ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཨུ་རུ་སུའི་བུད་མེད་ཚོས་ཁྱོ་ག་རྣམས་རང་ཁྱིམ་ལ་ལོག་ཏུ་འཇུག་དགོས་ཟེར།


མ་རི་ཡ་ཨན་ཌི་རི་ཝ་ཞེས་པའི་བུད་མེད་ཅིག་གིས་ང་ཚོའི་ཁྱོ་ག་རྣམས་རང་ཁྱིམ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས།
མ་རི་ཡ་ཨན་ཌི་རི་ཝ་ཞེས་པའི་བུད་མེད་ཅིག་གིས་ང་ཚོའི་ཁྱོ་ག་རྣམས་རང་ཁྱིམ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས།

༄༅།། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་མཛད་སྒོ་འཚོགས་ཡུལ་ཞིག་ཏུ་བུད་མེད་ཁག་ཅིག་གིས་ཁྱོ་ག་རྣམས་ཡུཀ་རེན་གྱི་དམག་ས་ཁག་ནས་རང་ཁྱིམ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཞེས་སྲིད་འཛིན་ཕུ་ཊིན་ལ་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་འདུག ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་༢༠༢༢་ལོའི་སྟོན་ཁར་དམག་མི་གསར་པ་འབུམ་༣་བསྡུས་པའི་གྲས་སུ་ཨུ་རུ་སུའི་བུད་མེད་དེ་དག་གི་ཁྱོ་གོ་རྣམས་ཚུད་ཡོད་ཅིང་། མ་རི་ཡ་ཨན་ཌི་རི་ཝ་()་ཞེས་པའི་བུད་མེད་ཅིག་གིས་ང་ཚོའི་ཁྱོ་ག་རྣམས་རང་ཁྱིམ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས། ཁོ་ཚོའི་ལས་འགན་གྲུབ་སྟེ་དམག་ཁོངས་ནས་དགོངས་པ་ག་དུས་འཁྲོལ་གྱི་རེད། ཁོ་ཚོའི་རྐང་ལག་བཅད་པའི་རྗེས་སུ་ཕྱིར་སློག་བྱ་རྒྱུ་ཡིན་ནམ། ཁོ་ཚོ་མི་མིན་རོ་མིན་ཞིག་ཏུ་གྱུར་པའི་མཚམས་སུ་ཕྱིར་ལོག་བྱེད་དུ་འཇུག་རྒྱུ་ཡིན་ནམ། ཡང་ན་ང་ཚོའི་ཁྱོ་ག་རྣམས་རོ་སྒམ་ནང་དུ་འཁྱེར་ཡོང་རྒྱུ་དེར་ང་ཚོས་སྒུག་དགོས་སམ་ཞེས་དྲིས། བུད་མེད་དེ་རྣམས་སྤྱི་ཚོགས་དྲྭ་ལམ་དུ་ཐུག་སྟེ་རང་ཁྱིམ་བཞུད་ལམ་ཞེས་པའི་ཚོགས་པ་བཙུགས།།

