༄༅།། འདས་པའི་ལོ་དེར་ཕུ་ཊིན་གྱིས་སྐྱེས་པ་འབུམ་༣་ལྷག་དམག་ཁོངས་སུ་བསྡུས། ཨུ་རུ་སུའི་རྒྱལ་ཡོངས་སུ་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བྱས་ཏེ་ཟིང་འཁྲུག་ཆེན་པོ་ཞིག་ལངས་མ་ཐུབ། ད་ལྟ་ཨུ་རུ་སུའི་དམག་མིའི་བཟའ་མི་ཚོས་ཕུ་ཊིན་གྱི་དམག་སྐུལ་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མགོ་བརྩམས། ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༢༦་ལ་སོན་པའི་རྒྱལ་ས་མོ་སི་ཀོའི་གྲོང་མི་སྨན་ཆུང་མ་མཱ་རི་ཡ་སེམ་ཡོ་ནོ་ཝ་ཞེས་པ་ཞིག་གིས་གསར་འགོད་པར་༢༠༢༢་ལོའི་ཕྱི་ཟླ་༩་པའི་ཞོགས་པ་སྔ་པོ་ཞིག་ལ་ང་ཚོའི་སྒོ་རྡུང་གི་འདུག ངའི་དགའ་རོགས་ཀྱི་ལག་ཏུ་དམག་སྐུལ་གྱི་བཀའ་ཡིག་འཕྲོད་འདུག ང་ནི་གཉིད་ཡག་པོ་ཞིག་སད་མེད་ཀྱང་སྐྲག་ནས་འདར་སིག་བརྒྱབ། ངས་ཞོགས་པ་དེ་ཁ་སང་ཡིན་པ་ལྟར་རྡོ་ལ་རི་མོ་བྲིས་པ་ཇི་བཞིན་གསལ་པོར་དྲན་གྱི་འདུག ངའི་དགའ་རོགས་ལ་ཟླ་བ་གཅིག་དང་ཕྱེད་ཀའི་དམག་སྦྱོང་སྤྲད་ནས་ཡུཀ་རེན་ལ་བཏང་སྟེ་ད་དུང་ཡང་དམག་སར་ལུས་ཡོད་ཅེས་སྨྲས།།
མཱ་རི་ཡ་སེམ་ཡོ་ནོ་ཝའི་དགའ་རོགས་དེ་དམག་ཁོངས་སུ་བསྡུས་པའི་རྗེས་སུ་མོ་ལ་སེམས་ཁྲལ་བྱུང་སྟེ་ལས་ཀར་དམིགས་པ་གཏོད་མ་ཐུབ་པར་གྱུར་ནས་བདུན་ཕྲག་གཅིག་གི་གཞུག་ཏུ་དགོངས་པ་ཞུས། ༢༠༢༤་འགོ་ཚུགས་ཀྱི་ཡོད་པའི་མཚམས་འདིར་ཨུ་རུ་སུའི་དམག་མིའི་ཆུང་མ་དང་གྲོགས་མོ་སོགས་བུད་མེད་ཚོས་དམག་སྐུལ་གྱི་ངོ་རྒོལ་ལས་འགུལ་རྒྱ་བསྐྱེད། ཕུ་ཊིན་གྱིས་ཨུ་རུ་སུའི་དམག་མིའི་ཆུང་མ་དང་གྲོགས་མོ་ཚོའི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱེད་མི་ཕོད་ཀྱང་སྣང་མེད་དུའང་གཏོང་དཀའ། ཨུ་རུ་སུའི་བུད་མེད་ཚོས་རང་གི་ཁྱོ་ག་དང་དགའ་རོགས་རྣམས་དམག་ས་ནས་རང་ཁྱིམ་དུ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་པར་སྤྱི་ཚོགས་དྲྭ་