ཡུ་ཀེ་རན་གྱི་སྲིད་འཛིན་ཛི་ལིན་ས་ཀིས་ཡུལ་དེའི་དཔུང་དམག་གིས་ཨུ་རུ་སུའི་ཀུར་སིག་མངའ་ཁུལ་ལ་གློ་བུར་བཙན་རྒོལ་དཔུང་འཇུག་བྱས་པ་ཡིན་ཞེས་ངོས་ལེན་བྱས་འདུག་ཅིང་། གནས་ཚུལ་དེ་བྱུང་ནས་ཉིན་འགའ་ཤས་ཤིག་སོང་བའི་རྗེས་རེས་གཟའ་སྤེན་པའི་ཉིན་རྒྱལ་ཡོངས་ལ་གཏམ་བཤད་གནང་སྐབས་ཨུ་རུ་སུའི་ས་མཚམས་ས་ཁུལ་དུ་དཔུང་འཇུག་བྱས་སྐོར་གསུངས་འདུག
དེ་ཡང་ཨུ་རུ་སུའི་ཀུར་སི་མངའ་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་གྱིས་ཡུ་ཀེ་རན་གྱིས་འཕེན་གཏོང་བྱས་པའི་མེ་ཤུགས་འཕུར་མདེལ་ལ་ཨུ་རུ་སུའི་བར་སྣང་འགོག་སྲུང་དཔུང་སྡེས་ཕར་རྒོལ་བྱས་སྐབས་མི་མང་སྡོད་སའི་ཁང་ཆེན་ཞིག་གི་ཐོག་མེ་ཤུགས་འཕུར་མདེལ་ཆགས་རོ་ལྷུང་བའི་དོན་རྐྱེན་བྱུང་ནས་མི་༡༣ལ་རྨས་སྐྱོན་འདུག་ཅེས་འགྲེལ་བརྗོད་བྱས་འདུག ཡང་རེས་གཟའ་ཉི་མའི་མཚན་མོ་ཨུ་རུ་སུའི་མི་མེད་གནམ་གྲུ་དང་མེ་ཤུགས་འཕུར་མདེལ་གྱི་རྒོལ་བརྡུང་བྱས་ནས་ཡུ་ཀེ་རེ་གྱི་རྒྱལ་ས་ཀིཝ་ནང་བུ་རང་ལོ་༤བྱས་པ་ཞིག་དང་སྐྱེས་པ་རང་ལོ་༣༥བྱས་པ་ཞིག་ལ་སྲོག་སྐྱོན་བྱུང་བ་དང་། གྲོང་ཁྱེར་ཀིཝ་ཀྱི་ཉེ་འགྲམ་དུ་ཡོད་པའི་རྫོང་སྡེ་ཞིག་གི་ནང་མི་གསུམ་ལ་རྨས་སྐྱོན་བྱུང་འདུག ཡུ་ཀེ་རན་གྱིས་ཨུ་རུ་སུའི་ས་ཐོག་བཙན་འཛུལ་དཔུང་འཇུག་མུ་མཐུད་ནས་བྱས་ཏེ་ད་ཆ་ཉིན་གྲངས་དྲུག་ཙམ་སོང་ཡོད་པ་ནི་དེ་སྔ་བྱུང་མྱོང་མེད་པའི་དྲག་པོའི་ལས་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཡུ་ཀེ་རན་གྱིས་ཨུ་རུ་སུའི་ས་ཐོག་གློ་བུར་དཔུང་འཇུག་བྱེད་དགོས་དོན་དང་དམིགས་ཡུལ་ཇི་ཡིན་ཐད་གསལ་པོ་ཤེས་རྟོགས་མེད་ཀྱང་། ཡུ་ཀེ་རན་གྱི་དྲག་པོའི་དཔོན་རིགས་ཚོས་གསང་རྒྱ་དམ་པོས་སོ་སོར་རྒྱལ་ཁ་སོན་ཐབས་བྱེད་ཀྱི་ཡོད་རེད་ཅེས་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུལ་དེའི་ཀུར་སིའི་མངའ་ཁུལ་གྱི་ཝི་རོ་ནེ་ཛི་དང་བྷེལ་གྷོ་རོཌ། བྷྲ་ཡནྶ་ཀི་ དེ་བཞིན་ཨོར་ཡོལ་བཅས་ལ་ཡུ་ཀེ་རན་གྱིས་མི་མེད་གནམ་གྲུ་༣༥འཕེན་གཏོང་བྱས་ཡོད་པ་དེ་དག་ལ་ཕར་རྒོལ་བྱས་ཏེ་ནུས་མེད་དུ་བཟོས་ལུགས་བཤད་འདུག ཡུ་ཀེ་རན་གྱིས་ཨུ་རུ་སུས་བཤད་པའི་གནས་ཚུལ་ལ་ལན་འདེབས་གང་ཡང་བྱས་མེད་ཀྱང་། འདས་པའི་བདུན་ཕྲག་འགའ་ཤས་ནང་ཡུ་ཀེ་རན་གྱིས་ཨུ་རུ་སུའི་དྲག་པོའི་འཛུགས་བསྐྲུན་ལས་གཞིའི་རྟེན་གཞི་ཁག་དང་རྡོ་སྣུམ་གསོག་འཇོག་བྱ་ཡུལ་བཅས་ཀྱི་ཐོག་དམིགས་ཚད་བཟུང་སྟེ་མི་མེད་གནམ་གྲུས་གཏོར་རྒོལ་ཤུགས་ཆེ་རུ་བཏང་འདུག
