟགས་བཀོད། སྔོན་ཆད་ཨུ་རུ་སུའི་གཞུང་གིས་དམག་ཁྲལ་བཀའ་ཡིག་རྣམས་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་དངོས་སུ་བསྐྱལ་ཏེ་དོ་བདག་གི་ལག་ལ་འཕྲོད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན།།

ཨུ་རུ་སུའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་བཅའ་ཁྲིམས་གསར་པ་དེ་མི་དམངས་རྣམས་དྲྭ་ལམ་གྱི་བཙོན་སྒར་ནང་དུ་འཇུག་ཐབས་ཤིག་རེད། དམག་བསྡུ་ལས་སྣེ་ཚོར་དབང་ཆ་ཚད་ལས་བརྒལ་བ་ཞིག་སྤྲད་འདུག་ཅེས་སྐྱོན་བཙུགས། ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་འདས་པོ་ཨ་ན་ཊོ་ལི་སོབ་ཆག་གི་ཡུགས་མོ་སྟེ། ཨུ་རུ་སུའི་གྲོས་ཚོགས་འོག་མའི་འཐུས་མི་ན་རུ་སོ་ཝ་གཅིག་པུས་གྲོས་ཚོགས་འོག་མའི་ནང་དུ་བཅའ་ཁྲིམས་དེར་ངོ་རྒོལ་བྱས་ཤིང་། ཁོ་མོས་ཨུ་རུ་སུའི་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་བྱུང་འདུག་ཅེས་དགག་པ་བརྒྱབ། ཉམས་ཞིབ་པ་ཁག་ཅིག་གིས་ཨུ་རུ་སུའི་གཞུང་གིས་སླར་ཡང་དམག་མི་གསར་པ་འབུམ་༥་ཡས་མས་ཤིག་བསྡུ་སྲིད་ཅེས་བསྟན། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་དམག་ཁྲལ་བསྡུ་བའི་ལམ་སྲོལ་འཐུས་ཚང་ཞིག་ཏུ་སྒྱུར་གྱི་ཡོད། སྔ་ལོའི་དམག་ཁྲལ་བསྡུ་སྟངས་དེར་ནུས་པ་ཆེན་པོ་ཞིག་ཐོན་མ་སོང་། ད་ལྟ་ཨུ་རུ་སུའི་དམག་ཁྲལ་བསྡུ་བའི་ལམ་སྲོལ་དེང་རབས་ཅན་དུ་སྒྱུར་གྱི་ཡོད། ཨུ་རུ་སུའི་གཞུང་གིས་སླར་ཡང་དམག་ཁྲལ་གསར་པ་བསྡུ་འཆར་མེད་ཅེས་བཀྲལ།།