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། སྨན་ཆུང་མ་སེམ་ཡོ་ནོ་ཝས་ངས་སྲིད་འཛིན་ཕུ་ཊིན་དང་འབྲེལ་གྱི་ཡོད་འགོ་ཁྲིད་ཚོར་འབོད་སྐུལ་ལན་མང་ཞུས་ཀྱང་ཕན་ཐོགས་མི་འདུག་ཅེས་འཛེམ་ཟོན་མེད་པར་ཧྥ་རན་སི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པར་གླེང་མོལ་བྱས་འདུག
ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱལ་ས་མོ་སི་ཀོ་དང་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་བཅས་ཨུ་རུ་སུའི་གྲོང་ཁྱེར་ཁག་ཏུ་མི་ཁྲི་ཚོ་མང་པོས་ངོ་རྒོལ་བྱས་ཀྱང་ཕུ་ཊིན་གྱིས་དྲག་ཆས་ཉེན་རྟོག་པ་བཏང་ནས་ངོ་རྒོལ་བ་རྣམས་བཙོན་དུ་བཅུག ཨུ་རུ་སུའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོར་ཉུང་མཐའ་ཡང་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་གཅོད་ཆོག་ཅེས་བཅའ་ཁྲིམས་གཏན་ལ་ཕབ། ཟླ་བ་སྔོན་མའི་ཉིན་ཞིག་སྨན་ཆུང་མ་སེམ་ཡོ་ནོ་ཝ་དང་བུད་མེད་ཁག་ཅིག་གིས་ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་ཉེ་འགྲམ་དུ་ངོ་ཐག་མ་ཆོད་པའི་དམག་ཞབས་འདས་པོའི་རྗེས་དྲན་ཁང་གི་མདུན་དུ་མེ་ཏོག་དཀར་པོ་བཤམས་ནས་དམག་འཁྲུག་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན། སྨན་ཆུང་མ་སེམ་ཡོ་ནོ་ཝས་ང་ནི་ཁོ་ལ་བརྩེ་དུང་ཆེན་པོ་ཡོད། ངས་ཁོ་པ་བདག་མེད་དུ་འཇོག་རྒྱུ་མིན། ངའི་དགའ་རོགས་གུང་སེང་ལ་ཐེངས་དང་པོ་ཡོང་དུས་མི་གཤིས་རྩུབ་པོ་ཞིག་ཏུ་གྱུར་འདུག གུང་སེང་ལ་ཐེངས་གཉིས་པ་ཡོང་དུས་ཉིན་ཧྲིལ་པོར་ར་བཟི་ནས་བསྡད་དེ་དགོང་མོ་གཉིད་ལངས་བྱེད་ཀྱི་འདུག་བཀྲལ།།
ཉེ་བའི་ཟླ་ཤས་ཤིག་ནས་དམག་ཁོངས་སུ་བསྡུས་པའི་ཨུ་རུ་སུའི་དམག་མིའི་བཟའ་མི་ཚོས་དྲྭ་ཚོགས་མང་པོ་བཙུགས། དར་འཕྲིན་དྲྭ་ལམ་དུ་བཙུགས་པའི་དྲྭ་ཚོགས་ཞིག་གི་མིང་ལ་རང་ཁྱིམ་བཞུད་ལམ་ཞེས་དྲྭ་བྱང་བཀོད། དྲྭ་ཚོགས་དེར་རྗེས་འཇུག་པ་༣༨༠༠༠་ཡོད་ཀྱང་ཨུ་རུ་སུའི་གཞུང་གཉེར་གསར་འགྱུར་ལས་ཁུངས་ཁག་གིས་ཞིབ་བཤེར་བྱས་ནས་ལས་འགུལ་དེ་སྣང་མེད་དུ་བསྐྱུར། ད་ལོའི་ཕྱི་ཟླ་༣་ནང་ཨུ་རུ་སུར་སྲིད་འཛིན་འོས་བསྡུ་བྱེད་ཀྱི་ཡོད་པ་དང་རྒྱལ་ཡོངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན། རྒྱལ་ནང་དུ་འགལ་ཟླ་མེད་ཅེས་རྣམ་པ་སྟོན་ཐབས་སུ་དམག་འཁྲུག་ལ་ངོ་རྒོལ་བྱས་པའི་་གསར་འགྱུར་རྣམས་སྦས། ཨུ་རུ་སུའི་བྱང་ཕྱོགས་ཀྱི་མུར་མན་སི་ཀི་ས་གནས་ཀྱི་ཡུལ་མི་སྟེ། ལོ་ན་༣༤་ལ་སོན་པའི་ན་གཞོན་མ་ཨ་ལིག་ཛན་ཌི་ར་ཞེས་པའི་མ་བྱན་ཞིག་གིས་ང་ཚོས་བདེ་སྡུག་ལ་ང་ཚོའི་སྲིད་གཞུང་དང་ང་ཚོའི་བརྙན་འཕྲིན་ལས་ཁུངས་ཁག་སོགས་སུ་གཅིག་གིས་ཀྱང་ཉན་གྱི་མི་འདུག ང་ནི་ཕྲུ་གུ་གཉིས་ཀྱི་ཨ་མ་ཞིག་དང་སྦྲུམ་མ་ཞིག་ཡིན། ང་གཅིག་པུས་ཁྱིམ་ཚང་སྐྱོང་ཐུབ་ཀྱི་མི་འདུག་ཅེས་སྡུག་སྐད་བརྒྱབ།།
ཨ་ལིག་ཛན་ཌི་རའི་ཁྱོ་ག་ནི་གཏེར་རྐོ་བ་ཞིག་ཡིན་ཞིང་། ༢༠༡༨་ལོར་ཁྱིམ་ཚང་དེ་ཡུཀ་རེན་གྱི་ཤར་ཕྱོགས་ནས་ཨུ་རུ་སུར་སྤོས། ཁྱོ་ག་དེ་༢༠༢༢་ལོའི་ཕྱི་ཟླ་༡༠་པ་ནས་དམག་ཁོངས་སུ་བསྡུས། ཨུ་རུ་སུའི་ན་གཞོན་ཤེས་ཡོན་ཅན་དང་འབྱོར་ལྡན་པ། ཚན་རིག་པ་དང་འཕྲུལ་རིག་ལག་རྩལ་བ་སོགས་ཉུང་མཐའ་ཡང་སྐྱེས་པ་འབུམ་༩་ལྷག་དམག་ཁྲལ་ལ་གཡོལ་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས། ཕུ་ཊིན་གྱིས་དམག་མི་འབུམ་༣་ལྷག་བསྡུས་ཀྱང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའམ། ཡང་ན་འཐབ་འཁྲུག་མཚམས་ཆོད་རྒྱུའི་རྟགས་མཚན་མི་མངོན། དམག་ཁོངས་སུ་བསྡུས་པའི་མི་ཚོར་ཟླ་བ་རེར་ཨ་སྒོར་༣༠༠༠་ཡས་མས་རེའི་ཟླ་ཕོགས་ཡོད་ཀྱང་བཟའ་མི་ཚོས་དམག་ཕོགས་ཀྱི་དངུལ་སྒོར་མང་ཆེ་བ་དམག་འཁྲུག་གི་ཡོ་ཆས་དང་བྱིས་པ་ལྟ་སྐྱོང་སོགས་ལ་འགྲོ་གྲོན་གཏོང་དགོས་པར་གྱུར། དེང་སྐབས་ཨུ་རུ་སུའི་བུད་མེད་མང་པོའི་ཁྱོ་ག་དམག་སར་ཁྲིད་ནས་ལུས་སེམས་གཉིས་དང་འཚོ་བ། དཔལ་འབྱོར་བཅས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག
ལོ་ན་༤༡་ལ་སོན་པའི་ཨན་ཊོ་ནི་ན་ཞེས་པ་ཞིག་གིས་ངའི་དགའ་རོགས་དམག་སར་བཏང་སྟེ་ང་ནི་སེམས་གཅོང་གིས་མནར། ངས་ལས་ཀ་མཚམས་བཞག་སྟེ་སེམས་ཁམས་གསོ་བའི་སྨན་བཅོས་བྱེད་ཀྱི་ཡོད། ང་རྒྱགས་པ་ཆགས་ནས་ལྕི་ཚད་སྤྱི་རྒྱ་༢༥་ལྕི་རུ་ཕྱིན་འདུག ང་ལ་གྲིབ་སྐྱོན་ཆུང་ཆུང་ཞིག་ཀྱང་ཕོག་ཡོད། ད་ནི་ཕྱོགས་གང་ཐད་དུ་སྦོ་ལུག་ཡོང་གི་འདུག ངས་གསར་འགྱུར་ལ་ལྟ་ཉན་བྱེད་ཀྱི་མེད། ངས་ཁོ་པ་གང་དུ་ཡོད་པ་ཤེས་ཀྱི་ཡོད། ངས་ཁོ་པའི་ཁ་པར་སླེབས་རྒྱུ་ཁོ་ནོར་སྒུག་གི་ཡོད། ངའི་དགའ་རོགས་ལ་ཕོ་བའི་ན་ཚ་ཡོད། ཁོ་པ་རྨས་མ་དང་ནད་པ་ཚོའི་མཉམ་དུ་མདུན་སར་བཏང་འདུག ཁོ་ཚོར་སྨན་བཅོས་བྱས་ནས་འཇོག་དགོས་པ་ལས་དམག་འཁྲུག་རྒྱག་ཏུ་གཏོང་འོས་པ་ཞིག་མ་རེད། ངས་མྱོང་གི་ཡོད་པའི་དཀའ་ངལ་འདི་གཞན་གྱིས་མྱོང་མི་དགོས་པར་ཤོག་ཅེས་སྨོན་ལམ་བཏབ། ཨུ་རུ་སུའི་ཁ་ཆེ་དང་སོག་རིགས་ནང་པ། དེ་མིན་གྱི་གྲངས་ཉུང་མི་རིགས་ཁག་གི་སྐྱེས་པ་རྣམས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་ལྟར་ཨུ་རུ་སུའི་མི་རིགས་དཀར་པོར་སྲོག་སྐྱོན་འཕོག་གི་མེད་པའི་གནས་ཚུལ་ཐོན་འདུག
ཨན་ཊོ་ནི་ན་དང་བུད་མེད་གཞན་ཚོས་རང་གི་ཁྱོ་ག་དང་དགའ་རོགས་སོགས་རང་ཁྱིམ་དུ་ཕྱིར་ལོག་ཐུབ་པའི་ཐབས་ལམ་འབའ་ཞིག་ནི་ཨུ་རུ་སུར་དམག་སྐུལ་ཐེངས་གཉིས་པ་བྱ་རྒྱུ་དེ་སྲིད། འོན་ཀྱང་དམག་སྐུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་ཡོད། རང་ཁྱིམ་བཞུད་ལམ་དྲྭ་ཚོགས་ཀྱིས་དམག་སྐུལ་ནི་ཁྲིམས་འགལ་རེད། ཨུ་རུ་སུའི་གཞུང་གིས་དམག་འཁྲུག་རྒྱག་དགོས་ཞེས་གཞུང་འབྲེལ་གྱི་ཁྱབ་བསྒྲགས་མ་བྱས་པར་དམིགས་བསལ་དམག་དོན་ལས་འགུལ་ཞེས་མིང་བཏགས་ཡོད་པ་རེད། དེ་ནི་ཁྲིམས་འགལ་རེད་ཅེས་རྩ་འཛིན་སྤྱི་བསྒྲགས་སྤེལ། ཨ་ལིག་ཛན་ཌི་རས་ང་ལས་འགུལ་སྤེལ་ནས་ཁྱོ་ག་མདུན་བཏང་སྟེ་གསོད་དུ་འཇུག་སྲིད། ཕྲུ་གུ་གཉིས་ད་ཕྲུག་ཁང་དུ་སྐྱེལ་སྲིད། ང་ནི་འཛིན་བཟུང་བྱེད་སྲིད། ཡིན་ནའང་ངས་འཐབ་རྩོད་བྱ་རྒྱུ་མཚམས་འཇོག་གི་མིན། ཕྱི་ཟླ་༣་ནང་ང་ལ་ཕྲུ་གུ་གསུམ་པ་དེ་སྐྱེ་ཡི་ཡོད། ང་ཚོར་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཁན་དང་ཨུ་རུ་སུའི་ཁ་གཏད་པ་སོགས་ཕྱོགས་གཉིས་ཀས་དྲྭ་ལམ་དུ་སྡིགས་ར་སྐུལ་གྱི་འདུག ང་ཚོའི་ས་གནས་འདིར་ངའི་འཐབ་རྩོད་ནི་ཁེར་རྐྱང་གི་འཐབ་རྩོད་ཅིག་རེད། གྲོགས་པོ་དང་ངོ་ཤེས་ཚོ་དགྲ་ཁ་གཏད་དུ་གྱུར་འདུག དམག་འཁྲུག་འདི་ནོར་འཁྲུལ་ཚབས་ཆེན་ཞིག་རེད་ཅེས་བསྡིགས།།
ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུར་སྔོན་ཆད་སི་ཏ་ལིན་གྱི་དུས་སུ་བྱུང་བའི་ཆེས་གདུག་རྩུབ་ཀྱི་ལམ་ལུགས་དེ་སླར་གསོ་བྱུང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཨ་ལིག་ཛན་ཌར་ཆེར་ཀ་སོབ་ནི་རང་ཡུལ་ནས་རྒྱང་ཕུད་བཏང་སྟེ་ལོག་ས་མེད། ཁོ་པས་ཕུ་ཊིན་དང་སི་ཏ་ལིན་གྱི་ཁྱད་ཆོས་གཙོ་བོ་དྲག་གནོན་དང་གདུག་རྩུབ་རེད། ཕུ་ཊིན་གྱིས་ཨུ་རུ་སུ་བཙོན་ར་ཆེན་པོ་ཞིག་ཏུ་བསྒྱུར་ཏེ་མི་གཅིག་གིས་མི་༡༠༠་ཐམ་པ་བཙོན་འཇུག་བྱེད་ཐུབ་པའི་ལམ་ལུགས་གསར་པ་ཞིག་འཛུགས་ཀྱི་འདུག་ཅེས་བཤད། ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཨ་ལིག་སེ་ནེ་ཝེལ་ཎི་ལ་ལོ་༡༩་ཡི་ཁྲིམས་ཐག་བཅད། ཐ་ན་དམག་འཁྲུག་ལ་ངོ་རྒོལ་གྱི་སྙན་ངག་གྱེན་འདོན་བྱེད་མཁན་དང་གསར་འགོད་པ་ཚོ་ལའང་ལོ་མང་གི་བཙོན་འཇུག་ཁྲིམས་ཐག་བཅད། སྲིད་འཛིན་ཛེ་ལན་སི་ཀིས་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་ཡུཀ་རེན་སྔར་ལས་སྟོབས་ཤུགས་རྒྱས་ཡོད་ཟེར། ཕུ་ཊིན་གྱིས་ཨུ་རུ་སུས་ནམ་ཡང་མགོ་སྒུར་རྒྱུ་མིན་ཞེས་ངར་སྐད་བསྒྲགས་པའི་གནས་ཚུལ་ཐོན་འདུག