༄༅།། ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ནོ་ཝྭ་ཀ་ཀཱོབ་ཀ་ཆུ་མཛོད་ཀྱི་ཆུ་ཤོར་ནས་མི་མང་སྟོང་ཕྲག་མང་པོ་ཆུ་ལོག་གི་ཉེན་ཁའི་འོག་ཏུ་ཚུད། ཡུཀ་རེན་གྱི་གཞུང་ནས་ཁར་སན་མངའ་ཁུལ་གྱི་མི་མང་རྣམས་ཉེན་སྐྱོབ་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༦་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁར་སན་མངའ་ཁུལ་གྱི་མི་མང་གིས་སོ་སོའི་ཕྲུ་གུ་དང་སྒོ་ཁྱི། ཅ་ལག་རྣམས་ཕྲག་ཏུ་ཁུར་ནས་ཆུས་ཁེངས་པའི་སྲང་ལམ་ཁག་བརྒལ་ཏེ་སྐམ་ས་ཞིག་ཏུ་ཐར་ཐབས་སུ་བསྐྱོད། ཡུཀ་རེན་གྱི་ཉེན་སྐྱོབ་པ་ཚོས་འགྱིག་གྲུ་བཏང་ནས་མིའི་གཟུགས་ཚད་ལས་གཏིང་ཟབ་པའི་ཆུ་ནང་དུ་མི་གསོན་པོ་ལུས་ཡོད་མེད་འཚོལ་ཞིབ། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀས་ཕན་ཚུན་ཆུ་མཛོད་ཀྱི་ཆུ་རགས་བསམ་བཞིན་གཏོར་བ་རེད་ཅེས་ཉེས་འཛུགས་བྱ་རྒྱུ་འགོ་ཚུགས། ལོ་ན་༥༣་ལ་སོན་པའི་ཨོག་ས་ན་(Oksana)་ཞེས་པ་ཞིག་གིས་ང་ཚོའི་ནང་ཆས་དང་འཁྱག་སྒམ། བཟའ་བཅའ་དང་མེ་ཏོག་རྣམས་ཆུའི་ཁར་ཡེངས་ནས་བསྡད་འདུག ངས་ཅི་ཞིག་བྱ་དགོས་པ་ཤེས་ཀྱི་མི་འདུག་ཅེས་བཀྲལ།།
ཨོ་ལེཀ་སན་ཌར་རེ་ཝྭ་ཞེས་པའི་ཁར་སན་བ་ཞིག་གིས་མི་གྲངས་༤༢༠༠༠་ལྷག་ལ་ཐད་ཀར་ཆུ་ལོག་གི་ཉེན་ཁ་འཕྲད་ཀྱི་འདུག མི་གྲངས་འབུམ་ཕྲག་མང་པོར་འཐུང་ཆུ་ཆད། གལ་སྲིད་ཆུ་ལོག་གི་མཐོ་ཚད་མཱི་ཊར་གཅིག་མཐོ་རུ་ཕྱིན་ན་ང་ཚོའི་ཁང་པ་རྣམས་བསྣུབ་ས་རེད་ཟེར། རེ་ཝྭ་ཚང་གི་ཁང་པ་ནི་ཆུ་འགྲམ་གྱི་གྲོང་གསེབ་ཏུ་ཅིག་ཡོད་ཀྱང་ཁྱིམ་ཚང་དེ་དམག་འཁྲུག་གི་སྐབས་འདིར་མཐོ་ས་ཞིག་ཏུ་ཁང་སྟོང་ཞིག་ཡོད་པ་དེར་སྤོར། ནོ་ཝྭ་ཀ་ཀཱོབ་ཀ་ཆུ་མཛོད་ཡོད་ས་ནི་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་ཡོད་པས་ཆུ་རགས་གཏོར་བའི་ལན་ཁག་ཨུ་རུ་སུར་དཀྲིས། གཟའ་ལྷག་པའི་ཉིན་རེ་ཝྭས་གསར་འགོད་པར་ཨུ་རུ་སུ་ང་ཚོར་སྡང་ཟུག་ཆེན་པོ་འདུག ཁོ་ཚོར་ཡུཀ་རེན་བ་ཞེས་པའི་མི་རིགས་འདི་དང་ཡུཀ་རེན་ཞེས་པའི་རྒྱལ་ཁབ་འདི་རྩ་མེད་གཏོང་འདོད་ཡོད་པ་རེད། ཨུ་རུ་སུས་ཅི་ཞིག་ཡིན་རུང་སྒྲུབ་ཀྱི་ཡོད་པ་དང་གང་ལའང་འཛེམ་ཟོན་བྱེད་ཀྱི་མ་རེད་ཅེས་བསྡིགས།།
ཨུ་རུ་སུའི་གཞུང་གིས་རང་གི་དབང་བསྒྱུར་འོག་ཏུ་ཡོད་པའི་ཁར་སན་ཞིང་ཆེན་གྱི་ས་གནས་ཁག་ཅིག་ལ་ཛ་དྲག་གི་ཁྲིམས་གཞི་བསྡམས། ཆུ་མཛོད་དེའི་སྨད་ཕྱོགས་སུ་གྲོང་རྡལ་དང་གྲོང་གསེབ་མང་པོ་ཆགས། ས་གནས་དེ་དག་གི་ཡུལ་མི་ཚོས་ཨུ་རུ་སུའི་དམག་མིས་སྲང་ལམ་ཁག་ཏུ་སྐོར་གཡེང་བྱེད་ཀྱི་འདུག དམག་མིའི་འཁྲིས་སུ་བཅར་ན་གསོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཨུ་རུ་སུའི་ཕྱོགས་ཀྱི་ཆུ་འགྲམ་དེར་གཅན་གཟན་ཁང་ཞིག་ཡོད་པ་དེའི་ནང་གི་སེམས་ཅན་ཚང་མ་ཆུ་ནང་དུ་ཐིམ་ནས་ཤི་ཚར་འདུག་ཅེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་ཁ་པར་བཏང་ནས་གནས་ཚུལ་མཁོ་སྤྲོད་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་སྤྱི་ཁྱབ་མར་ཊིན་གྷ་རི་ཧྥི་ཐེས་ཡུཀ་རེན་ལྷོ་ཕྱོགས་ཀྱི་དམག་ས་ཁག་ཏུ་ཕྱོགས་གཉིས་ཀྱི་མི་མང་འབུམ་ཕྲག་མང་པོའི་འཚོ་བ་དང་འཐུང་ཆུ། ཟ་འབྲུ་བཅས་ལ་གནོད་འཚེ་ཆེན་པོ་འཕོག་གི་རེད། མ་འོངས་པའི་ཉིན་ཤས་རྗེས་སུ་ཆུ་ལོག་གི་གནོད་འཚེ་དེའི་ཚབས་ཆེ་ཆུང་ད་གཟོད་ཤེས་ཀྱི་རེད་ཅེས་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ལ་སྙན་སེང་ཞུས་འདུག
ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུས་དམག་འཁྲུག་གི་ནག་ཉེས་གསོག་གི་ཡོད་པ་འཛམ་གླིང་ཧྲིལ་པོར་ངོ་འཕྲོད་པ་རེད། འདི་ནི་ཁོར་ཡུག་གི་གཏོར་བཤིག་ཚབས་ཆེན་ཞིག་རེད་ཅེས་སྐྱོན་བཙུགས། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ནས་ཡུཀ་རེན་གྱི་དཔུང་འཇུག་ལ་ནུས་པ་འཐོན་གྱི་མེད་པ་རེད། ཁོ་ཚོས་མི་རྣམས་མགོ་བོ་འཁྲུག་ཏུ་འཇུག་པར་ཆུ་མཛོད་གཏོར་བ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་གཞོན་པ་རོ་བྷར་ཊི་ཝུ་ཌས་(Robert Wood)་ང་ཚོས་ཆུ་རགས་སུས་གཏོར་མིན་ཁ་ཚོན་གཅོད་མི་ཐུབ། ད་ལྟ་དཔང་རྟགས་བསྡུ་རུབ་བྱས་ནས་རྩད་གཅོད་བྱེད་ཀྱི་ཡོད། ཡུཀ་རེན་གྱིས་ཆུ་རགས་དེ་གཏོར་ནས་རང་གི་མི་མང་ལ་གནོད་འཚེ་དང་རང་གི་ས་ཆ་རྣམས་ཆུ་ལོག་ལ་སྣུབ་ཏུ་བཅུག ད་དུང་མི་གྲངས་འབུམ་ཕྲག་མང་པོ་རང་ཁྱིམ་ནས་ཉེན་གཡོལ་དུ་འབྲོ་དགོས་པའི་གཏོར་རྒོལ་ཞིག་བྱེད་མི་སྲིད། དེ་ནི་གནས་ལུགས་ལ་མཐུན་པ་ཞིག་མ་རེད་ཅེས་རྒྱུ་མཚན་བགྲངས།།
ཕྱི་ཟླ་༦་པའི་ཚེས་༧་ཉིན་ནེའུ་ཡུག་དུས་བབ་ཚགས་པར་གྱིས་བཟོ་བཀོད་མཁས་པ་ཚོར་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ནོ་ཝྭ་ཀ་ཀཱོབ་ཀ་ཆུ་མཛོད་ནི་དམག་འཁྲུག་གི་མདུན་སར་ཡོད་པ་དང་བསམ་བཞིན་ཆུ་རགས་ཀྱི་ཁོག་ཏུ་འབར་རྫས་བཀད། དེ་ནས་ཆུ་རགས་ལུག་སྟེ་ཆུ་མཛོད་ཁ་ཤོར་བ་འདྲ་པོ་འདུག ཆུ་རགས་ལ་ཕྱི་ལོགས་ནས་གཏོར་རྒོལ་འཕོག་སྲིད་ཀྱང་དེ་ལྟར་ཡིན་པའི་རྟགས་མཚན་མི་རྙེད་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ན་ནིང་ནས་ནོ་ཝྭ་ཀ་ཀཱོབ་ཀ་ཆུ་མཛོད་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པ་རེད། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཆུ་མཛོད་དེའི་ཆུ་རགས་ལ་གཏོར་རྒོལ་ལན་མང་བྱས་པར་མ་ཟད། ཌི་ནིབ་རོ་གཙང་པོ་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཡོད་པ་དང་ཁོ་ཚོར་ཆུ་རགས་ཀྱི་ཁོག་ཏུ་འབར་རྫས་སྦེད་ཐུབ་པའི་གོ་སྐབས་ཡོད་པ་རེད། ཡུཀ་རེན་གྱིས་ཆུ་མཛོད་དེར་འཛིན་སྐྱོང་བྱེད་ཀྱི་མེད་ཅེས་བསྒྲགས། ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་དམག་གིས་ཌི་ནིབ་རོ་གཙང་པོ་བརྒལ་ནས་དཔུང་འཇུག་བྱ་འཆར་ཡོད་པ་འགོག་ཐབས་སུ་ཨུ་རུ་སུས་ཆུ་མཛོད་གཏོར་བའི་དོགས་པ་བསླངས།།
འདས་པའི་ཟླ་བ་མང་པོར་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀས་ཅིག་ཤོས་ཀྱིས་ནོ་ཝྭ་ཀ་ཀཱོབ་ཀ་ཆུ་མཛོད་དང་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ལ་གཏོར་རྒོལ་བྱས་ནས་ཆག་སྒོ་ཆེན་པོ་ཞིག་སློང་ས་རེད་ཅེས་སྐྱོན་འཛུགས་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀས་ཅིག་ཤོས་ཀྱིས་ཆུ་མཛོད་དང་རྡུལ་ཕྲན་གློག་ཁང་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པའི་དཔང་རྟགས་མ་བསྟན། དམག་འཁྲུག་གི་དུས་སུ་ཕན་ཚུན་སྐྱོན་འཛུགས་བྱ་རྒྱུ་ནི་ཆོས་ཉིད་ཡིན་ཞིང་། སྐྱོན་འཛུགས་ཁག་ཅིག་བདེན་པ་དང་ཁག་ཅིག་རྟོག་བཟོ་ཡིན་པར་སྣང་། དམག་འཁྲུག་གི་དུས་སུ་རང་བཙན་གྱི་གསར་འགོད་པ་ཚོས་བདེན་རྫུན་དབྱེ་འབྱེད་བྱ་རྒྱུ་ཤིན་ཏུ་དཀའ། གང་ལྟར་ཕྱོགས་གཅིག་གིས་བདེན་པ་བཤད་ཀྱི་ཡོད་ཤས་ཆེ། སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུས་ཆུ་རགས་ཁག་ཏུ་འབར་རྫས་བླུགས་ནས་གཏོར་བ་རེད་ཅེས་སྤྱི་ཚོགས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨུག་རི་ཆུ་ཤུགས་གློག་གི་འགོ་ཁྲིད་ཨི་ཧོར་སེ་རོ་ཏས་(Ihor Syrota)་ཆུ་རགས་དེར་ཕྱི་ནས་འཕུར་མདེལ་བརྒྱབ་ཀྱང་གཏོར་མི་ཐུབ། ཆུ་རགས་ཀྱི་ཁོག་ཏུ་འབར་རྫས་བཀད་པ་འདྲ་པོ་འདུག་ཅེས་བཤད།།
ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་(John Kirby)་ནོ་ཝྭ་ཀ་ཀཱོབ་ཀ་ཆུ་མཛོད་སུས་གཏོར་མིན་ཤེས་ཀྱི་མེད། ང་ཚོས་ཡུཀ་རེན་ལ་མཉམ་འབྲེལ་བྱས་ནས་རྩད་གཅོད་བྱེད་ཀྱི་ཡོད་ཅེས་བཤད། ཨ་རིའི་ཨི་ལི་ནོ་ཡེ་སི་སློབ་གྲྭ་ཆེན་མོའི་བཟོ་བཀོད་སློབ་དཔོན་ནིག་གུ་ལུ་མེག་(Nick Glumac)་གིས་འཕུར་མདེལ་ཆེ་ཆུང་ཅི་ཙམ་འཁྱེར་ཐུབ་མིན་དེ་ཚད་ཡོད་ཅིག་རེད། ཆུ་རགས་ལ་ཐད་ཀར་འཕུར་མདེལ་ཕོག་ཀྱང་གཏོར་མི་ཐུབ། གཙང་པོ་དེ་འདྲ་ཞིག་བཀག་པའི་ཆུ་རྣམས་ཆུ་རགས་ཀྱིས་འགོག་ཐུབ་ཀྱི་ཡོད་པ་རེད། ཆུ་རགས་དེ་སྐུད་ཉག་འགའ་ཞིག་གིས་བཟུང་ཡོད་པ་ལྟར་མིན་པ་དང་ཧ་ཅང་གི་མཁྲེགས་པོ་རེད་ཅེས་བཤད། མེ་རི་ལན་ཌི་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་རྒྱལ་ཡོངས་བཟོ་བཀོད་སློབ་གླིང་གི་ཚོགས་མི་བྷེ་ཆེར་(Baecher)་གྱིས་ཆུ་མཛོད་ཁག་གི་ཆུ་རགས་ཁ་ཤོར་གྱི་ཡོད་པ་རེད། དེ་ནི་འབྱུང་སྲིད་པ་ཞིག་རེད། ཡིན་ནའང་འདི་ལ་དོགས་པ་སྐྱེ་དགོས་པ་དང་དེ་འདྲ་ཞིག་འབྱུང་ཨེ་སྲིད་སྙམ་པ་ཞིག་རེད་ཅེས་བཤད་འདུག
ནོ་ཝྭ་ཀ་ཀཱོབ་ཀ་ཆུ་མཛོད་ནི་༡༩༥༦་ལོར་ཨུ་རུ་སུ་དམར་ཤོག་གི་དུས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། ཆུ་རགས་ལ་ལྕགས་ཀྱི་སྲོག་ཤིང་བཙུགས་ཏེ་ཨར་འདམ་ཊོན་ཁྲི་ཚོ་མང་པོ་བླུགས་ཡོད་པས་འཕུར་མདེལ་ཕོག་ནས་གཏོར་ཐུབ་པ་ཞིག་མིན། ས་གནས་ཡུལ་མི་ཚོས་གཟའ་མིག་དམར་གྱི་མཚན་མོའི་ཆུ་ཚོད་༢་དང་སྐར་མ་༥༠་ཡས་མས་སུ་འབར་གས་ཆེན་པོ་ཞིག་བྱུང་བའི་སྒྲ་སྐད་ཐོས་བྱུང་ཞེས་གླེང་སློང་བྱེད་ཀྱི་ཡོད་པ་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ། བཟོ་བཀོད་པ་ཚོས་ཆུ་རགས་དེ་ལུག་སྟངས་ལ་བལྟས་ན་ཁོག་ཏུ་འབར་རྫས་བཀད་པའི་རྟགས་མཚན་གསལ་པོ་འདུག་ཅེས་གླེང་། ལོ་གཅིག་ལྷག་གི་དམག་འཁྲུག་དུས་སུ་ཆུ་མཛོད་དེར་གཏོར་སྐྱོན་ཆེན་པོ་ཕོག ཟླ་བ་སྔོན་མ་ནས་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀས་ཌི་ནིབ་རོ་གཙང་པོའི་ཕ་རོལ་ཚུ་རོལ་དུ་དམག་ས་བཟུང་ནས་མེ་སྒྱོགས་བརྒྱབ། ཆུ་མཛོད་དེ་དམག་འཁྲུག་གི་བར་དུ་ཚུད་ཡོད་པ་དང་དགུན་གྱི་ཁ་བ་རྣམས་ཞུ། དཔྱིད་ཀྱི་ཆར་ཆུ་རྣམས་ཆུ་མཛོད་དེར་བཞུར་ནས་ལོ་༣༠་ལྷག་ལ་བྱུང་མྱོང་མེད་པའི་ཆུའི་མཐོ་ཚད་འཕར་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟལ་༦་པའི་ཚེས་༧་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་ནས་ཡུཀ་རེན་གྱི་དཔུང་འཇུག་འགོག་དགོས་ན་དམག་མི་འབུམ་༢་སྤྲོད། ལུ་ཧན་ཛིཀ་དང་ཌོ་ནལ་ཛིཀ་ས་གནས་གཉིས་ལ་སྲུང་སྐྱོབ་བྱེད་པར་དམག་མི་འབུམ་༢་ངེས་པར་དུ་དགོས་ཀྱི་འདུག ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་འགོག་ར་འགའ་ཞིག་གཏོར་ནས་མདུན་སྐྱོད་བྱེད་ཀྱི་འདུག བྷག་མུ་ཏའི་ཉེ་འཁོར་གྱི་ས་གནས་ཁག་གསུམ་དུ་ཡུཀ་རེན་གྱི་དམག་དཔུང་བཀྲམ་ནས་དམག་གྲ་སྒྲིག་འདུག ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་འཆར་གཞི་དང་གྲ་སྒྲིག་མེད་པ། ཕན་ཚུན་བརྩི་བཀུར་མེད། ཁོ་ཚོ་རང་མཐོང་ཅན་དང་བཀོད་འདོམས་བྱེད་མི་ཐུབ་པ་ཤ་སྟག་ཡིན་པས་ང་ཚོར་ཕམ་ཉེས་ཆེན་པོ་འབྱུང་གི་རེད། ང་ནི་དེ་ལ་ཐེ་ཚོམ་ཅི་ཡང་མེད། ང་ཚོས་ས་ཆ་ཁག་ཅིག་འཆོར་རྒྱུ་ལྡོག་ཐབས་བྲལ་ཞེས་སྡུག་སྐད་རྒྱག་གི་ཡོད་པར་གཞིགས་ཚེ། ཆུ་རགས་ལུག་ཀྱང་ཡུཀ་རེན་གྱིས་ཨུ་རུ་སུར་ཕར་རྒོལ་ཆེན་པོ་ཞིག་བྱ་འཆར་ཡོད་པར་འགྱུར་བ་ཐེབས་མེད་པའི་རྟགས་སུ་མངོན་ཞེས་གནས་ཚུལ་སྤེལ་འདུག