ཨ་རིས་ཐེ་ཝན་ལ་སྲུང་སྐྱོབ་དང་རྒྱ་ནག་ལ་ཉེས་ཆད་འགེལ་རྒྱུའི་བསམ་ཞིབ།

In this photo released by the Taiwan Ministry of Foreign Affairs, Taiwan Deputy Minister of Foreign Affairs Tien Chung-kwang, right, bumps elbow with US Rep. Stephanie Murphy at Taoyuan airport near Taipei, Sep. 7, 2022.

༄༅།། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པ་འགོག་ཐབས་སུ་ཨ་མི་རི་ཀས་ཡུ་རོབ་མཉམ་འབྲེལ་ལ་ཟུང་འབྲེལ་གྱིས་རྒྱ་ནག་ལ་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་ཞིག་འགེལ་རྒྱུའི་བསམ་ཞིབ་དང་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

༄༅།། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པ་འགོག་ཐབས་སུ་ཨ་མི་རི་ཀས་ཡུ་རོབ་མཉམ་འབྲེལ་ལ་ཟུང་འབྲེལ་གྱིས་རྒྱ་ནག་ལ་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་ཞིག་འགེལ་རྒྱུའི་བསམ་ཞིབ་དང་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༡༤་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་རྒྱ་ནག་ལ་ཉེས་ཆད་ཤུགས་ཆེན་པོ་གཅོད་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་ཅིང་། ཨ་རིའི་གཞུང་གིས་རྒྱ་ནག་ལ་ཉེས་ཆད་གང་འདྲ་ཞིག་གཅོད་རྒྱུ་ཡིན་མིན་གྱི་གྲོས་སྡུར་དེའི་གནས་ཚུལ་ཞིབ་ཕྲ་ཁག་ཕྱིར་བསྒྲགས་བྱས་མེད་པ་ལྟར་ཐེ་ཝན་གཞུང་གིས་ཀྱང་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་པ་དེའི་ནང་དོན་ཞིབ་ཕྲ་རྣམས་གསང་བ་ཡིན་ཞིང་། ད་ལོ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཆེ་རུ་ཕྱིན་ཏེ་མཚོ་འགག་ཕྱོགས་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པའི་ཛ་དྲག་ཇེ་ཆེར་སོང་། ཨ་རིའི་ཚོང་དོན་ལྟན་ཁང་གི་མཐོ་རིམ་ལས་སྣེ་ཟུར་པ་ན་ཛཀ་ཎིཀ་ཏར་གྱིས་བཤད་པ་ལྟར་ན། ཨ་མི་རི་ཀ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་རྒྱ་ནག་ལ་ཚོང་འབྲེལ་ཤུགས་ཆེན་པོ་ཡོད་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་པ་ལྟར་མ་རེད། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱེད་ན་ཉེས་ཆད་ཧ་ཅང་གི་ནན་པོ་དང་སྣ་མང་ཞིག་གཅོད་ངེས་རེད་ཅེས་བསྟན། ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་དམག་གྲུ་བཏང་སྟེ་གནམ་མཚོ་གཉིས་ནས་འཐབ་འཁྲུག་གི་གྲབས་བཤམས།།

ཞིས་ཅིན་ཕིང་གིས་དམངས་གཙོའི་ལམ་ལུགས་དར་ཡོད་པའི་ཐེ་ཝན་མཚོ་གླིང་རྒྱ་ནག་གི་མངའ་འོག་ཏུ་བསྡུ་རྒྱུ་ཡིན། ཐེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཞིང་ཆེན་ཞིག་ཡིན་པ་དང་རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་བྱུང་ཡང་ཁྱད་པར་མེད་ཅེས་སྡིགས་ར་བསྐུལ། རྒྱ་ནག་ལ་ཐེ་ཝན་གྱི་བདག་དབང་ཡོད་ཟེར་གྱི་ཡོད་པ་དེར་ཐེ་ཝན་གཞུང་གིས་དགག་པ་བརྒྱབ། ལོ་འདིའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ་ཆེ་རུ་ཕྱིན་པར་ཨ་མི་རི་ཀ་བློ་འཚབ་བྱུང་། ཨ་མི་རི་ཀས་ཕྱི་ཟླ་༢་པ་ནས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་བསམ་ཞིབ་བྱ་རྒྱུ་འགོ་ཚུགས། ཡིན་ནའང་ཕྱི་ཟླ་༨་པའི་མགོ་སྟོད་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ལ་འཚམས་འདྲིར་ཕེབས། རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་དམག་སྦྱོང་མ་བྱས་བར་དུ་ཨ་མི་རི་ཀས་རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུའི་གྲོས་སྡུར་དེ་གཟབ་ནན་དང་ཞིབ་ཚགས་ཤིག་ཏུ་མ་གྱུར། ༢༠༢༢་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཨ་མི་རི་ཀ་དང་ནུབ་ཆིངས་སྒྲིག་འཛུགས་ཀྱིས་ཕུ་ཊིན་ལ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཚེ། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ངེས་བཟུང་མེད་པའི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཞིང་། ད་ལྟ་ཕོ་བྲང་དཀར་པོས་ཡུ་རོབ་མཉམ་འབྲེལ་དང་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཨ་མི་རི་ཀའི་ཕྱོགས་སུ་ལངས་ནས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཕྱོགས་ལ་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དམངས་གཙོའི་རྒྱལ་སྲུང་ཐེབས་རྩ་ཁང་གི་ཉམས་ཞིབ་པ་སིང་གྷལ་ཊོན་གྱིས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གི་དམག་དོན་ལ་མཁོ་པའི་འཕྲུལ་རིག་ལག་རྩལ་རྣམས་འགོག་སྲིད་པའི་རྣམ་པ་འདུག་ཅེས་བཀྲལ།།

ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་རྒྱ་ནག་གིས་དམག་སྦྱོང་བྱས་ནས་ཉེན་ཁ་ཚབས་ཆེན་ཞིག་ཕྲད་བྱུང་། རྒྱ་ནག་ནི་ཐེ་ཝན་དང་མངའ་ཁུལ་དེའི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡིན་པ་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། དེ་བཞིན་རང་དབང་དང་དམངས་གཙོའི་ལམ་ལུགས་གཅིག་མཐུན་ཡིན་པའི་རྒྱལ་ཁབ་ཁག་ལ་ནང་མོལ་ཞིབ་ཕྲ་བྱས་པ་ཡིན་ཞེས་བསྒྲགས། ཐེ་ཝན་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་གྲོས་མོལ་ལ་འབྲེལ་བ་ཡོད་པའི་མི་༦་གིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཐེ་ཝན་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་གྲ་སྒྲིག་བྱ་དགོས་ཞེས་ནང་མོལ་མགོ་བརྩམས་པ་རེད། རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱས་ནས་བཟུང་སྟེ་ཐེ་ཝན་གྱི་ལངས་ཕྱོགས་ཇེ་མཁྲེགས་སུ་ཕྱིན་འདུག་ཅེས་བཤད། ཉེ་ཆར་རྒྱ་ནག་གཞུང་གིས་འགྲེམ་སྤེལ་བྱས་པའི་ཡིག་ཆ་རྒྱབ་ཤ་དཀར་པོ་ཞེས་པའི་དེའི་ནང་དུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱུང་ན་སྐམ་ས་ཆེན་མོ་ནས་འཛིན་སྐྱོང་དབང་འཛིན་པའམ། རྒྱ་ནག་གི་དམག་དཔུང་ཐེ་ཝན་ལ་གཏོང་རྒྱུ་མིན་ཞེས་སྔོན་ཆད་ཁས་ལེན་བྱས་པའི་དོན་ཚན་དེ་ཕྱིར་བསྡུ་བྱས་འདུག དེ་ནས་ཐེ་ཝན་གཞུང་གིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུའི་གྲ་སྒྲིག་བྱ་དགོས་ཞེས་སྐུལ་ལྕག་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ད་སྔ་ཐེ་ཝན་གཞུང་གིས་ཡུ་རོབ་མཉམ་འབྲེལ་ལ་རྒྱ་ནག་གི་བཙན་འཛུལ་བྱུང་ན་ཉེས་ཆད་འདི་འདྲ་ཞིག་གཅོད་དགོས་ཞེས་གསལ་པོར་བཤད་མེད་པ་དང་ཐེ་ཝན་ལ་བཙན་འཛུལ་བྱས་ན་མཇུག་འབྲས་ཡག་པོ་ཞིག་འབྱུང་མི་སྲིད་ཅེས་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཁ་ཏ་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཡུ་རོབ་དང་ཐེ་ཝན་གྱི་གྲོས་མོལ་ལ་འབྲེལ་བ་ཡོད་པའི་མི་སྣ་གཞན་ཞིག་གིས་ཨུ་རུ་སུ་དང་མ་འདྲ་བར་རྒྱ་ནག་གིས་ཡུ་རོབ་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པར་མ་ཟད། ཡུ་རོབ་ཀྱི་ཚོང་ལས་མང་དག་ཅིག་རྒྱ་ནག་ལ་བརྟེན་ཡོད་པས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཐོག་ཏུ་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་རྒྱུ་དེར་འཛེམ་ཟོན་བྱེད་ཀྱི་འདུག རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་དགོས་ན་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་༢༧་སྤྱི་མོས་འབྱུང་དགོས། འཇར་མན་ཎིའི་སོལ་རླངས་ཕལ་ཆེ་བ་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་པས་ཡུཀ་རེན་གྱི་དོན་དུ་ཨུ་རུ་སུར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ནན་པོ་ཞིག་གཅོད་རྒྱུར་བློ་ཁ་གཅིག་མཐུན་ཡོང་གི་མེད་པ་རེད། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་གཅིག་པུ་མ་གཏོགས་ཡུ་རོབ་རྒྱལ་ཁབ་ཁག་གིས་པེ་ཅིང་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་གཞུང་འབྲེལ་གྱི་འབྲེལ་བ་བཅད་ཡོད་པ་རེད། རྒྱ་ནག་གི་དམག་སྦྱོང་རྗེས་སུ་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཁག་དང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་ནང་མོལ་གྱི་འབྲེལ་བ་ཤུགས་ཆེ་རུ་ཕྱིན་སོང་ཞེས་བཤད། གྲོས་མོལ་དེར་འབྲེལ་བ་ཡོད་པའི་མི་སྣ་གཞན་ཞིག་གིས་ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དང་ཚོང་ལས་ཀྱི་ཨ་མ་ལྟ་བུ་ནི་འཇར་མན་ཎི་རེད། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ཀྱང་འཇར་མན་ཎིས་རྒྱ་ནག་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་ཐེབས་མི་འདུག ཡིན་ནའང་འཇར་མན་གཞུང་གི་འགོ་ཁྲིད་ཚོའི་གྲས་སུ་རང་གི་དཔལ་འབྱོར་དང་ཚོང་ལས་རྣམས་མཐའ་གཅིག་ཏུ་རྒྱ་ནག་ལ་བརྟེན་ཡོད་པ་ནི་ཐབས་མཁས་ཤིག་མིན་པ་ངོས་ཟིན་ནས་བློ་འཚབ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཤད།།

ཕྱི་ཟླ་༩་པའི་ཚེས་༡༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་དོན་གཅོད་ཁང་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་༦༠་ཐམ་པ་འདུས་ནས་རྒྱ་ནག་གི་བཙན་འཛུལ་འབྱུང་སྲིད་པར་ངོ་རྒོལ། ཐེ་ཝན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་པ་དང་སྔོན་ནས་ཕྱིར་བསྒྲགས་མ་བྱས་པའི་ཚོགས་འདུ་དེར་ཡུ་རོབ་དང་ཨེ་ཤི་ཡ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་མཉམ་ཞུགས་བྱས་ནས་རྒྱ་ནག་གི་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཡོད་པའི་སྐབས་འདིར་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རྣམ་པ་ཐོན། ཨུ་ཐེ་ཝན་གཞུང་གིས་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ལྟར་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་བསྒྲགས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་དེར་ང་ཚོས་རང་གི་སྲིད་གཞུང་ཁག་ལ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་གྱི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་དགོས། རྒྱ་ནག་ལ་དོན་དམ་གྱི་ནུས་ཤུགས་ཐོན་པའི་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ། ང་ཚོའི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་འཛིན་རྒྱུ་ཤུགས་ཆེ་རུ་གཏོང་དགོས། ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོ་རྒྱལ་ཁབ་གང་ལ་ཕེབས་ཆོག་མིན་དང་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་རྣམས་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཆོག་མིན་རྣམས་རྒྱ་ནག་གིས་ཐག་གཅོད་བྱེད་ཆོག་པ་ཞིག་མིན། འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་ཚོ་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་བཀོད། ཐེ་ཝན་གྱི་གཞུང་ཚབ་པ་ཤའོ་མེ་ཆིན་གྱིས་དབྱིན་ཡུལ་དང་ཨོ་གླིང་། ཁེ་ན་ཌ་དང་རྒྱ་གར། ཉི་ཧོང་དང་ལུ་ཐུ་ཝེ་ཎི་ཡ། ཡུཀ་རེན་དང་ནེའུ་ཛི་ལན་ཌི། ནེ་དྷར་ལན་ཌི་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་འདུས་པའི་ཚོགས་འདུ་དེར་གཏམ་བཤད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག