༄༅།། རྒྱ་ནག་གིས་ཉིན་ལྟར་གནམ་མཚོ་གཉིས་ནས་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༡༣་ཉིན་ཨ་རིའི་ཧ་ཝ་ཡི་མངའ་སྡེའི་ཧོ་ལོ་ནུ་ནུ་གྲོང་ཁྱེར་དུ་ཆགས་ཡོད་པའི་མཚོ་དམག་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞི་བདེ་རྒྱ་མཚོའི་ནང་གི་ཨ་རིའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་སེ་མུལ་པ་པ་རོས་(Samuel Paparo)་རྒྱ་ནག་གིས་དམག་སྦྱོང་བྱེད་ཀྱི་ཡོད་པ་དེ་སྤྱི་བཏང་གི་སྦྱོང་བརྡར་ཞིག་མ་རེད། རྒྱ་ནག་གིས་ཐེ་ཝན་ལ་དངོས་སུ་བཙན་འཛུལ་བྱ་རྒྱུའི་སྟ་གོན་བྱེད་ཀྱི་འདུག སྔོན་ཆད་རྒྱ་ནག་གིས་ཐེ་ཝན་གྱི་ཉེ་འཁྲིས་དང་མཐའ་འཁོར་དུ་དམག་སྦྱོང་བྱས་པ་རྣམས་སྦྱོང་བརྡར་ཡིན་མོད། ཉེ་དུས་ཤིག་ནས་རྒྱ་ནག་གིས་དམག་སྦྱོང་བྱེད་སྟངས་ལ་འགྱུར་བ་ཞིག་ཐེབས་སོང་། དེང་སྐབས་རྒྱ་ནག་གིས་ཐེ་ཝན་ལ་བཙན་དྲག་བཀོལ་བ་དང་མཚོ་གླིང་དེའི་མཐའ་འཁོར་དུ་དམག་སྦྱོང་བྱེད་ཀྱི་ཡོད་པ་དེ་བཙན་འཛུལ་བྱ་རྒྱུའི་སྟ་གོན་རེད། ཐེ་ཝན་ལ་བཙན་འཛུལ་བྱས་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་བཀྲལ།།
ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ན་ནིང་ཕྱི་ཟླ་༡༠་པའི་ནང་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་༡༥༣་གྱིས་མཚོ་གླིང་དེའི་ཉེ་འཁྲིས་སུ་ཆུ་ཚོད་༢༤་ལ་དམག་སྦྱོང་བྱས་པ་རེད། དེ་ནི་སྔོན་ཆད་ཉི་ཞག་གཅིག་གི་ནང་དུ་བྱུང་མྱོང་མེད་པའི་དམག་སྦྱོང་ཞིག་རེད་ཅེས་གསལ་བསྒྲགས་སྤེལ། ཨ་རིའི་ཞི་བདེ་རྒྱ་མཚོའི་ནང་གི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པས་རྒྱ་ནག་གི་དམག་སྦྱོང་མཐའ་དག་སྐམ་མཚོ་གནམ་གསུམ་དང་འཕུར་མདེལ་དཔུང་སྡེ་རྣམས་མཉམ་འབྲེལ་ཇི་ལྟར་བྱ་དགོས་མིན་གྱི་འཐབ་འཁྲུག་དངོས་ལ་ཞུགས་པའི་སྦྱོང་བརྡར་ཞིག་ཡིན་པ་དང་མི་དམངས་བཅིངས་འགྲོལ་དམག་གི་ཀུན་སློང་དེ་ཡག་པོ་མ་རེད། རྒྱ་ནག་གིས་ཕྱི་ལ་དམག་སྦྱོང་གི་རྣམ་པ་བསྟན་ནས་འཐབ་འཁྲུག་དངོས་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་ཉིན་རེའི་དམག་སྦྱོང་ལ་བལྟས་ན་ཤེས་ཀྱི་འདུག ར་ཤི་ཡས་ཀྱང་དམག་སྦྱོང་བྱེད་ཀྱི་ཡོད་ཅེས་ཡུཀ་རེན་གྱི་མཐའ་མཚམས་སུ་དམག་གྲ་བསྒྲིགས། མཐར་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་དངོས་སུ་བཙན་འཛུལ་བྱས་པ་རེད། ང་ཚོས་ཡར་ཐོན་གྱི་བཅོས་རིག་དང་འཕྲུལ་རིག་བཀོལ་ནས་དམག་སྦྱོང་དང་འཐབ་འཁྲུག་གི་གྲ་སྒྲིག་གཉིས་དབྱེ་བ་འབྱེད་དུ་འཇུག་དགོས་ཞེས་བསྟན།།
ཨ་རིའི་རྒས་ཡོལ་དུ་ཕེབས་པའི་དམག་སྤྱི་གཞོན་པ་སི་ཀོ་ཊི་བྷེ་རིར་
ཕྱི་ཟླ་༢་པའི་ཚེས་༡༤་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཝ་ཤིང་ཊོན་གྱི་ཞིབ་འཇུག་ཁང་ཞིག་གིས་ཨ་རིའི་གསང་བའི་ལས་ཁུངས་ཁག་ཡར་རྒྱས་བཏང་སྟེ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཡིན་པ་སྔོན་ནས་ཤེས་རྟོགས་ཐུབ་དགོས། མི་དམངས་བཅིངས་འགྲོལ་དམག་གི་དཔུང་འཇུག་སྔོན་ནས་འགོག་ཐབས་བྱ་དགོས་ཞེས་སྙན་ཐོ་བཏོན། ཨ་རིའི་རྒས་ཡོལ་དུ་ཕེབས་པའི་དམག་སྤྱི་གཞོན་པ་སི་ཀོ་ཊི་བྷེ་རིར་(Scott Berrier)་གྱིས་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་མཁའ་དབྱིངས་དང་དྲྭ་ལམ། སྐམ་མཚོ་གནམ་གསུམ་བཅས་ནས་མཉམ་འབྲེལ་གྱིས་གསང་བའི་གནས་ཚུལ་བསྡུ་རུབ་བྱས་ཏེ་སྐབས་ཐོག་དེ་ཉིད་ཀྱི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་དགོས། སུས་སྔོན་ལ་གནས་ཚུལ་ཤེས་རྟོགས་ཐུབ་ན་དེས་སྔོན་ལ་ཐག་གཅོད་བྱེད་ཐུབ། དེང་རབས་ཀྱི་དམག་འཁྲུག་ནང་དུ་མཉམ་རྒོལ་དང་མྱུར་ཚད་གཉིས་ཧ་ཅང་གི་གནད་འགག་ཆེན་པོ་རེད་ཅེས་དཔྱད་བརྗོད་ཀྱི་རྩོམ་ཡིག་བྲིས་པ་ཨེཊ་ལན་ཊིཀ་ཞིབ་འཇུག་ཁང་གི་དཔར་འགྲེམ་བྱས་འདུག
དཔྱད་རྩོམ་དེའི་ནང་དུ་ཨ་མི་རི་ཀར་ཁྲིམས་མགོ་རང་བཙན་ལྟ་བུའི་གསང་བའི་ལས་ཁུངས་༡༨་ཡོད་པ་དེ་དག་གི་གསང་བའི་གནས་ཚུལ་བསྡུ་རུབ་དང་ཞིབ་འཇུག ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཕན་ཚུན་གནས་ཚུལ་མཁོ་སྤྲོད་བྱེད་ཕྱོགས་རྣམས་ཡར་རྒྱས་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་འཐུས་ཤོར་མེད་པ་བྱ་དགོས། ཨ་རིའི་དམག་དོན་གསང་བའི་ལས་ཁུངས་དང་དབུས་གསང་བའི་ལས་ཁུངས། དབུས་ཞིབ་གཅོད་ལས་ཁུངས་དང་རྒྱལ་ཡོངས་བདེ་སྲུང་ཁང་། ཨ་རིའི་ནོར་སྲིད་དང་རང་བྱུང་ནུས་ཤུགས་ལྷན་ཁང་སོགས་ལ་གསང་བའི་ལས་ཁུངས་ཡོད་པ་རྣམས་ཀྱི་ནུས་པ་མཉམ་སྤུངས་བྱ་གལ་ཆེ། ང་ཚོས་ཡར་ཐོན་གྱི་འཕྲུལ་རིག་དང་བཅོས་རིག་བཀོལ་ནས་དུས་ཐོག་ཏུ་གནད་དོན་ཐག་གཅོད་ཡང་དག་པ་ཞིག་བྱ་དགོས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རྒྱུན་ལྡན་གྱི་དཔུང་སྟོབས་མིན་པར་ཐེ་ཝན་ལ་དྲྭ་ལམ་སོགས་ནས་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་ཀྱི་འདུག་ཅེས་འཁོད།།
ཨེཊ་ལན་ཊིཀ་ཞིབ་འཇུག་ཁང་གིས་འགྲེམ་སྤེལ་བྱས་པའི་སྙན་ཐོ་དེར་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ནོར་འཁྲུལ་ཅི་བྱུང་བ་དེར་རྒྱ་ནག་གིས་ཞིབ་འཇུག་གཟབ་ནན་བྱེད་ཀྱི་འདུག ཐེ་ཝན་ལ་བཙན་འཛུལ་བྱས་པའི་ཉིན་མོ་དེར་ར་ཤི་ཡར་བྱུང་བའི་ནོར་འཁྲུལ་རྣམས་རྒྱ་ནག་གིས་བསྐྱར་ཟློས་ནམ་ཡང་བྱ་རྒྱུ་མིན་པ་གསལ་པོ་རེད། རྒྱ་ནག་གིས་ཐེ་ཝན་ལ་དཔུང་འཇུག་བྱས་ན་རྒྱུན་ལྡན་གྱི་དཔུང་སྟོབས་མ་བཀོལ་བར་འཕྲུལ་རིག་དང་བཅོས་རིག དྲྭ་ལམ་ནས་རྒོལ་རྡུང་བྱེད་པའམ། ཡང་ན་ཐེ་ཝན་མཐའ་བསྐོར་ནས་སྐྱེལ་འདྲེན་བཀག་སྟེ་བྱ་ཐབས་ཟད་དུ་འཇུག་གི་རེད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་འགོག་དགོས་ན་ཨ་རིའི་དམག་གི་དཔུང་སྟོབས་ཁོ་ན་མིན་པར་གསང་བའི་ལས་ཁུངས་ཁག་གིས་མཉམ་འབྲེལ་བྱ་རྒྱུ་ཡག་ཏུ་བཏང་སྟེ་སྐབས་ཐོག་གི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་དགོས། ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་ཡིན་པ་སྔོན་ནས་ཤེས་རྟོགས་ཐུབ་ཡོད་པས་རྒྱབ་སྐྱོར་ནུས་པ་ཐོན་པ་ཞིག་བྱས་ཐུབ་ཡོད་པ་རེད་ཅེས་བསྟན།།
ཨ་རིའི་གསང་བའི་ལས་ཁུངས་ཡོངས་ཀྱི་སྤྱི་ཁྱབ་འགན་འཛིན་ཏུལ་སི་གྷེ་བྷར་ཊི་
ཨ་རིའི་གསང་བའི་ལས་ཁུངས་ཡོངས་ཀྱི་སྤྱི་ཁྱབ་འགན་འཛིན་ཏུལ་སི་གྷེ་བྷར་ཊི་(Tulsi Gabbard)་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་པའི་ཕྱི་ཉིན་དེར་དམག་སྤྱི་གཞོན་པ་ཟུར་པ་བྷེ་རིར་གྱི་དཔྱད་རྩོམ་དེ་བཀྲམ། སྙན་ཐོ་དེའི་ནང་དུ་ཡུཀ་རེན་ལ་བཙན་འཛུལ་མ་བྱུང་གོང་ནས་ཨ་མི་རི་ཀས་ཕུ་ཊིན་གྱི་ཀུན་སློང་ཅི་ཡིན་ཤེས་རྟོགས་ཐུབ་པ་རེད། ཡིན་ནའང་རྒྱ་ནག་དང་ཐེ་ཝན་གྱི་གནས་སྟངས་དེ་རྦད་དེ་ཐ་དད་ཡིན་ཞིང་། རྒྱ་ནག་གི་ཀུན་སློང་དང་ལྐོག་ཇུས་རྣམས་ཤེས་པར་ཨ་རིས་འབད་བརྩོན་ཆེན་པོ་བྱ་དགོས་ཀྱི་འདུག་ཅེས་བཀྲལ། སྲིད་འཛིན་ཊམ་གྱིས་ཏུལ་སི་གྷེ་བྷར་ཊི་གསང་བའི་ལས་ཁུངས་ཡོངས་ཀྱི་སྤྱི་ཁྱབ་འགན་འཛིན་ལ་མིང་འདོན་བྱས་པའི་རྗེས་སུ་གྲོས་ཚོགས་ཀྱི་ཉན་ཞིབ་ཚུགས། ཁོ་མོས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ་མགོ་རྙོག་ཆེན་པོ་རེད། རྒྱ་ནག་གིས་རང་ལ་ནུས་པ་ཡོད་ཚད་སྤྱད་ནས་ཐེ་ཝན་ལ་དྲྭ་ལམ་དང་བཅོས་རིག་སོགས་ཀྱིས་གླགས་འཚོལ་ཚབས་ཆེན་བྱེད་ཀྱི་འདུག་ཅེས་སྙན་སེང་ཞུས།།
ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ཐེ་ཝན་གྱི་དབུས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ལེ་ཆིང་ཏེས་(Lai Ching-te)་ཐེ་ཝན་གྱི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༣་དམག་དོན་ལ་འགྲོ་གྲོན་གཏང་ཐུབ་པ་བྱ་རྒྱུ་ཡིན། ཐེ་ཝན་གྱིས་ངེས་པར་དུ་རང་གི་བདག་དབང་སྲུང་སྐྱོབ་དང་རང་སྲུང་གི་ནུས་པ། རྒྱལ་སྲུང་གི་སྟོབས་ཤུགས་རྣམས་ཤུགས་ཆེ་རུ་གཏང་དགོས། ཐེ་ཝན་གཞུང་གིས་དམག་དོན་འགྲོ་གྲོན་མང་དུ་གཏང་རྒྱུའི་དམིགས་བསལ་སྔོན་རྩིས་ཤིག་འདོན་འཆར་ཡོད་ཅེས་གཟའ་པ་སངས་ཉིན་གསར་འགོད་ལྷན་ཚོགས་བསྐོངས། སྲིད་འཛིན་ལེ་ཆིང་ཏེས་འདས་པའི་ལོ་༨་ཀྱི་རིང་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༦༠་ལྷག་གི་མཚོན་ཆ་བཙོང་རྒྱུའི་ཐག་བཅད་ཡོད་པ་རེད། ཨ་སྒོར་དུང་ཕྱུར་༡༨༠་ལྷག་གི་མཚོན་ཆ་དེ་ཌོ་ནལ་ཊམ་གྱི་ལས་དུས་དང་པོའི་སྐབས་སུ་བཙོང་རྒྱུའི་ཐག་བཅད་བྱུང་འདུག སྲིད་འཛིན་ཚེ་དབྱིན་ཝེན་གྱིས་༢༠༡༦་ནས་༢༠༢༤་བར་དུ་སྲིད་དབང་བཟུང་བའི་རིང་དེར་ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་ཨ་སྒོར་དུང་ཕྱུར་༡༡༠་ལྷག་ལ་སྤར་བ་རེད་ཅེས་བསྒྲགས།།
ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེ་
སྲིད་འཛིན་ལེ་ཆིང་ཏེས་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏོང་ཐབས་བྱེད་བཞིན་པར་གྲོས་ཚོགས་ཀྱིས་ཆོག་མཆན་བཀོད་ཚེ། ཐེ་ཝན་གྱིས་ཨ་མི་རི་ཀ་ནས་མཚོན་ཆ་ཉོ་རྒྱུ་མང་དུ་གཏོང་ཐུབ། སྲིད་འཛིན་ཌོ་ནལ་ཊམ་ནས་ཐེ་ཝན་གྱིས་ཨ་རིའི་དངོས་ཟོག་ནང་འདྲེན་བྱེད་ཀྱི་མི་འདུག ཨ་མི་རི་ཀས་ཚོང་ལས་ཆ་མཉམ་མེད་པའི་རྒྱལ་ཁབ་ཁག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པར་མ་ཟད། ཨ་རི་དང་ཚོང་ལས་ཆ་མཉམ་མེད་པའི་རྒྱལ་ཁབ་༡༠་ཡོད་པ་དེ་དག་གི་གྲས་སུ་ཐེ་ཝན་ཚུད་ཡོད་ཅིང་། ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཐེ་ཝན་གྱི་དམག་དོན་འགྲོ་གྲོན་མང་དུ་གཏང་དགོས་པ་དང་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་སྲུང་སྐྱོབ་གླ་ཡོན་སྤྲོད་དགོས། ཐེ་ཝན་གྱིས་ཨ་མི་རི་ཀའི་ཕྱེད་ཁྲིད་དངོས་རྫས་(Chip)་ཀྱི་ཚོང་ལས་རྣམས་ཁྱེར་བ་རེད་ཅེས་སྐྱོན་བཙུགས། ༢༠༢༥་ལོའི་དངུལ་རྩིས་ཁོངས་སུ་ཐེ་ཝན་གཞུང་གིས་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་ཆ་བརྒྱ་༢.༤༥་དམག་དོན་ལ་འགྲོ་གྲོན་གཏོང་དགོས་ཞེས་བཀོད་དོ།།