ཨུ་རུ་སུའི་མི་དམངས་རྣམས་དམག་འཁྲུག་ལ་ཡི་ཐང་ཆད་ཡོད་པ་ཧ་ཅང་གསལ་པོ་ཡིན་རུང་མང་ཚོགས་ཀྱིས་ཡོངས་གྲགས་སུ་དེ་ལ་སྐྱོན་བརྗོད་བྱེད་མི་ཕོད། ཐ་ན་བུད་མེད་ཁག་ཅིག་གིས་སྲིད་འཛིན་ཕུ་ཊིན་ནས་དམིགས་བསལ་དམག་དོན་ལས་འགུལ་སྤེལ་གྱི་ཡོད་ཟེར་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་མོད། འོན་ཀྱང་བུད་མེད་ཁག་ཅིག་དམག་འཁྲུག་གི་སྲིད་ཇུས་ལ་མ་འཐད། བུད་མེད་དེ་ཚོར་གཅིག་གྱུར་གྱི་ལྟ་ཚུལ་ཞིག་ཡོད་པ་ནི་རང་གི་ཁྱོ་ག་དེ་ཚོས་དམག་ཁོངས་སུ་སྲི་ཞུ་བསྒྲུབས་ནས་འདང་ཡོད། ད་ནི་ཁོ་ཚོ་རང་ཁྱིམ་དུ་ཕྱིར་ལོག་བྱས་ཏེ་བཟའ་ཟླ་བུ་ཕྲུག་ལ་ལྟ་སྐྱོང་དང་ཁྱིམ་ཚང་འཛིན་སྐྱོང་བྱེད་པའི་དུས་ཚོད་རེད་ཅེས་དགོས་འདུན་བཏོན། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོར་དམག་ཁོངས་སུ་བསྡུས་པ་རྣམས་རང་ཁྱིམ་དུ་ཕྱིར་སློག་བྱ་རྒྱུའི་འདོད་པ་མེད། ཨུ་རུ་སུའི་སྤྱི་དམངས་གང་ཞིག་གིས་དམག་འཁྲུག་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱས་ན་ལོ་༡༥་རེའི་བཙོན་འཇུག་གི་ཁྲིམས་ཐག་གཅོད། བུད་མེད་དེ་དག་གིས་ཀྱང་རང་རང་གི་གཏམ་བཤད་ཀྱི་རྗོད་ཚིག་ཁག་ལ་གཟབ་ནན་བྱས་ནས་ཨུ་རུ་སུའི་གཞུང་གིས་བཅའ་ཁྲིམས་གསར་པ་ཁག་ཅིག་གཏན་འབེབས་བྱས་ཡོད་པར་འགལ་འཛོལ་མི་འབྱུང་བའི་ཐབས་སུ་བརྩོན།།

Russia Ukraine War Russian Dead
Russia Ukraine War Russian Dead

ཨན་ཊོ་ནི་ན་ཞེས་པའི་བུད་མེད་ཅིག་གིས་ང་ཚོས་རང་གི་སྲིད་གཞུང་ལ་ཡིད་ཆེས་བྱ་དགོས་པ་རེད། ད་ལྟ་ང་ཚོས་ཡིད་ཆེས་བྱེད་ཐུབ་བམ། ང་ནི་སུ་གཅིག་ལའང་ཡིད་ཆེས་མེད་ཅེས་ལྟ་ཚུལ་བརྗོད། ཨུ་རུ་སུའི་བུད་མེད་དེ་ཚོས་རང་གི་ཁྱོ་ག་དང་བུ། གཅེན་གཅུང་རྣམས་དམག་ས་ནས་ཕྱིར་ལོག་བྱེད་དུ་འཇུག་དགོས། ང་ཚོའི་སྐྱེས་པ་ཚོས་ལོ་དང་ཟླ་བ་བསྟུད་ནས་འཐབ་འཁྲུག་རྒྱག་དགོས་དོན་ཅི་རེད་ཅེས་གཤེས། ཨུ་རུ་སུའི་གཞུང་གི་བཀའ་བརྩིས་ནས་དམག་ཁོངས་སུ་ཞུགས་ཏེ་འཐབ་འཁྲུག་རྒྱག་གི་ཡོད་པའི་སྐྱེས་པ་ཚོར་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོས་ཁ་རྡུང་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག བུད་མེད་དེ་ཚོས་ཁྱིམ་ཚང་གི་དཀའ་ངལ་རྣམས་ས་གནས་འགོ་ཁྲིད་བྷོ་རི་སི་ན་ཌེ་ཤ་དིན་ལ་ཞུས། ཁོ་པས་སྔོན་མ་ནས་དམིགས་བསལ་དམག་དོན་ལས་འགུལ་ཟེར་བ་དེར་སྐྱོན་བརྗོད་བྱ་རྒྱུ་མགོ་བརྩམས། ཁྱད་མཚར་ཞིག་ལ་ཁོ་པ་རྒྱལ་ཡོངས་བརྙན་འཕྲིན་ནང་དུ་ཐོན་ཆོག་པ་དང་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་སྟེ་རྒྱལ་ཡོངས་བརྙན་ཁག་གི་ལས་རིམ་ནང་དུ་ཞུགས།།

བྷོ་རི་སི་ན་ཌེ་ཤ་དིན་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་ཀྱི་ཡོད་པར་མ་ཟད། ཕུ་ཊིན་གྱིས་དམག་འཁྲུག་བསླངས་ནས་དབང་ཐང་ཉམས་ཡོད་པའི་གོ་སྐབས་བླངས། ཁོ་པས་ལོ་རབས་༩༠་པའི་རྗེས་སུ་ཕུ་ཊིན་གྱིས་ཨུ་རུ་སུར་ཞི་བདེ་བརྟན་ལྷིང་བསྐྲུན་ཏེ་བདེ་འཇགས་ལྡན་པ་ཞིག་ཏུ་བསྒྱུར། ཨུ་རུ་སུའི་མི་དམངས་ཀྱིས་ཕུ་ཊིན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་རེད། དེང་སྐབས་ཨུ་རུ་སུའི་མི་དམངས་ཀྱིས་རྒྱལ་ཁབ་ལ་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་མེད་པ་ངོས་ཟིན་རྒྱུ་ཇེ་མང་དུ་ཕྱིན་འདུག་ཅེས་བཤད། སྲིད་འཛིན་ཕུ་ཊིན་དང་དམག་འཁྲུག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་བུད་མེད་དེ་རྣམས་ནུབ་ཕྱོགས་པའི་རྒྱུག་ཁྱི་རེད་ཅེས་དགྲ་རུ་བརྩིས། ཨུ་རུ་སུའི་གྲོས་ཚོགས་འོག་མའི་རྒྱལ་སྲུང་ཚོགས་ཆུང་གི་འཐུས་མི་ཨན་ཌི་རི་ཀར་ཏ་པོ་ལོབ་ཀྱིས་བུད་མེད་ཁག་ཅིག་གིས་ཁྱོ་གོ་ཚོ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཟེར་གྱི་ཡོད་པ་ནི་དགྲ་བོའི་སྐད་ཆ་རེད། ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་སམ། ཨ་རིའི་དབུས་གསང་བའི་ལས་ཁུངས་གང་རུང་ཞིག་གིས་ཨུ་རུ་སུའི་བུད་མེད་དེ་ཚོར་ངན་སྐུལ་བྱས་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་དུ་འཇུག་གི་ཡོད་པ་རེད་ཅེས་སྨྲས།།

གྲོས་ཚོགས་འཐུས་མི་ཀར་ཏ་པོ་ལོབ་ཀྱིས་༡༩༤༢་ལོར་བུད་མེད་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་སུ་བཅར། ང་ཚོའི་ཁྱོ་ག་རྣམས་༡༩༤༡་ནས་དམག་སར་བཏང་སྟེ་དམག་འཁྲུག་བརྒྱབ་ནས་ལོ་གཅིག་ཕྱིན་སོང་། ད་ལྟ་ཁོ་ཚོ་རང་ཁྱིམ་ལ་ཕྱིར་ལོག་བྱེད་དུ་ཆུགས་ཞེས་སི་ཏ་ལིན་འབོད་སྐུལ་ཞུས་ཡོད་ན་ཅི་ཞིག་བྱུང་ཡོད་རྒྱུ་རེད། དེ་ནི་སུ་གཅིག་གི་བློ་ཡུལ་དུ་འཆར་ཐུབ་པ་ཞིག་མ་རེད་ཅེས་ཡུཀ་རེན་གྱི་དམག་འཁྲུག་དང་འཛམ་གླིང་དམག་ཆེན་གཉིས་པ་གཤིབ་སྡུར་བྱས་འདུག མ་རི་ཡའི་ཁྱོ་གོ་དང་ཚ་བོ་གཉིས་དམག་ཁོངས་སུ་བསྡུས། ཁོ་མོས་གྲོས་ཚོགས་འཐུས་མི་ཀར་ཏོ་པོ་ལོབ་ཀྱི་སྐད་ཆ་དེ་ཁྱད་གསོད་ཅིག་རེད། ཁོ་པས་དམིགས་བསལ་དམག་དོན་ལས་འགུལ་ཟེར་བ་འདི་དང་འཛམ་གླིང་དམག་ཆེན་གཉིས་པ་གཤིབ་སྡུར་བྱེད་ཕོད་པ་ཡ་མཚན་ཆེ། དམག་ཆེན་གཉིས་པའི་དུས་སུ་ང་ཚོར་ཚུར་རྒོལ་བྱས་ནས་ཨུ་རུ་སུ་ཆགས་འཇིག་གི་མཚམས་སུ་བསླེབས་པ་རེད། སྐབས་དེར་དམག་ཁྲིམས་བསྡམས་ནས་དམག་སྐུལ་བྱས་པ་རེད། ད་ལྟ་ཅི་ཞིག་འབྱུང་གི་ཡོད་པ་ནི་རྦད་དེ་ལྡོག་ཕྱོགས་ཤིག་རེད་ཅེས་དགག་པ་བརྒྱབ།།

མ་རི་ཡས་ངས་རང་གི་བཟའ་མི་རྣམས་དམག་ས་ནས་ཕྱིར་ལོག་ཐུབ་པའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་པ་གཅིག་པུ་མིན། ཨུ་རུ་སུའི་སྐྱེས་པ་འདི་ལས་མང་བ་ཞིག་དམག་ཁོངས་སུ་བསྡུས་ཏེ་དམག་སར་གཏོང་རྒྱུ་ཡིན་པ་འགོག་གི་ཡོད། ང་ཚོར་དམག་སྐུལ་ཐེངས་གཉིས་པ་བྱེད་དུ་འཇུག་འདོད་མེད། མི་མང་དཀྱུས་མ་རྣམས་དམག་ཁོངས་སུ་བསྡུས་ནས་དམག་འཁྲུག་རྒྱག་ཏུ་འཇུག་གི་ཡོད་པར་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་ཨུ་རུ་སུའི་སྤྱི་དམངས་ཡོད་དོ་ཅོག་ལ་དམག་འཁྲུག་འདིས་ཀུན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་ཤེས་རྟོགས་ཐུབ་ཏུ་འཇུག་ཐབས་བྱེད་ཀྱི་ཡོད། མི་ཁག་ཅིག་གིས་མགོ་རུལ་པ་སྣ་བས་ཚོར་གྱི་མི་འདུག ངས་མི་དེ་ཚོར་རྒྱུས་ལོན་བྱེད་ཐུབ། མི་རྣམས་འགྲོ་བ་མི་རུ་མི་བརྩི་བར་སྐྱེ་དངོས་ཀྱི་རྒྱུ་ཆ་ཞིག་ཏུ་བརྩིས་ཏེ་བདེ་སྐྱིད་མྱོང་དུ་མི་འཇུག་བའི་རྒྱལ་ཁབ་ཅིག་ཏུ་མི་ལ་རིན་ཐང་ཆུང་། གལ་སྲིད་མི་དམངས་ལ་འཚོ་གནས་བྱ་འདོད་ཡོད་ན་སྔ་གཞུག་མ་གཏོགས་གནད་འགག་འདི་ངོས་ཟིན་དགོས། ང་ཚོ་དམག་འཁྲུག་ལ་འཐད་པ་མེད་ཅེས་སྐད་གསང་ཐོན་པོས་ལངས་ཕྱོགས་གསལ་སྟོན་བྱ་དགོས་ཞེས་བཀྲལ།།

ཁ་སྔོན་ཕྱི་ཟླ་༡༢་པའི་ནང་སྲིད་འཛིན་ཕུ་ཊིན་གྱིས་དམག་མི་ས་ཡ་ཕྱེད་ཀ་ཙམ་བསྡུ་ཐུབ་སོང་། ང་ཚོས་དམག་སྐུལ་ཐེངས་གཉིས་པ་བྱ་དགོས་དོན་མེད་ཅེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་བསྒྲགས། ༢༠༢༢་ལོའི་ཕྱི་ཟླ་༣་ནང་ཕུ་ཊིན་གྱིས་དམག་ཁྲལ་བསྡུས་པ་རྣམས་དམག་འཁྲུག་ལ་ཞུགས་མི་དགོས། གསར་དུ་དམག་སྐུལ་བྱ་འཆར་མེད་ཅེས་བཤད་ཀྱང་ཟླ་བ་༦་གི་རྗེས་སུ་དམག་མི་འབུམ་༣་བསྡུས། ད་ལྟ་ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་ཚབས་ཆེན་འཕོག་གི་ཡོད་པས་མ་རི་ཡ་སོགས་དམག་མིའི་བཟའ་ཟླ་ཚོས་ཕུ་ཊིན་གྱིས་སླར་ཡང་དམག་སྐུལ་བྱ་རྒྱུ་རེད་ཅེས་སྐྲག ཨུ་རུ་སུའི་བུད་མེད་དེ་ཚོས་གཟའ་སྤེན་པ་རྟག་པར་མགོ་རས་དཀར་པོའི་མྱང་གོས་དཀྲིས་ནས་མོ་སི་ཀོའི་ཐང་ཆེན་དམར་པོར་སྔོན་གཤེགས་དཔའ་བའི་རྗེས་དྲན་མདུན་མེ་ཏོག་དཀར་པོ་བཤམས་ཏེ་ཞི་བའི་སྒོ་ནས་དམག་འཁྲུག་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན། ཁོ་ཚོས་དར་འཕྲིན་དྲྭ་ལམ་དུ་མེ་ཏོག་དེ་རྣམས་ང་ཚོའི་སྙིང་ཉེ་ཚོ་དང་དམག་འཁྲུག་གི་ནང་དུ་ཤི་བ་རྣམས་རྗེས་དྲན། ང་ཚོའི་དཔའ་རྒོད་རྣམས་ལ་ཆེ་བསྟོད་བྱེད་པའི་ཆེད་དུ་ཡིན་ཞེས་འགྲེལ་བཤད་བྲིས།།

་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཝི་ཡ་ཆེ་ས་ལབ་ཝོ་ལོ་ཌིན་
་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཝི་ཡ་ཆེ་ས་ལབ་ཝོ་ལོ་ཌིན་

ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཝི་ཡ་ཆེ་ས་ལབ་ཝོ་ལོ་ཌིན་གྱིས་དམིགས་བསལ་དམག་དོན་ལས་འགུལ་ལ་ངོ་རྒོལ་བྱེད་མཁན་ཚོ་དང་དམག་དཔུང་ལ་མཚན་སྨོད་བྱས་པ། མང་ཚོགས་ལ་སྐུལ་སློང་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་དུ་འཇུག་མཁན་ཚོ་དགྲ་བོར་བརྩིས་ཏེ་དེ་དག་གི་རྒྱུ་དངོས་དང་མཁར་རྗེ་དབང་ཐང་རྣམས་གཞུང་བཞེས་གཏོང་ཆོག་པའི་བཅའ་ཁྲིམས་གཏན་འབེབས་བྱ་དགོས། ༡༩༣༠་སོ་གྲངས་སུ་སི་ཏ་ལིན་གྱིས་རྒྱལ་ཁབ་ཀྱི་དགྲ་བོ་རྣམས་རྩ་མེད་བཏང་བ་རེད་གྲོས་གཞི་བཏོན། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཚོས་གྲོས་གཞི་དེར་རྒྱབ་སྐྱོར་བྱས་ནས་གྲོས་ཆོད་བཞག་པ་དང་སྲིད་འཛིན་ཕུ་ཊིན་གྱིས་དེ་ལ་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཚེ། ཡུཀ་རེན་གྱི་དམག་འཁྲུག་ལ་མོས་པ་མེད་པའི་སྐད་ཆ་ཚིག་གཅིག་བཤད་ཀྱང་མི་དེ་འཛིན་བཟུང་བཙོན་འཇུག་དང་མཁར་རྗེ་དབང་ཐང་གཞུང་བཞེས་གཏོང་རྒྱུ་ཡིན་ཞིང་། དེ་མིན་ན་དམག་འཁྲུག་ལ་མོས་མཐུན་མེད་པའི་སྐད་ཆ་བཤད་མཁན་ཚོར་དངུལ་སྒོར་གྱི་ཉེས་ཆད་བཅད་ནས་དམག་འཁྲུག་གི་འགྲོ་གྲོན་འདུ་འགོད་བྱ་རྒྱུའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG