ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱས་པ་ནས་བཟུང་ཨུ་རུ་སུའི་ནང་རྒྱལ་ཁབ་ལ་རྒྱབ་གཏོད་དང་སོ་ཉུལ་བྱེད་མཁན་ཇི་མང་དུ་སོང་བ།

རུ་སུ་ནས་ཡིན་པའི་ངོ་རྒོལ་པ་ཝི་ལ་ཌི་མི་ཀར་ཀ་ར་མུར་ཛ།

Your browser doesn’t support HTML5

ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱས་པ་ནས་བཟུང་ཨུ་རུ་སུའི་ནང་རྒྱལ་ཁབ་ལ་རྒྱབ་གཏོད་དང་སོ་ཉུལ་བྱེད་མཁན་ཇི་མང་དུ་སོང་བ།

ཨེ་པི་གསར་འགྱུར་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན་དེང་སྐབས་ཨུ་རུ་སུའི་སྲིད་གཞུང་དང་། ལྷག་པར་སྲིད་འཛིན་པུ་ཀྲིན་ལ་སྐྱོན་བརྗོད་བྱེད་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཨུ་རུ་སུས་སྤྱི་ལོ་༢༠༡༤ལོར་ཡུ་ཀེ་རན་གྱི་ཁྱབ་ཁོངས་ཀི་རི་མྱི་བཙན་བཟུང་བྱས་པ་ནས་བཟུང་ཨུ་རུ་སུའི་ནང་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་དང་ཕྱི་རྒྱལ་ཀྱི་སོ་ཉུལ་བྱས་པའི་ཉེས་བཙུགས་ཕོགས་པའི་གྲངས་འབོར་དེ་སྔོན་འཛམ་གླིང་དམག་གཉིས་པའི་གོང་ཤིན་དུ་སྡུག་རྩུབ་ཆེ་བའི་ཨུ་རུ་སུ་དམར་པོའི་འགོ་ཁྲིད་ཇོ་སེབ་ སི་ཏ་ལིན་གྱི་དུས་སྐབས་ལས་མང་བ་ཡོད་པར་ངོས་འཛིན་བྱས་འདུག

དེ་ཡང་ཌི་མི་ཏྲི་ ཀོལ་ཀར་ནི་ཨུ་རུ་སུའི་སྨན་པ་གྲགས་ཅན་ཞིག་ཡིན་ཅིང་། ཁོང་གི་བུ་མཀ་སིམ་ ཀོལ་ཀར་གྱིས་བརྗོད་དོན། ཁོང་གིས་རང་གི་ཕ་ལ་ཁ་པར་ཐེངས་མང་བཏང་ཡང་ལན་མེད་སྟབས་རྗེས་སུ་ཤེས་རྟོགས་བྱུང་བར་སྨན་པ་དེ་ཨུ་རུ་སུ་གཞུང་གིས་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་འདུག་ཅེས་འགྲེལ་བརྗོད་བྱས་འདུག

མིང་འདོན་བྱེད་འདོད་མེད་མཁན་གཅིག་གིས་ཨེ་པི་གསར་འགོད་པར་བརྗོད་དོན་ལ་ སྨན་པ་དེ་ནི་གནས་ཚུལ་དེ་བྱུང་བའི་དཔེ་མཚོན་གཅིག་ཡིན་པ་དང་། ཨུ་རུ་སུའི་ནང་གནས་ཚུལ་དེ་རིགས་ཧ་ཅང་མང་པོ་ཡོད་ཅེས་བཤདའདུག ་གསར་འགོད་པས་གནས་ཚུལ་བྱུང་ཁུངས་ལུང་འདྲེན་བྱས་ཏེ་བརྗོད་པར་གཞིགས་ན་སྤྱི་ལོ་༢༠༡༡་ནས་༢༠༡༢་གཡས་གཡོན་དུ་རྒྱལ་ས་མས་ཁོའི་ནང་མི་དམངས་ཚོས་པི་ཀྲིན་ལ་ངོ་རྒོལ་ཁྲོམ་བསྐོར་ཤུགས་ཆེ་བྱས་ཡོད་པ་དེའི་རྒྱབ་ཏུ་ནུབ་ཕྱོགས་པའི་ཐེ་ཇུས་ཡོད་ལུགས་ཨུ་རུ་སུའི་དབུས་བདེ་འཇག་ལས་ཁུངས་ཀྱིས་ཉེས་བཙུགས་བྱས་ཏེ་མང་པོ་འཛིན་བཟུང་བྱས་པ་མ་ཟད། བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ནའང་། དེ་དག་ལ་ཁུངས་བསྐྱེལ་དཔང་རྟགས་གང་ཡང་མེད་པ་རེད།

ཡུལ་དེའི་ནང་འགྲོ་བ་མིལི་ཐོབ་ཐང་རྩོད་མཁན་དང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་བཀག་སྡོམ་དང་ཕྱི་མི་ཕྱིར་འབུད་བྱས་པ་སོགས་བྱས་ཡོད། སྤྱི་ལོ་༢༠༡༤་ལོར་པུ་ཀྲིན་གྱི་བཀོད་ཇུས་འོག་ཀི་རི་མྱི་ལ་བཙན་འཛུལ་བྱས་ཡོད་པ་དང་། བཙན་འཛུལ་དེར་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་མང་པོ་ཞིག་གཞུང་ལ་རྒྱབ་གཏོད་དང་ཕྱི་རྒྱལ་གྱི་སོ་བ་ཡིན་པའི་ཉེས་བཙུགས་འོག་འཇུ་བཟུང་བྱས་པའི་གྲངས་འབོར་དེ་ད་ལྟ་ཧ་ཅང་མཐོ་བོར་སླེབས་ཡོད་པ་མ་ཟད། མང་པོ་ཞིག་བཙོན་འཇུག་བྱེད་མུས་རེད། འོན་ཀྱང་མི་ལོ་སུམ་ཅུའི་གོང་ཨུ་རུ་སུའི་ནང་རྒྱལ་ཁབ་ལ་རྒྱབ་གཏོད་ཟེར་བའི་གནས་ཚུལ་དེ་ཙམ་མང་པོ་མེད་ཀྱང་སྤྱི་ལོ་༢༠༢༢་ནས་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པ་ནས་བཟུང་དེ་སྔ་སི་ཏ་ལིན་གྱི་དུས་སྐབས་སུ་ཡང་བྱུང་མེད་པའི་མང་བ་ཡོད་རེད་ཅེས་གསར་འགོད་པ་དེས་འགྲེལ་བརྗོད་བྱས་འདུག་པ་དང་། དེ་མིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོ་ཡང་རྒྱབ་ཁབ་ལ་རྒྱབ་གཏོད་བྱེད་མཁན་ཡིན་པའི་ཉེས་བཙུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག

ཨེ་པི་གསར་ཁང་གི་གནས་ཚུལ་ནས་བཏུས།

གསར་འགོད་པ། བསྟན་འཛིན་ལྷུན་གྲུབ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།