ཨ་རིས་རྒྱ་ནག་སོགས་ཀྱི་བཟོ་ཚོང་ལས་ཁང་ཁག་ལ་ཉེས་ཆད་བཅད། 

༄༅།། རྒྱ་ནག་དང་ཨུ་རུ་སུ་སོགས་ཀྱི་བཟོ་ཚོང་ལས་ཁང་༢༨་ལ་ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། ཕྱི་ཟླ་༩་པའི་ཚེས་༢༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིས་ཉེས་ཆད་གཅོད་ཡུལ་བཟོ་ཚོང་ལས་ཁུངས་དེ་དག་གི་གྲས་སུ་ཧོང་ཀོང་གི་བཟོ་ཚོང་ལས་ཁུངས་གསུམ་ཚུད་ཡོད་ཅིང་། རྒྱ་ནག་དང་ཧོང་ཀོང་གི་བཟོ་ཚོང་ལས་ཁང་དེ་ཚོས་ཁ་ལོ་བ་མེད་པའི་འཕུར་གྲུའི་ལྷུ་ལག་རྣམས་ཨུ་རུ་སུར་བཙོངས་ཏེ་ཡུཀ་རེན་ལ་གཏོར་རྒོལ་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན། ན་ནིང་ཕྱི་ཟླ་༨་པ་ནས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཨི་རན་ནས་ཤཱ་ཧི་དཱ་-༡༣༦་རྟགས་ཅན་གྱི་འཕུར་གྲུ་ནང་འདྲེན་བྱས་ནས་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུ་འགོ་ཚུགས། ད་ལོ་ཨུ་རུ་སུས་རང་གི་བཟོ་གྲྭ་ཁག་ཏུ་ཨི་རན་གྱི་ཤཱ་ཧི་དཱ་-༡༣༦་རྟགས་ཅན་གྱི་འཕུར་གྲུ་༦༠༠༠་བཟོ་རྒྱུའི་འཆར་གཞི་བཀོད། ཨུ་རུ་སུས་རྒྱ་ནག་ནས་འཕུར་གྲུའི་ལྷུ་ལག་དང་ཨི་རན་ནས་འཕུར་གྲུ། བྱང་ཀོ་རི་ཡ་ནས་སྒྱོགས་མདེལ་སོགས་ནང་འདྲེན་མ་བྱས་པར་ཡུཀ་རེན་གྱི་དམག་འཁྲུག་ལ་མཁོ་བའི་མཚོན་ཆ འདང་ངེས་མེད་པའི་གནས་ཚུལ་ཐོན་འདུག

ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གིས་ལོ་གཅིག་ལ་ཞིབ་འཇུག་བྱས་ནས་ཧོང་ཀོང་གི་བཟོ་ཚོང་ལས་ཁང་གསུམ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་བཅུ་གཅིག ཨུ་རུ་སུའི་བཟོ་ཚོང་ལས་ཁང་ལྔ། པ་ཀི་སི་ཐན་གྱི་བཟོ་ཚོང་ལས་ཁང་ལྔ་དང་ཧྥི་ལིན་ཌི། ཨོ་མེན་དང་འཇར་མན་ཎི། ཨ་རབ་ཚོ་ཤོག་མཉམ་འབྲེལ་རྒྱལ་ཁབ་བཅས་སུ་ཡོད་པའི་བཟོ་ཚོང་ལས་ཁང་དྲུག་ལ་ཉེས་ཆད་གཅོད་རྒྱུའི་ཐག་བཅད། ཧོང་ཀོང་དུ་ཡོད་པའི་བཟོ་ཚོང་ལས་ཁང་བཞིས་ཨ་མི་རི་ཀའི་འཕྲུལ་ཆས་རྣམས་ཨུ་རུ་སུ་དང་ཨི་རན། པ་ཀི་སི་ཐན་གྱི་རྡུལ་ཕྲན་ལས་ཁུངས་ལ་བཙོངས། ནན་ཅིང་གཟའ་སྐར་དཔྱད་ཞིབ་དང་འཕྲུལ་རིག་ཉམས་ཞིབ་ཁང་གིས་ཨ་མི་རི་ཀའི་ཐོན་སྐྱེད་ནང་འདྲེན་བྱས་ནས་རྒྱ་ནག་གི་དམག་དོན་ཞིབ་འཇུག་ཁང་གི་དགོས་མཁོ་བསྒྲུབས། བཟོ་ཚོང་ལས་ཁང་ལྔས་ཨ་མི་རི་ཀའི་འཕྲུལ་ཆས་རྣམས་ཉོས་ནས་ཨི་རན་ལ་བཙོངས་ཏེ་ཁ་ལོ་བ་མེད་པའི་འཕུར་གྲུ་བཟོས། ཨ་རིའི་ཚོང་དོན་ལྷན་ཁང་ནས་ཧྥིན་ལན་ཌི་དང་འཇར་མན་ཎི། ཨུ་རུ་སུ་གསུམ་གྱི་ནང་དུ་ཡོད་པའི་བཟོ་ཚོང་ལས་ཁང་བརྒྱད་ཀྱིས་ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་གསང་ཉུལ་གྱི་འཕུར་གྲུའི་ལྷུ་ལག་མཁོ་སྒྲུབ་བྱས་ཡོད་པ་རྩད་གཅོད་བྱུང་བའི་གནས་ཚུལ་ཐོན་འདུག

ཧོང་ཀོང་གི་ཤཱིང་ཧིང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཚོང་ལས་ཁང་ནི་༢༠༡༤་ལོའི་ཕྱི་ཟླ་༡༢་པའི་ནང་དུ་ལོ་ན་༤༡་ལ་སོན་པའི་ཨུ་རུ་སུའི་སྤྱི་དམངས་ཨན་ཊོན་སར་གྷེ་ཡེ་ཝི་ཆི་ཞེས་པ་ཞིག་གིས་བཙུགས། ཁོ་པའི་ཚོང་ཤག་ཨུ་རུ་སུའི་དམག་དང་གསང་བའི་ལས་ཁུངས་སོགས་ཡིན་པ་དང་བརྡ་འཕྲིན་འཕྲུལ་ཆས་སྣ་ཚོགས་ཤིག་ཉོ་སྒྲུབ་བྱས་ནས་ཨུ་རུ་སུར་བཙོངས། ད་ལོའི་ཕྱི་ཟླ་༥་པའི་ནང་ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཀྱང་ཨུ་རུ་སུའི་ཚོང་པ་དེར་ཉེས་ཆད་བཅད། ཁོ་པར་ཧོང་ཀོང་དང་ཁེ་ན་ཌ། ཨུ་རུ་སུ་སོགས་སུ་ཁང་པ་ཡོད་པའི་ཕྱུག་པོ་ཞིག་ཡིན་ཞིང་།

ཨ་རིའི་ཚོང་དོན་ལྷན་ཁང་གི་བཟོ་ལས་དང་བདེ་འཇགས་ཚན་པའི་དྲུང་ཆེ་འོག་མ་ཨ་ལན་ཨེ་སི་ཊེ་ཝེ་ཛིས་

ཨ་རིའི་ཚོང་དོན་ལྷན་ཁང་གི་བཟོ་ལས་དང་བདེ་འཇགས་ཚན་པའི་དྲུང་ཆེ་འོག་མ་ཨ་ལན་ཨེ་སི་ཊེ་ཝེ་ཛིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ཁྲིམས་འགལ་གྱི་བཙན་འཛུལ་དམག་འཁྲུག་བསླངས། དམག་འཁྲུག་དེར་རྒྱབ་སྐྱོར་བྱེད་མཁན་སྤྱི་སྒེར་དང་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀས་ཉེས་ཆད་གཅོད་རྒྱུར་འཛེམ་ཟོན་མེད། ཨ་མི་རི་ཀའི་བདེ་འཇགས་ཀྱི་ཁྲིམས་ལ་འགལ་འཛོལ་བྱས་ནས་འཕྲུལ་ཆས་ཕྱིར་ཚོང་བྱས་ན་མཇུག་འབྲས་ངན་པ་ཞིག་མྱོང་དགོས་པའི་གོ་བརྡ་གསལ་པོ་ཞིག་སྤྲོད་ཀྱི་ཡོད་ཅེས་བསྒྲགས།།

ཕྱི་ཟླ་༩་པའི་ཚེས་༢༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གསར་འགྱུར་ལས་ཁུངས་ཤིག་དང་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་གཞུང་མཉམ་འབྲེལ་སྲི་ཞུ་ཁང་གསུམ་མཉམ་འབྲེལ་ཐོག་ཏུ་ཞིབ་འཇུག་བྱས་ནས་འཕུར་གྲུའི་ལྷུ་ལག་དང་འཕྲུལ་ཆས་རྣམས་རྒྱ་ནག་དང་ཧོང་ཀོང་། ཡུ་རོབ་ཀྱི་བཟོ་ཚོང་ལས་ཁུངས་ནས་ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་དམིགས་བསལ་འཕྲུལ་རིག་ཞིབ་འཇུག་ཁང་དུ་འཁྱེར་གྱི་ཡོད་པ་རྩད་གཅོད་ཐུབ། ཧོང་ཀོང་གི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཚོང་ལས་ཁང་ནི་ཨུ་རུ་སུའི་ཁ་ལོ་བ་མེད་པའི་འཕུར་གྲུའི་ལྷུ་ལག་མཁོ་སྒྲུབ་བྱེད་མཁན་གཙོ་བོ་དེ་རེད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དྲུག་ཨི་རན་གྱི་གནམ་གྲུ་བཟོ་ཚོང་ཁང་ལ་འཕྲུལ་ཆས་དང་ལྷུ་ལག་མཁོ་སྒྲུབ་བྱེད་པའི་ལས་སུ་ཞུགས། ཨི་རན་གྱི་གནམ་གྲུ་བཟོ་ཚོང་ཁང་གིས་ཁ་ལོ་བ་མེད་པའི་འཕུར་གྲུ་བཟོས་ནས་དཀྱིལ་ཤར་ས་ཁུལ་གྱི་མཚོ་ཐོག་ཏུ་རྡོ་སྣུམ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་གྲུ་ཆེན་ཁག་དང་ཨུ་རུ་སུའི་དམག་ལ་སྤྲད་ནས་ཡུཀ་རེན་ལ་གཏོར་རྒོལ་བྱེད་དུ་འཇུག་གི་འདུག་ཅེས་གནས་ཚུལ་སྤེལ།།

སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་དམིགས་བསལ་འཕྲུལ་རིག་ཞིབ་འཇུག་ཁང་གིས་ཨུ་རུ་སུའི་གཞུང་ལ་གསང་ཉུལ་གྱི་འཕུར་གྲུ་དང་ཨུ་རུ་སུའི་དམག་ལ་འཐབ་འཛིང་འཕུར་གྲུ་བཟོ་བཟོས། ༢༠༡༦་ལོར་དམིགས་བསལ་འཕྲུལ་རིག་ཞིབ་ཁང་དེས་ཨུ་རུ་སུའི་དམག་ལ་མཉམ་འབྲེལ་བྱས་ནས་ཨ་རིའི་སྲིད་འཛིན་འོས་བསྡུར་ཐེ་ཇུས་བྱས་པས་སྲིད་འཛིན་ཨོ་བྷ་མའི་དུས་ནས་འཕྲུལ་རིག་ཞིབ་འཇུག་ཁང་དེར་ཉེས་ཆད་གཅོད་རྒྱུ་མགོ་བརྩམས། ཨ་མི་རི་ཀས་ཚོང་ལས་ཀྱི་ཐོ་གཞུང་ནག་པོ་ཞིག་བསྒྲིགས་ནས་ཨུ་རུ་སུར་རྒྱབ་སྐྱོར་དང་ཡུཀ་རེན་གྱི་དམག་འཁྲུག་ཚབས་ཆེ་རུ་གཏོང་བའི་རྒྱ་ནག་དང་ཧོང་ཀོང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཤུགས་ཆེ་རུ་བཏང་སྟེ་བཟོ་ཚོང་ལས་ཁང་དེ་ཚོར་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་དང་འཕྲུལ་ཆས། འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་འཚོང་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ལ་སྐྲག་ནས་རྒྱ་ནག་གཞུང་གིས་མངོན་སུམ་འཛེམ་མེད་ཐོག་ཏུ་ཨུ་རུ་སུར་མཚོན་ཆ་རོགས་རམ་སྤྲོད་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཉེས་ཆད་དེ་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཨ་རིའི་གཞུང་གིས་ཐག་གཅོད་དེར་རྒྱ་ནག་གིས་ཀྱང་དགྲ་ལན་ཚུལ་བཞིན་སློག་རྒྱུ་ཡིན། རྒྱ་ནག་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀས་རང་སྣང་གང་དྲན་དང་ཨ་རིའི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་བརྒལ་ནས་ཉེས་ཆད་གཅོད་ཀྱི་ཡོད་པ་དེ་རྒྱལ་སྤྱིའི་ཚོང་ལས་ཀྱི་ཁྲིམས་ལ་རྒྱབ་འགལ་རེད། རྒྱ་ནག་གི་ཁྲིམས་མཐུན་གྱི་བཟོ་ཚོང་ལས་ཁང་ཁག་གི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་འདུག ཨ་མི་རི་ཀས་རྒྱ་ནག་གི་གང་ཟག་སྒེར་པ་དང་བཟོ་ཚོང་ལས་ཁང་ཁག་ལ་གནས་ལུགས་དང་མི་མཐུན་པའི་ཉེས་ཆད་གཅོད་ཀྱི་ཡོད་པ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་དགག་པ་བརྒྱབ། ཧོང་ཀོང་གི་ས་ཐོག་ཏུ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་གིས་ཐབས་ལམ་འདྲ་མིན་ཞིག་བརྒྱུད་ནས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་དང་འཕྲུལ་ཆས། འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་ཨི་རན་དང་ཨུ་རུ་སུ་སོགས་ལ་བཙོང་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མེ་ཁལ་མེཀ་ཀོལ་

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མེ་ཁལ་མེཀ་ཀོལ་གྱི་འགོ་ཁྲིད་འོག་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་བཅུས་རྒྱ་ནག་གི་ཧྭ་ཝེ་དང་སི་མིཀ ཧོ་ནོར་སོགས་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀའི་འཕྲུལ་ཆས་བཙོང་རྒྱུ་འགོག་དགོས་ཞེས་ཚོང་དོན་ལྷན་ཁང་ལ་ནན་གྱིས་བསྐུལ། གྲོས་ཚོགས་འཐུས་མི་དེ་དག་གིས་ཨ་རིའི་ཚོང་དོན་ལྷན་ཁང་གི་བཟོ་ལས་དང་བདེ་འཇགས་ཚན་པས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་བྱེད་ཀྱི་མེད་པར་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་ཨ་རིའི་འཕྲུལ་ཆས་ཕྱིར་ཚོང་བྱེད་མི་ཆོག་པའི་ཁྲིམས་ལ་བརྩི་མེད་གཏོང་གི་འདུག་ཅེས་དྲུང་ཆེ་འོག་མ་ཨ་ལན་ཨེ་སི་ཊེ་ཝེ་ཛི་ནན་སྐུལ་བྱས་འདུག རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་དུ་གནས་འཁོད་འཕྲུལ་རིག་ཉམས་ཞིབ་པ་ཞིག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་བཤད་ཚད་ཐམས་ཅད་ལག་ལེན་བསྟར་དཀའ། ང་ཚོས་ཨ་རིའི་གྲོས་ཚོགས་ཀྱི་ཉེན་བརྡ་དེར་སྣང་འཇོག་དེ་ཙམ་བྱེད་དགོས་ཀྱི་མ་རེད་ཅེས་རྩོམ་ཡིག་བྲིས་ནས་གཟའ་ཉི་མའི་ཉིན་སྤེལ།།

ཕྱི་ཟླ་༩་པའི་ཚེས་༢༦་ཉིན་ཨི་རན་གྱི་ཐེ་རན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཉེས་ཆད་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལུགས་དང་ཟླ་བ་འདིའི་མགོ་སྟོད་དུ་ཨ་མི་རི་ཀས་རྒྱ་ནག་དང་ཨུ་རུ་སུ། ཏུར་ཀིའི་གང་ཟག་སྒེར་པ་བདུན་དང་བཟོ་ཚོང་ལས་ཁང་བཞི་ལ་ཉེས་ཆད་བཅད་པ་རེད། སྐྱེ་བོ་སྒེར་པ་དང་བཟོ་ཚོང་ལས་ཁང་དེ་ཚོས་ཨི་རན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུའི་ལས་གཞི་ལ་རྒྱབ་སྐྱོར་བྱས་པའི་ནག་ཉེས་ཕོག་འདུག ད་ཐེངས་ཀྱི་ཉེས་ཆད་གསར་པ་འདི་ཨི་རན་གྱིས་ཨུ་རུ་སུར་ཁ་ལོ་བ་མེད་པའི་འཕུར་གྲུ་བཙོངས་ཏེ་ཡུཀ་རེན་གྱི་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་པ་རེད་ཅེས་ཟེར་མོད། འོན་ཀྱང་ཨ་མི་རི་ཀའི་ཉེས་འཛུགས་དེར་ཁུངས་ལུང་མི་འདུག ཨི་རན་གྱིས་ཨུ་རུ་སུ་དང་རྒྱ་ནག་སོགས་ལ་ཚོང་འབྲེལ་བཙུགས་ཏེ་རྒྱ་ནག་གིས་ཨི་རན་ལ་མ་རྩ་བཙུགས་ནས་ཚོང་ལས་རྒྱ་ཆེན་པོ་ཞིག་གཉེར་ཤས་ཆེ། ཨི་རན་དང་རྒྱ་ནག་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་བསྟི་གནས་ཤིག་འཛུགས་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག