ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་ཐད་ཁྲིམས་འཆར་གཅིག་རྗེས་གཉིས་མཐུད་དུ་བཏོན་པ།
གཟའ་པ་སངས། ༢༠༢༥/༠༤/༡༨

ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་ཐད་ཁྲིམས་འཆར་གཅིག་རྗེས་གཉིས་མཐུད་དུ་བཏོན་པ།


ཨ་རིའི་གྲོས་ཚོགས་ཐོག་ཁང་།
ཨ་རིའི་གྲོས་ཚོགས་ཐོག་ཁང་།

ཨ་རིའི་སྤྱི་མཐུན་ཚོགས་པའི་ཁོངས་མི་ཡིན་པའི་སྲིད་འཛིན་ཌོ་ནལ་ཊམ་གོ་གནས་སུ་འཁོད་པའི་རྗེས་སུ། སྐབས་གསར་པའི་གྲོས་ཚོགས་ཀྱི་ནང་དུ་ཐེ་ཝན་ལ་རྒྱབ་སྐྱོར་ཡུན་རིང་གནང་མཁན་གྱི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོས། བདུན་ཕྲག་འདིའི་ནང་གཅིག་རྗེས་གཉིས་མཐུད་དུ་གྲོས་ཚོགས་སྐབས་སྔོན་མའི་ནང་མཇུག་སྒྲིལ་མ་ཐུབ་པའི་ཐེ་ཝན་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁག་ཅིག་བསྐྱར་དུ་བཏོན་གནང་ཡོད་པ་རེད།

ཁྲིམས་འཆར་དེ་དག་ལས་ཨ་རིས་གཞུང་འབྲེལ་གྱི་ཐོག་ནས་ཐེ་ཝན་ལ་ངོས་འཛིན་བྱ་དགོས་པའི་མཉམ་འབྲེལ་གྲོས་ཆོད་དང་། ཐེ་ཝན་རྒྱལ་སྤྱིའི་དངུལ་ལོར་སྒྲིག་འཛུགས་སུ་འཛུལ་ཞུགས་བྱ་རྒྱུའི་ཁྲིམས་འཆར་སོགས་ཚུད་ཡོད་པ་དང་། དེས་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཡིན་པའི་གྲོས་ཚོགས་གསར་པའི་ནང་ཐེ་ཝན་ལ་རྒྱབ་སྐྱོར་མུ་མཐུད་ནས་ཤུགས་ཆེ་རུ་གཏང་རྒྱུའི་འདོད་པ་ཆེན་པོ་ཡོད་པ་མཚོན་གྱི་ཡོད་པ་རེད།

ཨ་རིའི་མངའ་སྡེ་ཝི་སི་ཁང་སིན་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ཊོམ་ཊི་ཧྥ་ནཱི་Tom Tiffany ལགས་དང་ཕེན་སིལ་ཝེ་ནི་ཡ་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་Scott Perry ལགས་གཉིས་ཀྱིས་སྤྱི་ཟླ་༢ པའི་ཚེས་༦ རེས་གཟའ་ཕུར་བུའི་ཉིན་ལ། ཨ་རིའི་གྲོས་ཚོགས་ཀྱི་བསམ་ཚུལ་མཚོན་པའི་མཉམ་འབྲེལ་གྲོས་ཆོད་ཅིག་བཏོན་གནང་ཡོད་པ་རེད།

གྲོས་ཚོགས་ཀྱིས་ཨ་རིས་དུས་ཚོད་ཡོལ་ཟིན་པའི་རྒྱ་ནག་གཅིག་གི་སྲིད་ཇུས་ཞེས་པ་དེ་མེད་པར་བཟོ་དགོས་པ་དང་། ཐེ་ཝན་དང་མཉམ་དུ་རྒྱུན་ལྡན་གྱི་གཞུང་འབྲེལ་འབྲེལ་ལམ་བསྐྱར་གསོ་བྱས་ཏེ། ཕན་ཚུན་དབར་རང་དབང་གི་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་ལ་གྲོས་མོལ་བྱེད་དགོས་པར་མ་ཟད། ཐེ་ཝན་དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་ཁོངས་མི་ཆགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པར་འདོད་ཀྱི་ཡོད་པ་རེད།

གྲོས་ཚོགས་འཐུས་མི་ཊོམ་ཊི་ཧྥ་ནཱི་Tom Tiffany ལགས་དང་སི་ཀོ་ཊི་ཕེ་རི་Scott Perry ལགས་རྣམ་གཉིས་ཀྱིས་ན་ནིང་ལོའི་ཟླ་བ་དང་པོའི་ནང་གྲོས་ཚོགས་སྐབས་སྔོན་མའི་ནང་བཏོན་མྱོང་བའི་ནང་དོན་གཅིག་པའི་གྲོས་ཆོད་ཅིག་མཉམ་དུ་བཏོན་ཡོད་པར། སྐབས་དེ་དུས་གྲོས་ཚོགས་གོང་མའི་འཐུས་མི་༢༠ ལྷག་ཙམ་གྱིས་མཉམ་དུ་མཚན་རྟགས་བསྐྱོན་ཡོད་པ་དང་། ད་ལན་བསྐྱར་དུ་གྲོས་འཆར་དེ་འདོན་སྐབས་སྤྱི་མཐུན་ཚོགས་པའི་འཐུས་མི་༢༢ གིས་རྒྱབ་སྐྱོར་གནང་ཡོད་པ་རེད།

དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་མཆོག་གིས་གྷུ་ཊི་མ་ལའི་སྲིད་འཛིན་བྷར་ནར་ཌོ་ཨ་རེ་ཝ་ལོ་དང་མཇལ་འཕྲད་གནང་སྐབས། ཨ་རིས་གྷུ་ཊི་མ་ལ་དང་ཐེ་ཝན་དབར་གྱི་ཕྱི་འབྲེལ་གྱི་འབྲེལ་ལམ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཨ་རིས་གྷུ་ཊི་མ་ལ་ལ་འབྲེལ་བ་འདི་རྒྱ་བསྐྱེད་གཏོང་རྒྱུར་རོགས་རམ་གང་ཐུབ་བྱེད་རྒྱུ་དང་ཐེ་ཝན་གྱིས་གྷུ་ཊི་མ་ལ་ལ་མ་རྩ་མང་ཙམ་བཏང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་ལ་ཕན་ཐོགས་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG