ཨ་རིས་གསང་ཉུལ་བརྒྱུད་ནས་ཕུ་ཊིན་གྱི་དབང་ཐང་གཅོག་ཐབས། 

༄༅།། ཨ་རི་དང་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་མཐོ་རིམ་ཞི་དྲག་གི་འགོ་ཁྲིད་ཚོའི་བར་དུ་འགལ་ཟླ་འབྱུང་བཞིན་པའི་གོ་སྐབས་དམ་འཛིན་བྱ་དགོས། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཁག་ཅིག་གསང་ཉུལ་ལ་བསྒྱུར་ནས་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་སློག་རྒྱུའི་ཐབས་ལམ་ཞིག་འཚོལ་དགོས་ཞེས་གླེང་སློང་བྱུང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༣་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་སྔོན་མར་ཝ་གྷ་ན་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་ཕུ་ཊིན་ལ་གྱེན་ལོག་བྱས་པའི་རྗེས་སུ་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོ་ཨ་རིའི་གསང་ཉུལ་ལ་བསྒྱུར་རྒྱུ་སྔར་ལས་གནད་འགག་ཆེ་རུ་སོང་། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་ཡིས་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་མང་པོ་ཕུ་ཊིན་གྱི་དབང་བསྒྱུར་ལ་བློ་ཁ་མ་ཚིམས་པར་བསྡད་ཡོད་པ་གསལ་པོ་རེད། ང་ཚོས་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཁག་ཅིག་ནུབ་ཕྱོགས་པའི་གསང་ཉུལ་ལ་བསྒྱུར་རྒྱུ་ནི་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་ཤིག་རེད་ཅེས་བསྒྲགས།།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སི་ཡིས་ང་ཚོས་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོ་གསང་ཉུལ་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པར་ཕུ་ཊིན་དོགས་མ་བདེ་པ་ཞིག་ཏུ་གྱུར་ཏེ་གཡས་གཡོན་གྱི་མི་ཚོར་དོགས་ཟོན་བྱ་དགོས་པ་ཞིག་ཏུ་གྱུར་འདུག ང་ཚོས་ཉེ་ཆར་ཕྱི་ཟླ་༥་པའི་ནང་ཨུ་རུ་སུ་བ་ཚོས་ཨ་རིའི་དབུས་གསང་བའི་ལས་ཁུངས་ལ་ལྐོག་ཏུ་འབྲེལ་བ་ཇི་ལྟར་བྱ་དགོས་པ་ལམ་སྟོན་གྱི་བརྙན་ཐུང་ཞིག་དར་འཕྲིན་དྲྭ་ལམ་དུ་བཀྲམ་པའི་བདུན་ཕྲག་དང་པོ་དེར་མི་ས་ཡ་༢་དང་༥་ལྷག་གིས་བལྟས་འདུག་ཅེས་བསྟན། བརྙན་ཐུང་དེ་ཨུ་རུ་སུའི་སྐད་དུ་ཕབ་ལེན་བྱས་ཡོད་པ་དང་ཨུ་རུ་སུའི་གཞུང་གིས་ཡུ་ཊུབ་དང་ཊོས་ཊར། ངོ་དེབ་དང་ཨིན་སི་ཊི་གྷ་རམ་སོགས་བཀག་ཡོད་ཀྱང་དར་འཕྲིན་དྲྭ་ལམ་མ་བཀག་པར་དར་ཁྱབ་ཤིན་ཏུ་ཆེ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་དམག་དང་གསང་བའི་ལས་ཁུངས། ཚན་རིག་པ་དང་ཉམས་ཞིབ་པ། འཕྲུལ་རིག་ལག་རྩལ་བ། ལས་རིགས་དེ་དག་ལ་འབྲེལ་བ་ཡོད་པའི་ཚོང་པ་རྣམས་གསང་ཉུལ་ལ་བསྒྱུར་ཐབས་སུ་འབད།།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཞིག་གིས་ཧིལ་གསར་ཁང་གི་གསར་འགོད་པར་དེང་སྐབས་ཨུ་རུ་སུའི་སྤྱི་ཚོགས་སུ་སྐད་ཆ་དྲང་པོར་བཤད་པ་དང་བདེན་གཏམ་བཤད་ན་ཉེས་ཆད་འཕོག་གི་ཡོད་པ་རེད། ང་ཚོས་ཨུ་རུ་སུའི་ནང་ཁུལ་དུ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་ཤེས་དགོས་ཀྱི་འདུག དེར་བརྟེན་ང་ཚོས་སྐད་ཆ་དྲང་པོར་བཤད་ཐུབ་པ་དང་མི་ཡིད་རྟོན་རུང་བ་འཚོལ་གྱི་ཡོད། ང་ཚོས་མི་དེ་ཚོར་གསང་བའི་ཐོག་ཏུ་འབྲེལ་བ་བྱེད་ཐུབ། མི་ཚོས་སོ་སོས་ཅི་ཞིག་ཤེས་པ་རྣམས་གནད་འགག་ཆེན་པོ་ཞིག་ཡིན་པ་ངོས་ཟིན་གྱི་མེད་པ་ཡོད་སྲིད། ང་ཚོ་ཡར་ཐོན་གྱི་ཚན་རིག་དང་དམག་དོན། དྲྭ་ལམ་གྱི་འཕྲུལ་རིག ནོར་སྲིད་དང་གཞི་གྲངས་གནད་འགག་ཅན། གསང་བའི་ཕྱི་སྲིད། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་གྱི་འགལ་ཟླ་དང་རྒྱལ་ཁབ་དེའི་དཔལ་འབྱོར་གྱི་གནས་སྟངས་སྐོར་སོགས་ཤེས་འདོད་ཡོད། ཕུ་ཊིན་དང་ཁོ་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་ཉེན་ཁ་ཆེན་པོ་འབྱུང་གི་ཡོད་པ་རེད་ཅེས་སྨྲས། ཨུ་རུ་སུའི་མི་མང་སྟོང་ཕྲག་མང་པོས་འཛིན་བཟུང་དང་བཙོན་འཇུག་གི་ཉེན་ཁར་མ་འཛེམས་པར་དམག་འཁྲུག་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་རི་ཆར་ཌི་མུར་

བདུན་ཕྲག་སྔོན་མར་དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་རི་ཆར་ཌི་མུར་ཀྱིས་ཀྱང་ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁུངས་ཁག་ལ་འབྲེལ་བ་བྱ་དགོས། ཨུ་རུ་སུ་བ་ཇི་སྙེད་ཅིག་གིས་ཁ་གྲག་མ་ཕོད་ཀྱང་ཨུ་དམག་གིས་ཡུཀ་རེན་གྱི་གྲོང་ཁྱེར་ཁག་ཐལ་བའི་རྡུལ་དུ་བརླགས། མི་མང་དཀྱུས་མ་རྣམས་རང་ཁྱིམ་ནས་བདའ། བྱིས་པ་སྟོང་ཕྲག་མང་པོ་བཙན་ཁྲིད་བྱས་པར་ངོ་རྒོལ་བྱེད་མཁན་མང་པོ་འདུག འདས་པའི་ལོ་གཅིག་དང་ཕྱེད་ཀའི་རིང་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་བྱུང་བ་ལྟར་ཨུ་རུ་སུའི་མི་དམངས་ཀྱིས་ངོ་རྒོལ་བྱ་དགོས། ང་ཚོའི་གསང་བའི་ལས་ཁུངས་ཀྱི་སྒོ་མོ་རྟག་ཏུ་ཕྱེ་ཡོད། མི་འཇོན་ཐང་མེད་པ་དང་ཁྲམ་པ་ཚོས་ཕུ་ཊིན་མཐའ་བསྐོར་ནས་ནང་འཁྲུག་བརྒྱབ། ཝ་གྷ་ན་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་གྱིས་གྱེན་ལོག་བྱས་ཏེ་ཕུ་ཊིན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་རུལ་སུངས་སུ་གྱུར་ཡོད་པ་ར་སྤྲོད་བྱུང་བ་རེད་ཅེས་ཐེར་འདོན་བྱས་འདུག

རྒྱལ་སྤྱིའི་རང་དབང་ཁང་གི་ཉམས་ཞིབ་པ་ཡ་ན་གྷོ་རོ་ཀོབ་སི་ཀ་ཡས་ཨུ་རུ་སུའི་རྒྱལ་ནང་དུ་ཆབ་སྲིད་ཀྱི་རང་དབང་ཡོངས་རྫོགས་ཕྲོགས་ཏེ་སྐད་ཆ་བཤད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དམག་འཁྲུག་ལ་ངོ་རྒོལ་བྱས་པ་དང་ཨུ་རུ་སུའི་དམག་མི་རྣམས་དམག་འཁྲུག་ནང་དུ་ཤི་དགོས་དོན་མེད་ཟེར་བ་ཙམ་གྱིས་མི་དེ་འཛིན་བཟུང་བྱས་ནས་ལོ་མང་གི་ཁྲིམས་ཆད་འཕོག་གི་འདུག ད་ལྟ་འཛེམ་ཟོན་མེད་པར་སྐད་ཆ་བཤད་ན་ལོ་༢༠་ཐམ་པའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་པ་རེད་ཅེས་བཤད། ཕུ་ཊིན་གྱི་གཞུང་གིས་ཁ་གཏད་གཅོག་མཁན་རྣམས་མངོན་ལྐོག་གཉིས་སུ་དམར་གསོད་དང་བཙོན་འཇུག་བྱས་ནས་མེད་པར་བཏང་ཞིང་། ཨུ་རུ་སུའི་གསང་ཉུལ་ཟུར་པ་སེར་གྷེ་ས་ཀ་རི་པལ་གྱིས་སྔོན་ཆད་དབྱིན་ཇི་དང་ཨུ་རུ་སུ་ཕྱོགས་གཉིས་ཀར་གསང་ཉུལ་བྱས་མོད། འོན་ཀྱང་༢༠༡༨་ལོར་ཨུ་རུ་སུའི་གསང་ཉུལ་ཚོས་དབྱིན་ཇིའི་བྷ་རི་ཊོལ་ས་གནས་སུ་གསང་ཉུལ་ཟུར་པ་དེར་དུག་དྲངས་ནས་གསོད་ཐབས་བྱས་ཀྱང་མ་ཤི། ལོ་འདིའི་ཕྱི་ཟླ་༤་པའི་ནང་ཨུ་རུ་སུའི་གཞུང་གིས་ཕྱོགས་འགལ་ཚོགས་པའི་ལས་འགུལ་བ་ཝ་ལ་ཌི་མིར་ཀ་ར་མུར་ཛ་ལ་རྒྱབ་གཏོད་ཀྱི་ནག་ཉེས་བཙུགས་ནས་ལོ་ཉེར་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད།།

༢༠༢༠་ལོར་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཨ་ལེག་སེ་ནེ་ཝལ་ཎི་

༢༠༢༠་ལོར་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཨ་ལེག་སེ་ནེ་ཝལ་ཎི་ལ་དུག་དྲངས་ནས་གསོད་ཐབས་བྱས་ཀྱང་སྐྱོབ་ཐབས་རྙེད། ཁོ་པར་ཨུ་རུ་སུའི་གཞུང་གིས་མཐའ་ལྷུང་རིང་ལུགས་པའི་ནག་ཉེས་བཙུགས་ནས་ལོ་༢༠་ཐམ་པའི་བཙོན་འཇུག་གི་ཉེས་ཆད་ཕོག ནེལ་ཝ་ཎིས་བཙོན་ཁང་ནས་རང་གི་རྒྱབ་སྐྱོར་བ་ཚོར་ངས་ཁྲིམས་སར་དྲང་བདེན་བརྩད་ཀྱང་ང་ལ་སྲུང་སྐྱོབ་ཅི་ཡང་མེད་པ་ཨུ་རུ་སུའི་མི་ཚང་མས་ཤེས་གསལ་རེད། ཨུ་རུ་སུར་རྩོད་གཞི་རྣམས་ཁྲིམས་ལུགས་ཀྱིས་ཐག་གཅོད་བྱེད་ཀྱི་མེད་པར་རིན་གོང་བསྒྲིགས་པ་དང་བཙན་དབང་། ལྐོག་ཟ་དང་གཡོ་ཁྲམ། ཁྲེལ་མེད་ཀྱི་ལམ་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད་ཅེས་འཕྲིན་བསྐུར། ཉེ་དུས་ཤིག་ནས་ཕུ་ཊིན་རང་གི་ཉེ་འཁོར་གྱི་མི་ཚོར་དོགས་པ་བཟས། དམག་སྤྱི་སུ་རོ་ཝི་ཀིན་མཐོང་ཐོས་མེད་པར་གྱུར། རྒྱལ་མཚམས་བརྒལ་བའི་ཉེན་ཁ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཌན་ནིལ་བྷ་ཡེ་མན་གྱིས་ཕུ་ཊིན་རང་གི་ཉེ་འཁོར་གྱི་མི་ཚོར་བློ་ཁེལ་གྱི་མེད་པ་ནི་སྲིད་གཞུང་ལ་གནོད་སྐྱོན་ཆེ། ཕུ་ཊིན་དོགས་པ་ཡོད་སའི་མི་ཚོར་ནང་གཏམ་བཤད་ཀྱི་མེད་པར་མཐོ་རིམ་གཞུང་འབྲེལ་མི་སྣ་མང་པོར་ཕོག་ཐུག་སོང་ཡོད་ཤས་ཆེ་ཞེས་བཀྲལ།།

ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཁག་ཅིག་གསང་ཉུལ་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པར་གྲུབ་འབྲས་མ་ཐོན་ཡང་དོགས་པ་ཞིག་བསླངས། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོའི་གྲས་སུ་ཨ་རི་དང་དབྱིན་ཇི་སོགས་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ནས་གསང་ཉུལ་བྱ་དགོས་སྙམ་པའི་བསམ་བློ་འཁོར་དུ་འཇུག་ཐུབ་ཡོད་ཅིང་། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་གསང་ཉུལ་ཚོར་དངུལ་སྒོར་སྤྲོད་པ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཀྱང་བདེ་འཇགས་སྲུང་སྐྱོབ་ལ་ཕན་ཐོགས་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཚོར་དངུལ་སྒོར་ཕོན་ཆེན་བྱ་དགའ་སྤྲོད་སྲོལ་ཞིག་འདུག དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་མུར་གྱིས་གསང་ཉུལ་བསྡུ་ཐབས་བྱེད་ཀྱི་ཡོད་པ་དེའི་མཐར་ཐུག་གི་དམིགས་ཡུལ་ནི་གནས་ཚུལ་བསྡུ་ལེན་བྱ་རྒྱུའི་ཆེད་དུ་མིན། ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ལ་ཤུགས་རྐྱེན་ཐེབས་ཐབས་ཡིན། ཕུ་ཊིན་གྱི་སྲིད་གཞུང་མགོ་རྟིང་སློག་ཐབས་བྱ་དགོས་པའི་ངེས་པའང་མེད། ཨུ་རུ་སུའི་སྲིད་གཞུང་ལ་ཅི་ཞིག་བྱུང་ན་མཐའ་མཇུག་ཨུ་རུ་སུའི་མི་དམངས་ལ་གྱོང་འཕོག་གི་རེད་ཅེས་གསལ་བཀྲོལ་བྱས་འདུག


ད་ལོའི་ཕྱི་ཟླ་༥་པའི་ཚེས་༡༦་ཉིན་ཨེན་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་སྐད་དུ་དུས་ཡུན་སྐར་མ་གཉིས་ཀྱི་བརྙན་ཐུང་ཞིག་བཟོས། བརྙན་ཐུང་དེའི་ནང་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ང་ཚོ་དམག་འཁྲུག་ལ་འཐད་མེད་པའི་ཨུ་རུ་སུ་བ་སྙིང་སྟོབས་ཅན་ཚོར་འབྲེལ་བ་བྱེད་འདོད་ཡོད། ང་ཚོས་འབྲེལ་བ་དེ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་གསང་བ་བྱེད་ཀྱི་ཡིན། ཁྱེད་ཚོའི་ཉེ་འཁོར་དུ་ཡོད་པའི་མི་ཚོར་བདེན་གཏམ་ཉན་འདོད་མེད་ཀྱང་ང་ཚོར་ཉན་འདོད་ཡོད། ཁྱེད་ཚོར་སྟོབས་ཤུགས་མེད་པ་ག་ལ་ཡིན། ང་ཚོར་བདེ་འཚམས་ཀྱི་ལམ་ནས་འབྲེལ་བ་བྱོས་ཞེས་ནན་གྱིས་བསྐུལ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་གཞི་འགན་འཛིན་ཌེ་ཝི་ཌི་མར་ལོས་འཇོར་ཇཱི་མེ་སན་སློབ་ཆེན་དུ་ང་ཚོས་འཛམ་གླིང་ཡུལ་གྲུ་ཁག་ཏུ་དམག་འཁྲུག་ལ་ཞེན་པ་ལོག་པའི་ཨུ་རུ་སུ་བ་ཡོད་པ་རྣམས་འཚོལ་གྱི་ཡོད། ང་ཚོས་ལས་དོན་དེའི་སྒོ་མོ་ཕྱེ་ཡོད་ཅེས་གཏམ་བཤད་བྱས་འདུག