ཡུཀ་རེན་གྱིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་གྱི་ཟམ་པ་༢་གཏོར་བ་ཡིན་ཟེར།

༄༅།། ཡུཀ་རེན་གྱི་གནམ་དམག་གིས་སླར་ཡང་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བའི་ཟམ་པ་ཞིག་གཏོར་བ་ཡིན་ཞེས་བསྒྲགས།

༄༅།། ཡུཀ་རེན་གྱི་གནམ་དམག་གིས་སླར་ཡང་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བའི་ཟམ་པ་ཞིག་གཏོར་བ་ཡིན་ཞེས་བསྒྲགས། ཕྱི་ཟླ་༨་པའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀོར་སི་ཀ་མངའ་ཁུལ་གྱི་སཱེམ་གཙང་པོའི་སྟེང་གི་ཟམ་དེ་གཏོར་ནས་ར་ཤི་ཡའི་དམག་དོན་མཁོ་ཆས་སྐྱེལ་འདྲེན་དང་ཡུཀ་རེན་གྱི་དམག་ལ་འགོག་རྒོལ་བྱ་རྒྱུ་དཀའ་ངལ་ཆེ་རུ་སོང་། ཟླ་བ་འདིའི་ཚེས་༦་ཉིན་ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་ས་ཐོག་ཏུ་བཙན་འཛུལ་བྱ་རྒྱུ་མགོ་བརྩམས། འདས་པའི་གཟའ་འཁོར་གཉིས་ཀྱི་རིང་ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་གཞིས་གྲོང་༨༠་ལྷག་དང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༡༥༠་ལྷག་ཕྲོགས། ༡༨༡༢་ལོར་ཧྥ་རན་སིའི་གོང་མ་ན་ཕོ་ལིན་གྱིས་དམག་དྲངས་ནས་ར་ཤི་ཡར་བཙན་འཛུལ་བྱས་པ་དང་༡༩༤༡་ལོར་འཇར་མན་ནཱ་ཛིའི་དམག་གིས་ཨུ་རུ་སུར་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཕྱིའི་རྒྱལ་ཁབ་ཅིག་གིས་ར་ཤི་ཡར་བཙན་འཛུལ་བྱས་མྱོང་མེད་པའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་གནམ་དམག་བཀོད་འདོམས་པ་དམག་སྤྱི་མཱི་ཀོ་ལ་ཨོ་ལེ་ཤ་ཆུཀ་(Mykola Oleshchuk)་གིས་བཤད་པ་ལྟར་ན། ང་ཚོས་སླར་ཡང་ཟམ་པ་ཞིག་གཏོར་བ་ཡིན། ཡུཀ་རེན་གྱི་གནམ་དམག་གིས་དམིགས་འབེན་གཡོ་གཟུར་མེད་པར་དགྲ་ཕྱོགས་ཀྱི་ཟམ་པ་གཏོར་ནས་དམག་དོན་མཁོ་ཆས་སྐྱེལ་འདྲེན་བྱེད་མི་ཐུབ་པར་བསྒྱུར་ཡོད། དེར་བརྟེན་དགྲ་བོའི་སྟོབས་ཤུགས་ཆེན་པོ་ཞིག་གཅོག་ཐུབ་སོང་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཁོང་གིས་ཟམ་པོ་ཞིག་གི་སྟེང་དུ་ཐལ་རྡུལ་འཕྱུར་བཞིན་པ་དང་ཟམ་པའི་ཕྱོགས་གཅིག་བརྡིབས་ཡོད་པའི་བརྙན་ཐུང་ཞིག་བསྟན། རོ་ཡེ་ཊར་སི་གསར་ཁང་གིས་ཟམ་པ་དེ་ཡུཀ་རེན་གྱི་གཏོར་བ་ཡིན་མིན། བརྙན་ཐུང་དེ་ནམ་ཕབ་ལེན་བྱས་མིན་དང་ས་གནས་དེའི་གནས་སྟངས་ངོ་མ་ཤེས་ཀྱི་མེད་ཀྱང་ཟམ་པ་དེ་ཀོར་སི་ཀ་མངའ་ཁུལ་གྱི་ཛ་ཝ་ནོ་ཡ་གྲོང་ཚོའི་ནང་དུ་ཡོད་པ་ངོ་རྟགས་ཆོད།།

༄༅།། ཡུཀ་རེན་གྱི་གནམ་དམག་གིས་སླར་ཡང་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་གྱི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བའི་ཟམ་པ་ཞིག་གཏོར་བ་ཡིན་ཞེས་བསྒྲགས།

ར་ཤི་ཡའི་གཞུང་གིས་ཀོར་སི་ཀ་མངའ་ཁུལ་གྱི་ཟམ་པ་གཉིས་པ་དེར་གཏོར་སྐྱོན་ཕོག་མིན་འགྲེལ་བཤད་རྒྱག་གི་མེད་ཀྱང་ར་ཤི་ཡའི་དམག་དོན་དྲྭ་ལམ་གསར་འགོད་པ་རི་བྷར་(Rybar)་ཞེས་པ་ཞིག་གིས་གཟའ་ཉི་མའི་ཉིན་ཛ་ཝ་ནེ་ཡ་གྲོང་ཚོའི་ཟམ་པ་དེར་རྒོལ་རྡུང་ཕོག་སོང་། ཟམ་པ་དེར་གཏོར་སྐྱོན་ཚབས་ཆེན་ཕོག་རུང་རྦད་དེ་བརྡིབས་མི་འདུག མི་རྣམས་རྐང་ཐང་དུ་བསྐྱོད་ཐུབ་པ་དང་རླངས་འཁོར་ཆུང་གྲས་ཐར་གྱི་འདུག་ཟེར། དེ་བཞིན་གཟའ་པ་སངས་ཉིན་ཨུ་རུ་སུའི་ཕྱོགས་གཏོགས་དྲྭ་ལམ་གསར་འགོད་པ་ཞིག་གིས་གྷ་ལུ་ཤ་ཀོ་ཝོ་གྲོང་རྡལ་གྱི་སཱེམ་གཙང་པོའི་སྟེང་གི་ཟམ་པ་དེ་གཏོར་འདུག་ཅེས་གསར་འགྱུར་སྤེལ། དེས་ན་ཡུཀ་རེན་གྱིས་རྒོལ་རྡུང་བྱས་ནས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་གྱི་ཟམ་པ་གཉིས་སྔ་རྗེས་སུ་གཏོར་བ་ར་འཕྲོད། ཟམ་པ་དང་པོ་དེ་གཏོར་བའི་སྐབས་སུ་ར་ཤི་ཡའི་གཞུང་གིས་ཡུཀ་རེན་ལ་ཨ་རིས་སྤྲད་པའི་འཕུར་མདེལ་འཕངས་ནས་ཟམ་པ་གཏོར་བ་རེད་ཅེས་སྐྱོན་བཙུགས།།

ཕྱི་ཟླ་༨་པའི་ཚེས་༡༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་གཟའ་ཉི་མའི་དགོང་མོར་བརྙན་འཕྲིན་གཏམ་བཤད་བྱས་པའི་སྐབས་སུ་ང་ཚོས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་གྱི་ས་ཆ་ཁག་ཅིག་བཟུང་ནས་བར་གནས་ཀྱི་བསྟི་གནས་ཤིག་བསྐྲུན་རྒྱུ་ཡིན། ང་ཚོའི་ཕར་རྒོལ་གྱི་དམིགས་ཡུལ་ནི་རང་སྲུང་གི་ཆེད་དུ་ཡིན་པ་དང་ར་ཤི་ཡའི་ཚུར་རྒོལ་གྱི་ནུས་པ་གཅོག་གང་ཐུབ་བྱེད་ཀྱི་ཡོད། ཡུཀ་རེན་གྱི་འཐབ་རྒོལ་སྟོབས་ཤུགས་རྒྱ་སྐྱེད་ཀྱི་ཡོད་ཅེས་བཤད། དེ་ནི་སྲིད་འཛིན་ཛེ་ལན་སི་ཀིས་ཡུཀ་རེན་གྱིས་ར་ཤི་ཡར་བཙན་འཛུལ་བྱས་པའི་དགོས་པ་ཅི་ཡིན་གསལ་བཀྲོལ་བྱུང་བར་མ་ཟད། དེའི་སྔོན་དུ་སྲིད་འཛིན་ཛེ་ལན་སི་ཀིས་ཡུཀ་རེན་གྱི་སུ་མཱི་མངའ་ཁུལ་དུ་ར་ཤི་ཡའི་མེ་སྒྱོགས་བརྒྱབ་ནས་མི་མང་རྣམས་སྡོད་བཟོད་མེད་པར་གྱུར། སུ་མཱི་མངའ་ཁུལ་གྱི་ཡུལ་སྡེ་ཁག་སྲུང་སྐྱོབ་བྱེད་པར་ཀོར་སི་ཀ་མངའ་ཁུལ་དུ་དཔུང་འཇུག་བྱས་པ་ཡིན་ཞེས་བཀྲལ།།

ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་ས་ཐོག་ཏུ་བར་གནས་ཀྱི་བསྟི་གནས་ཤིག་འཛུགས་ཆོག་ཀྱང་སྐྱེལ་འདྲེན་གྱི་ལམ་ཐག་རིང་དུ་འགྲོ་རྒྱུ་དང་དེ་ལ་སྲུང་སྐྱོབ་བྱེད་ཐུབ་མིན་ཐད་བསམ་བློ་གཏོང་གལ་ཆེ། ད་ཐེངས་ཀྱི་བཙན་འཛུལ་ནི་ཡུཀ་རེན་གྱི་དམག་ལ་ས་མཚམས་བརྒལ་ནས་ར་ཤི་ཡར་དཔུང་འཇུག་བྱེད་ཐུབ་པའི་ནུས་པ་ཡོད་ཅིང་། ཕུ་ཊིན་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་བ་དང་ར་ཤི་ཡའི་མང་ཚོགས་ཀྱི་བློ་ཡུལ་དུ་མ་ཤོང་། ཡུཀ་རེན་གྱི་མི་དམངས་རྣམས་དཔའ་སྟོབས་རྒྱས་དགོས་པ་ཞིག་རེད། ཁ་སྔོན་ཕྱི་ཟླ་༥་པའི་ནང་ཕུ་ཊིན་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་པའི་སྐབས་སུ་ཡུཀ་རེན་གྱི་ཁར་ཀིབ་ཕྱོགས་སུ་དཔུང་འཇུག་བྱས་ནས་བར་གནས་ཀྱི་བསྟི་གནས་ཤིག་སྐྲུན་གྱི་ཡོད་ཅེས་དམག་ས་གསར་པ་ཞིག་སྒེ་ཕྱེ། ཡུཀ་རེན་གྱི་མི་མང་སྟོང་ཕྲག་མང་པོ་ཉེན་བྱོལ་དུ་བྲོས། ད་ལྟ་གནས་སྟངས་དེ་གོ་ལྡོག་སྟེ་ཀོར་སི་ཀ་མངའ་ཁུལ་གྱི་མི་དམངས་རྣམས་བྲོས། ར་ཤི་ཡའི་ས་མཚམས་སྲུང་དམག་ལ་འཐབ་འཁྲུག་གི་ཉམས་མྱོང་མེད་པར་ཡུཀ་རེན་ལ་མགོ་བསྒུར།།

གཟའ་སྤེན་པའི་ཉིན་སྲིད་འཛིན་ཛེ་ལན་སི་ཀིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མཚོན་ཆས་ར་ཤི་ཡའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་པའི་བཀག་རྒྱ་ཕྱིར་འཐེན་བྱ་དགོས། ཀོར་སི་ཀ་དང་དེ་མིན་གྱི་ས་གནས་ཁག་ཏུ་རྒོལ་རྡུང་བྱེད་ཆོག་པ་ཞིག་ཏུ་གྱུར་ན་ར་ཤི་ཡའི་དམག་དཔུང་མདུན་སྐྱོད་བྱེད་ཀྱི་ཡོད་པ་འགོག་ཐུབ་ཅེས་འབོད་སྐུལ་ཞུས། ར་ཤི་ཡའི་ཕྱི་སྲིད་ལྷན་ཁང་དང་དམག་དོན་དྲྭ་ལམ་གསར་འགོད་པ་ཚོས་ཨ་རིས་སྤྲད་པའི་ཧ་ཡེ་མར་སི་(HIMARS)་མེ་སྒྱོགས་ཀྱིས་སཱེམ་གཙང་པོའི་སྟེང་གི་ཟམ་པ་དེ་གཏོར་བ་རེད་ཅེས་ལན་ཁག་དཀྲིས། གཟའ་ཉི་མའི་ཉིན་ར་ཤི་ཡས་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ཀིབ་ལ་འབེན་ཕོག་འཕུར་མདེལ་འཕངས་ནས་རྒོལ་ལན་བསློགས། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱི་རྒྱལ་སར་གཏོར་རྒོལ་བྱུང་བའི་འབེན་ཕོག་འཕུར་མདེལ་ཚང་མ་བྱང་ཀོ་རི་ཡ་ནས་ནང་འདྲེན་བྱས་པའི་KN-23་འཕུར་མདེལ་རེད། ང་ཚོས་ར་ཤི་ཡའི་འབེན་ཕོག་འཕུར་མདེལ་རྣམས་བར་དུ་གཏོར་བ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

བྷེ་ལོ་རུ་སིའི་སྲིད་འཛིན་ལུ་ཁ་ཤན་ཀོས་

གཟའ་མཇུག་དེར་བྷེ་ལོ་རུ་སིའི་དམག་དཔུང་གསུམ་ཆའི་གཅིག་ཙམ་ཡུཀ་རེན་གྱི་ས་མཚམས་སུ་བཏང་ཡོད་པའི་གསར་འགྱུར་ཐོན། སྲིད་འཛིན་ལུ་ཁ་ཤན་ཀོས་(Lukashenko)་ཡུཀ་རེན་གྱི་དམག་མི་༡༢༠༠༠༠་བྷེ་ལོ་རུ་སུའི་ས་མཚམས་སུ་འགྲེམ་འཇོག་བྱས་འདུག ང་ཚོས་དམག་མི་༦༠༠༠༠་ཡས་མས་ཤིག་ཡུཀ་རེན་གྱི་ས་མཚམས་སུ་བཏང་ཡོད་ཅེས་ར་ཤི་ཡའི་བརྙན་འཕྲིན་ལས་ཁང་ཞིག་གི་བཅར་འདྲིའི་སྐབས་སུ་ལན་བཏབ། ཡུཀ་རེན་གྱི་དམག་གི་མགྲིན་ཚབ་པ་ཌེམ་ཆན་ཀོས་བྱང་ཕྱོགས་ཀྱི་ས་མཚམས་སུ་བྷེ་ལོ་རུ་སིའི་དམག་དཔུང་འགྲེམ་འཇོག་བྱེད་ཀྱི་ཡོད་པའི་རྟགས་མཚན་མི་འདུག་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། ལུ་ཁ་ཤན་ཀོས་ལོ་༣༠་ལྷག་ལ་སྲིད་དབང་འཛིན་ཐུབ་པ་ནི་ཕུ་ཊིན་གྱི་རྒྱབ་སྐྱོར་འབའ་ཞིག་ལ་བརྟེན་ཡོད་པ་དང་༢༠༢༠་ལོར་འོས་བསྡུའི་རྒྱལ་ཁ་ཐོབ་པའང་གཡོ་ཁྲམ་གྱི་གྲུབ་འབྲས་ཤིག་ཏུ་ཟད། ལྷག་པར་དུ་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་སྐབས་སུ་བྷེ་ལོ་རུ་སི་བརྒྱུད་ནས་དམག་དཔུང་འདྲེན་དུ་བཅུག

ཕྱི་ཟླ་༨་པའི་ཚེས་༡༨་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་གྱི་སུ་ཇཱ་གྲོང་རྡལ་བླངས། ཉམས་ཞིབ་པ་ཚོས་ཡུཀ་རེན་གྱི་དམག་གིས་ཀོར་སི་ཀ་མངའ་ཁུལ་གྱི་ས་ཆ་རྒྱ་ཆེན་པོ་ཞིག་ཕྲོགས་ནས་གཏན་དུ་བདག་འཛིན་བྱེད་ཐུབ་རྒྱུ་དཀའ་བར་སྣང་། ཡིན་ནའང་ཕྱིས་སུ་ར་ཤི་ཡར་གྲོས་མོལ་བྱེད་པའི་སྐབས་སུ་གཏམ་སྤྱད་ཅིག་ཏུ་ས་ཆ་དེ་རྣམས་ལེན་གྱི་ཡོད་པ་འདྲ། ཡུཀ་རེན་གྱི་དམག་གིས་བཙན་འཛུལ་བྱས་ནས་ཉིན་༡༡་ཕྱིན་པའི་སྐབས་དེར་སུ་ཇཱ་གྲོང་རྡལ་གྱི་ན་གཞོན་དང་རྐང་ལག་བདེ་པོ་རྣམས་བྲོས་ཟིན་ཞིང་། ཤུལ་དུ་ལུས་ཡོད་པ་རྣམས་ནི་རྒན་རྒོན་དང་རྐང་ལག་ཐང་པོ་མེད་པ་རྣམས་ཡིན་པ་དང་དེ་དག་སློབ་གྲྭ་རྙིང་པ་ཞིག་གི་འོག་ཞོལ་དུ་ཉལ་ཡོད་པས་ཡུཀ་རེན་གྱི་དམག་གིས་བཟའ་བཏུང་སྤྲད་ནས་ལྟ་སྐྱོང་བཟང་པོ་ཐོབ། སུ་ཇཱ་གྲོང་རྡལ་དུ་མི་གྲངས་༥༠༠༠་ཡས་མས་ཤིག་ལས་མེད་པ་དང་དམག་མི་བསད་པའི་ཕུང་པོ་རུལ་པ་དང་སྒྱོགས་མདེལ་བཀད་པའི་འཚིག་དྲི་རྣམས་གང་སར་ཁྱབ་ཡོད་པའི་གནས་ཚུལ་ཐོན་འདུག