རེས་གཟའ་སྤེན་པའི་མཚན་མོ་ཡུ་ཀེ་རན་གྱི་སྲིད་འཛིན་ཛེ་ལེནྶ་ཀིས་ཡུལ་དེའི་རྒྱལ་ཡོངས་ལ་གཏམ་བཤད་གནང་སྐབས་”ང་ཚོའི་དཔུང་དམག་གིས་ཡུག་རེན་གྱི་ས་ཐོག་བཙན་བཤེད་ཀྱི་སྒོ་ནས་དཔུང་འཇུག་བྱེད་མཁན་རྣམས་རྒྱ་ཡན་དུ་མ་བཏང་བར་ཁོང་ཚོར་གནོན་ཤུགས་སྤྲད་དེ་དྲང་བདེན་ལ་རྒྱལ་ཁ་ཐོབ་རྒྱུའི་མཚོན་རྟགས་སྟོན་ཐུབ་པ་བྱེད་ཀྱི་ཡོད་” ཅེས་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་གསུངས་འདུག རེས་གཟའ་སྤེན་པའི་ཉིན་ཨུ་རུ་སུའི་དྲག་པོའི་མི་སྣས་ཡུལ་དེའི་དཔུང་དམག་གིས་རང་གི་ས་ཐོག་དཔུང་འཇུག་བྱེད་མཁན་ཡུ་ཀེ་རན་གྱི་དམག་དཔུང་ལ་འཐབ་རྒོལ་མུ་མཐུད་ནས་བྱས་ཏེ་ཉིན་གྲངས་ལྔ་ཙམ་སོང་ཡོད་པའི་འགྲེལ་བརྗོད་བྱས་འདུག ཨུ་རུ་སུའི་དྲག་པོའི་མི་སྣས་མུ་མཐུད་བརྗོད་དོན། ཐོག་མར་ཡུ་ཀེ་རན་གྱི་དཔུང་དམག་ཆིག་སྟོང་ཙམ་དང་མཚོན་ལྡན་ལྕགས་ཁྲབ་འཁོར་ལོ་༡༡་བཅས་ཀྱིས་ཨུ་རུ་སུའི་ཀུར་སིའི་མངའ་ཁུལ་དུ་དཔུང་འཇུག་བྱས་འདུག་པའི་འགྲེལ་བརྗོད་དང་འབྲེལ་དྲག་པོའི་མཁོ་ཆས་མང་པོ་ནུས་མེད་བཟོས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག
ཨུ་རུ་སུའི་རྒྱལ་ཡོངས་འཇིགས་སྐུལ་རིང་ལུགས་རྩ་མེད་ལས་དོན་ཚོགས་ཆུང་གིས་རེས་གཟའ་པ་སངས་ནས་འགོ་འཛུགས་ཀྱིས་ཨུ་རུ་སུའི་ས་གནས་བྷེལ་གྷོ་རོཌ་དང་། བྷྲ་ཡན་སིཀ་ དེ་བཞིན་ཀུར་སུ་བཅས་ཀྱི་ནང་གནས་སྡོད་བྱེད་མཁན་མང་ཚོགས་སྲུང་སྐྱོབ་ཐུབ་ཐབས་སུ་དགྲ་ཕྱོགས་ཀྱི་གཏོར་རྒོལ་འགོག་སྲུང་བྱ་ཐབས་སུ་ཕར་རྒོལ་བྱེད་འགོ་ཚུགས་ཡོད་པའི་འགྲེལ་བརྗོད་བྱས་འདུག ཡུ་ཀེ་རན་གྱིས་ཀུར་སིག་མངའ་ཁུལ་གྱི་ས་མཚམས་ས་གནས་སུ་མེ་མངའ་ཁུལ་དུ་གནས་སྡོད་བྱེད་མཁན་ཡུ་ཀེ་རན་གྱི་མི་གྲངས་ཉི་ཁྲི་ཙམ་ཞིག་ས་གནས་གཞན་ལ་ཉེ་ཡོལ་དུ་བསྐྱོད་འཇུག་ཡོད་པའི་འགྲེལ་བརྗོད་བྱས་འདུག
ཨེ་པི་གསར་ཁང་དང་སི་ཨན་ཨན་ནས་བཏུས།
གསར་འགོད་པ། ཀུན་བཟང་སྒྲོལ།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།
གླེང་སྟེགས།