ཡུཀ་རེན་གྱི་ལས་སྣེ་འགས་ཨ་སྒོར་ས་ཡ་༤༠་ལྐོག་ཟ་བྱ་ཐབས་བྱས་སྐད།

ཡུཀ་རེན་གྱི་མཚོན་ཆ་

༄༅།། ཡུཀ་རེན་གྱི་མཚོན་ཆ་བཟོ་ཚོང་ལས་ཁུངས་ཤིག་དང་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཁག་ཅིག་ཁ་མཐུན་བྱས་ནས་སྒྱོགས་མདེལ་ཉོ་སྒྲུབ་ཆེད་དུ་ཨ་སྒོར་ས་ཡ་༤༠་མ་ཟིན་ཙམ་ཞིག་ཟུར་འཇོག་བྱས་ཡོད་པ་རྣམས་ལྐོག་ཟ་བྱ་ཐབས་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་སྤེན་པའི་ཕྱི་དྲོར་ཡུཀ་རེན་གྱི་བདེ་འཇགས་ལྷན་ཁང་གིས་མི་༥་ལ་ལྐོག་ཟའི་ནག་ཉེས་བཙུགས། རྒྱལ་སྲུང་ལྷན་ཁང་གི་དམག་དོན་འཕྲུལ་རིག་སྲིད་ཇུས་ཁང་གི་འགོ་ཁྲིད་ཟུར་པ་ཨོ་ལེཀ་སན་ཌར་ལི་ཡེབ་ས་མཚམས་བརྒལ་ནས་བྲོས་བྱོལ་དུ་འགྲོ་ཐབས་བྱས་པའི་སྐབས་སུ་འཛིན་བཟུང་ཐེབས། གལ་སྲིད་མི་དེ་ཚོར་ནག་ཉེས་ཡོད་པ་ཁྲིམས་སར་ར་སྤྲོད་བྱུང་ན་ལོ་༡༢་རེའི་བཙོན་འཇུག་གི་ཉེས་ཆད་འཕོག་རྒྱུ་ཡིན་ཞིང་། ཨོ་ལེཀ་སན་ཌར་ལི་ཡེབ་ཀྱིས་ང་ལ་ནག་ཉེས་མེད། ངས་རང་ཉིད་དཀར་པོ་ཡིན་པ་ཁྲིམས་སར་དག་སྐྱེལ་བྱེད་ཆོག ང་ཕྱི་རྒྱལ་ལ་བྲོས་བྱོལ་དུའང་འགྲོ་ཡི་མེད། ང་ལ་ཁྲིམས་ཐོག་ཏུ་རྒྱལ་ཁ་འཐོབ་རྒྱུའི་གདེང་ཚོད་ཡོད་ཟེར།།

༢༠༢༢་ལོའི་ཕྱི་ཟླ་༧་ནང་ཡུཀ་རེན་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ལྷན་ཁང་གི་འགོ་ཁྲིད་ཨི་ཝན་བྷ་ཀ་ནོབ་

༢༠༡༩་ལོར་སྲིད་འཛིན་ཛེ་ལན་སི་ཀིས་ལྐོག་ཟ་རུལ་སུངས་མེད་པར་གཏོང་རྒྱུ་ཡིན་ཞེས་ཁས་ལེན་བྱས་ནས་འོས་བསྡུའི་རྒྱལ་ཁ་ཐོབ། ༢༠༢༢་ལོའི་ཕྱི་ཟླ་༧་ནང་ཡུཀ་རེན་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ལྷན་ཁང་གི་འགོ་ཁྲིད་ཨི་ཝན་བྷ་ཀ་ནོབ་གནས་དབྱུང་བཏང་སྟེ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་མགོ་བརྩམས། ད་ལྟའི་གྱོད་གཞི་འདི་༢༠༢༢་ལོའི་ཕྱི་ཟླ་༨་པའི་ནང་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གིས་ལེ་ཝིབ་མཚོན་ཆ་བཟོ་ཚོང་ཁང་ལ་ཡུཀ་རེན་གྱི་སྒོར་མོ་དུང་ཕྱུར་༡༥་འམ། ཨ་སྒོར་ས་ཡ་༣༩་དང་འབུམ་༦་སྤྲད་ནས་སྒྱོགས་མདེལ་ཉོ་སྒྲུབ་བྱ་རྒྱུའི་གན་རྒྱ་བཞག་པར་འབྲེལ་བ་ཡོད་པ་སྟེ། ལེ་ཝིབ་མཚོན་ཆ་བཟོ་ཚོང་ཁང་གིས་དངུལ་སྒོར་བླངས་པའི་རྗེས་སུ་ཕྱི་རྒྱལ་ནས་སྒྱོགས་མདེལ་མ་ཉོས་པར་དངུལ་སྒོར་དེ་རྣམས་ཡུཀ་རེན་དང་བྷོལ་ཁན་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་དངུལ་ཁང་ཁག་ཏུ་སྒེར་གྱི་རྩི་ཁྲའི་ནང་དུ་བཅུག ཡུཀ་རེན་གྱི་སྤྱི་ཁྱབ་ཁྲིམས་སྦྱོར་བས་དངུལ་སྒོར་དེ་རྣམས་ཕྱིར་ལེན་ཐུབ་པ་དང་རྒྱལ་སྲུང་དངུལ་རྩིའི་ཁོངས་སུ་བཅུག་ཡོད་ཅེས་བསྒྲགས།།

ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྐོག་ཟ་རུལ་སུངས་སུ་གྱུར་པའི་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་དེ་དག་གི་གྲས་སུ་རྒྱལ་སྲུང་ལྷན་ཁང་གི་དམག་དོན་དང་འཕྲུལ་རིག་སྲིད་ཇུས། མཚོན་ཆ་དང་དམག་གི་ཡོ་ཆས་ཉོ་སྒྲུབ་ཚན་པའི་འགོ་ཁྲིད་དང་ལེ་ཝིབ་མཚོན་ཆ་བཟོ་ཚོང་ཁང་གི་འགོ་ཁྲིད་ཁག་ཅིག་འདུས་ཡོད་ཅིང་། ཨུ་རུ་སུའི་བཙན་འཛུལ་འགོག་པར་མཚོན་ཆ་ཉོ་སྒྲུབ་ཀྱི་དངུལ་སྒོར་ཁོངས་ནས་ལྐོག་ཟ་བྱ་ཐབས་བྱས་པ་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གིས་ངེས་གཏན་བྱས་པ་དང་དོགས་གཞི་ཅན་གྱི་ལས་སྣེ་ཁག་ཅིག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་བརྡ་བརྒྱབ་ཡོད་པའི་གནས་ཚུལ་ཐོན། ཟླ་ཤས་གོང་དུ་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་འགའ་ཞིག་ལ་ལྐོག་ཟ་བྱས་པའི་ཉེས་འཛུགས་ཕོག ༢༠༢༣་ལོའི་ཕྱི་ཟླ་༨་ནང་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཡོངས་ཀྱི་དམག་དོན་ཡོ་བྱད་ཉོ་སྒྲུབ་ལས་ཁུངས་ཁག་གི་འགོ་ཁྲིད་ཚོ་གནས་དབྱུང་བཏང་སྟེ་མི་ཁག་ཅིག་གིས་དམག་ཁྲལ་ལ་གཡོལ་ཐབས་བྱེད་ཀྱི་ཡོད་པའི་ལམ་ལུགས་མེད་བཏང་འདུག

ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་ལ་སྒྱོགས་མདེལ་ཉོ་སྒྲུབ་ཀྱི་དངུལ་སྒོར་ལྐོག་ཟ་བྱ་ཐབས་བྱས་པའི་ལས་སྣེ་དེ་དག་གི་གྲས་སུ་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཟུར་པ་དང་ལས་ཐོག་ཁག་ཅིག་ཡོད་པར་མ་ཟད། ལེ་ཝིབ་མཚོན་ཆ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཡུ་རི་ཛ་བྷི་ཏ་ནེབ་(Yurii Zbitnev)་ཀྱིས་སྒྱོགས་མདེལ་ཉོ་ཚོང་གི་གན་རྒྱ་འཇོག་མཁན་དེ་བཟོ་ཚོང་ལས་ཁུངས་ནས་ཕྱིར་ཕུད་བྱས་པ་ཡིན། ང་ཚོས་ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་ལ་མཉམ་འབྲེལ་བྱས་ནས་དངུལ་སྒོར་ཕྱིར་ལེན་ཐུབ་ཐབས་བྱེད་ཀྱི་ཡོད། དངུལ་སྒོར་དེ་རྣམས་དགོས་ངེས་ཀྱི་དམིགས་སྒོ་ཁག་ལ་འགྲོ་གྲོན་གཏོང་དགོས་ཀྱི་རེད་ཅེས་བཀྲལ། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་ཌི་མི་ཊོ་རོ་ཀ་ལི་མན་ཀོབ་(Dmytro Klymenkov)་ཀྱིས་ང་ཚོས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་མཚམས་འཇོག་དང་བཟོད་སྒོམ་ནམ་ཡང་བྱ་རྒྱུ་མིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། སྲིད་འཛིན་ཛེ་ལན་སི་ཀི་སིར་ཕྱི་ནང་གཉིས་སུ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་འཛུགས་སྐྲུན་ལས་ཁུངས་ཆེ་ཤོས་དེའི་སྤྱི་ཁྱབ་འགན་འཛིན་ཨོ་ལཱེ་མེ་བྷོ་རོ་ཌས་(Oleh Maiboroda)་ཀྱིས་སྔོན་ཆད་ངའི་ལས་ཁུངས་ནང་དུ་ལྕགས་སྒམ་ནང་ལ་ཨ་སྒོར་ཆག་པ་ཆག་པ་བརྩིགས་ནས་བཞག་པ་ཡིན། དངུལ་སྒོར་དེ་རྣམས་ཁང་པ་འཛུགས་སྐྲུན་གྱི་ཆོག་མཆན་འགོད་པར་གཞུང་འབྲེལ་མི་སྣ་ཚོར་ལྐོག་རྔན་སྤྲོད་རྒྱུའི་དངུལ་སྒོར་ཡིན། དངུལ་སྒོར་སྤྲོད་མཁན་དེ་ཨོ་ལཱེ་ཊ་ཊ་རོབ་ཡིན་པ་དང་དེང་སྐབས་ཁོ་པ་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་རེད། ཊ་ཊ་རོབ་ཀྱིས་༢༠༡༤་ནས་༢༠༡༩་བར་དུ་དངུལ་སྒོར་ལྐོག་མ་བརྫངས་ནས་དཀའ་ངལ་ཚང་མ་སེལ་བ་རེད་ཅེས་སྨྲས། ཨོ་ལཱེ་མེ་བྷོ་རོ་ཌ་ལ་ཁྲིམས་འགལ་དང་ལྐོག་རྔན་སྤྲད་པའི་ནག་ཉེས་ཕོག་སྟེ་ཕྱི་རྒྱལ་དུ་བྲོས་ནས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ཡ་ན་གྲོང་ཁྱེར་དུ་གཞིས་ཆགས། ཁོ་པའི་སྐད་ཆ་དེ་ཚོས་སྲིད་འཛིན་ཛེ་ལན་སི་ཀིར་སླར་ཡང་སློབ་སྟོན་པ་ཊ་ཊ་རོབ་འགེབས་སྐྱོབ་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་འཕོག་ཤས་ཆེ།།

མེ་བྷོ་རོ་ཌས་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་ཊ་ཊ་རོབ་(Tatarov)་ལ་ཉེས་འཛུགས་བྱས་པར་དཔང་རྟགས་སྟོན་རྒྱུ་མེད། ༢༠༢༢་ལོའི་ཕྱི་ཟླ་༤་པའི་ནང་ཡུཀ་རེན་གྱི་ལྐོག་ཟ་བཀག་སྡོམ་ལས་ཁུངས་ཀྱིས་ཊ་ཊ་རོབ་ལ་ཞིབ་འཇུག་བྱས་ཏེ་ལྐོག་རྔན་སྤྲོད་ལེན་བཀོད་སྒྲིག་བྱས་འདུག་ཅེས་ནག་ཉེས་བཙུགས་ནས་ཁ་མཆུ་མཇུག་བསྡུས་པ་བསྐྱར་ཟློས་བྱས་པ་ཙམ་དུ་ཟད། ༢༠༢༠་ནས་ཊ་ཊ་རོབ་ཀྱིས་སྲིད་འཛིན་ཛེ་ལན་སི་ཀིར་ཁྲིམས་འཛིན་དང་བདེ་འཇགས་སྲུང་སྐྱོབ་ཀྱི་སློབ་སྟོན་པའི་སྲི་ཞུ་བསྒྲུབས། ཁོ་པས་ང་ལ་སྐྱོན་འཛུགས་བྱེད་མཁན་ཚོས་ཆབ་སྲིད་ཀྱི་སྙིང་ནད་རྩོད་ཀྱི་ཡོད་པ་རེད་ཅེས་ལན་བཏབ། སྲིད་འཛིན་ཛེ་ལན་སི་ཀིས་ངས་ནན་པོ་བྱས་ནས་བཤད་དགོས་པ་ཞིག་ནི་ལྐོག་ཟ་རུལ་སུངས་ལ་བཟོད་སྒོམ་བྱེད་མི་ཐུབ། ངའི་མཉམ་དུ་ཡོད་པའི་ལས་སྣེ་ཚོ་ལྐོགས་ཟ་རུ་སུངས་སུ་གྱུར་ཡོད་པ་ཐེར་འདོན་བྱུང་ན་གནས་དབྱུང་གཏོང་རྐྱང་ཡིན། ད་སྔ་སྲིད་འཛིན་ལས་ཁུངས་སུ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པའི་ལས་སྣེ་ཡོད་པའི་དཔེ་མཚོན་འདྲེན་རྒྱུ་མེད་ཅེས་བཅར་འདྲི་ཞིག་གི་སྐབས་སུ་བཤད་འདུག

ཡུཀ་རེན་གྱི་མཚོན་ཆ་

༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གཉིས་སུ་སྲིད་འཛིན་ཛེ་ལན་སི་ཀིར་དམག་འཁྲུག་གི་དུས་ཀྱི་འགོ་ཁྲིད་ཅེས་བསྔགས་བརྗོད་ཐོབ། མི་ཁག་ཅིག་གིས་སྲིད་འཛིན་ཛེ་ལན་སི་ཀིས་ལྐོག་ཟ་རུལ་སུངས་བཀག་འགོག་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་གཡོ་གཏམ་རེད། ༢༠༢༢་ལོར་ཡུ་རོབ་གླིང་གི་ལྐོག་ཟ་རུལ་སུངས་ལ་ཞིབ་འཇུག་བྱས་པའི་རེའུ་མིག་ནང་དུ་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཕྱི་གསལ་ནང་གསལ་མེད་པར་སྡུག་ཤོས་ཡིན་པ་འཁོད་འདུག་ཅེས་སྐྱོན་བྲུས། ན་ནིང་ཕྱི་ཟླ་༦་པའི་ནང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ཡུཀ་རེན་གྱི་འཛིན་སྐྱོང་ལམ་ལུགས་ལེགས་བཅོས་བཏང་ནས་ཕྱི་གསལ་ནང་གསལ་དུ་བསྒྱུར་ཡོད་པ་དང་ལྐོག་ཟ་རུལ་སུངས་བཀག་ནས་གྲུབ་འབྲས་ཐོན་ཡོད་པ་རྣམས་རོགས་དངུལ་སྤྲོད་མཁན་རྒྱལ་ཁབ་ཁག་ལ་སྟོན་དགོས་ཞེས་སྙན་ཐོ་བཏོན། ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་ཡུཀ་རེན་གྱི་འགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་གཙིགས་སུ་འཛིན་དགོས་ཞེས་ནན་གྱིས་བསྐུལ།།

ཡུཀ་རེན་ནུབ་ཆིངས་དང་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་འབད་བརྩོན་བྱེད་བཞིན་པའི་དུས་སུ་སྲིད་འཛིན་ཛེ་ལན་སི་ཀིའི་གཞུང་གིས་ལྐོག་ཟ་བཀག་ནས་རུལ་སུངས་སུ་གྱུར་པའི་གཞུང་འབྲེལ་མི་སྣ་ཚོ་ཁྲིམས་ལ་སྦྱར། ནུབ་ཆིངས་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀས་ཡུཀ་རེན་ཚོགས་ཁོངས་དེར་མ་བཅུག་གོང་དུ་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་དགོས་ཞེས་ཆ་རྐྱེན་བཏོན། ཡུཀ་རེན་གྱི་དམག་དོན་རོགས་དངུལ་མང་ཆེ་བ་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་སྤྲོད་ཀྱི་ཡོད་མོད། འོན་ཀྱང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུ་བཀག ད་ལྟ་ཡུཀ་རེན་གྱི་ལས་སྣེ་ཚོས་དམག་དོན་རོགས་དངུལ་ཁོངས་ནས་ལྐོག་ཟ་བྱ་ཐབས་བྱས་པའི་གནས་ཚུལ་ཐོན་ཏེ་སྲིད་འཛིན་བྷ་ཌན་གྱིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་གསར་པ་སྤྲོད་རྒྱུ་དཀའ་ངལ་ཆེ་རུ་འགྲོ་སྲིད། དེ་བཞིན་ནུབ་ཆིངས་དང་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་ཡུཀ་རེན་ཚོགས་ཁོངས་དེར་འཇུག་རྒྱུར་ཐེ་ཚོམ་འཛིན་སྲིད་པའི་གནས་ཚུན་ཐོན་འདུག