བོད་ཀྱི་སྐད་ཡིག་དང་རིག་གནས་ཐད་མཛད་རྗེས་ཆེ་བའི་མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་དགུང་གྲངས་༩༡ ཐོག ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༩ བོད་ནང་གི་ཕྱི་དྲོའི་ཚོུད་བདུན་དང་སྐར་མ་བདུན་གྱི་ཐོག་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བོད་ཕྱི་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་དམ་པ་ཁོང་གི་མཛད་རྗེས་ལ་རྗེས་དྲན་དང་འབྲེལ་མྱ་ངན་ཞུ་བཞིན་ཡོད་པ་རེད། བཞུགས་སྒར་རྡ་རམ་ས་ལའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་དང་རྩོམ་པ་པོ་རྒན་ཐུབ་བསྟན་ཡར་འཕེལ་ལགས་ནི་མཁས་དབང་དམ་པ་ཁོང་ལ་རྒྱུས་མང་ཡོད་མཁན་དང་ཁོང་དང་ཕ་ཡུལ་གཅིག་པ་ཡིན་པ་རེད། ཁོང་གིས་མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་གི་སྐོར་ལ་ངོ་སྤྲོད་གནང་སོང་།
ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན་མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་ཆུང་དུས་སུ་གཞིས་རྩེ་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་དུ་བཞུགས་ནས་དཀའ་ཆེན་ངག་དབང་ལགས་དང་བཀའ་ཆེན་བློ་བཟང་བཟོད་པ་སོགས་མཁས་པ་མང་པོ་བསྟེན་ནས་སུམ་རྟགས་དག་གསུམ་དང་དག་ཡིག་སྙན་ངག་དང་གཞུང་ཆེན་ཁག་ལ་སྦྱངས་བརྩོན་གནང་བ་་མ་ཟད་བདེ་ཆེན་སྐལ་བཟང་ཕོ་བྲང་གསར་བསྐྲུན་ཨར་པོའི་དོ་དམ་སྤྱི་ཁྱབ་ཀྱི་དྲུང་ཡིག་དང་། ཡིག་ཚང་ལས་བྱ་ངོ་མ། ངམ་རིང་དང་། ཕུན་གླིང་རྫོང་གི་ཡོང་སྡུད་པའི་ལས་ཀ་་བྱས་པ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་སྐུ་སྒེར་གྱི་དྲུང་ཡིག་གི་ཞབས་ཞུ་བཅས་གནང་འདུག
རྒྱ་མིས་བོད་བཙན་བཟུང་བྱས་རྗེས་རིག་གནས་གསར་བརྗེའི་སྐབས་ལྷ་འདྲེ་གདོན་བགེགས་ཀྱི་མི་སྣའི་གྲས་སུ་ཚུད་དེ་ངལ་རྩོལ་སྒྱུར་བཀོད་ཀྱི་འཐབ་རྩོད་བཏང་འདུག དེ་རྗེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་རྩོམ་སྒྲིག་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའིི་བོད་ཡིག་དགེ་རྒན་སོགས་ཕྱག་ལས་ལོ་མང་གནང་བ་མ་ཟད། སྨན་རྩིས་ཁང་གི་མཁས་དབང་ཁྲོ་རུ་ཚེ་རྣམ་བསྟེན་ནས་དཀར་ནག་རྩིས་རིག་ལ་སྦྱངས་པ་མཐར་ཕྱིན་པའི་དཔེ་དེབ་ཀྱང་བཏོན་འདུག དགུང་ལོ་དྲུག་ཅུ་རེ་གཅིག་སྤྱི་ལོ་ ༡༩༩༤ ལོར་ལས་འཁྱུར་ངལ་གསོ་གནང་འདུག
ཁོང་གིས་སྔ་རྗེས་སུ་བོད་ཀྱི་ལོ་རྒྱུས་སྐོར་གྱི་ཕྱག་དེབ་མང་པོ་ཞིག་བརྩམས་ཡོད་པའི་ནང་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་དང་མཉམ་དུ་བརྩམས་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་དང་བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་འགྲེལ་པ་པད་དཀར་ཆུན་པོ། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན། རྗེ་ཙོང་ཁ་པ་ཆེན་པོའི་སྙན་ངག་གསུང་རྩོམ་བཤེས་གཉེན་སྦ་བ་ལ་གདམས་པ་ཨའི་དབྱངས་ངེས་དང་། སྤྱན་སྔ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་བརྗོད་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ། ཆོས་ཀྱི་རྗེ་གྲགས་པ་བཟང་པོའི་བསྟོད་པ་བཅས་ཁག་གསུམ་གྱི་འགྲེལ་པ། རྙིང་མ་བ་དང་། བཀའ་བརྒྱུད་པ། ས་སྐྱ་པ། དགེ་ལུགས་པ་བཅས་གྲུབ་མཐའ་ཆེན་པོ་བཞིའི་ཞལ་འདོན་ཕྱོགས་བསྒྲིགས། བསྟན་འགྱུར་ནང་བཞུགས་པ་སྙན་ངག་གི་བསྟན་བཅོས་སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན། གཞན་ཡང་སྙན་ངག་གི་བརྩམས་ཆོས་འཚོ་བྱེད་གཞོན་ནུའི་རྣམ་ཐར་བློ་གསར་དགྱེས་པའི་དགའ་སྟོན་དང་། ཆུ་བོ་གངྒཱའི་བྱུང་བ་བརྗོད་པའི་གཏམ་དབྱངས་ཅན་འཕང་འགྲོའི་རང་སྒྲར་འཕོས་པ། རྒྱལ་བུ་དད་པ་བརྟན་པོའི་རྟོགས་པ་བརྗོད་པ་མཚོ་བྱུང་དགྱེས་པའི་གླུ་དབྱངས་སོགས་སྙན་ངག་གི་བརྩམས་ཆོས་དཔེ་དེབ་མང་པོ་བརྩམས་གནང་འདུག་ལ་དཔེ་དེབ་མང་པོར་རྒྱ་ནག་གི་རིམ་པ་དང་པོའི་བྱ་དགའ་ཡང་མང་པོ་ཞིག་ཐོབ་འདུག
ད་དུང་བོད་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་དང་སྐར་རྩིས་མཐུན་ཚོགས་ཀྱི་རྒྱུན་ལས་བོད་ལྗོངས་བོད་རིག་པའི་གྲོས་ཚོགས་ཀྱི་འཐུས་མི་སོགས་ཀྱི་ལས་འགན་ཁུར་འདུག་ཁོང་གིས་རྒན་ཡོལ་ཞུས་ཀྱང་སྐུ་མ་གཤེགས་བར་དུ་མུ་མཐུད་བོད་ཀྱི་རིག་གནས་གོང་འཕེལ་ལ་སྨན་པའི་འབད་བརྩོན་གནང་འདུག་ལ་ཁོང་གི་སྐུ་ཚེའི་རིང་བོད་ཀྱི་རིག་གནས་ཐད་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་མ་ཟད་ཁོང་ནི་བོད་ཀྱི་རིག་གནས་ལ་དགའ་ཞེན་ཡོད་མཁན་ཚང་མས་གུས་བཀུར་ཆེན་པོ་ཞུ་ཡུལ་ཞིག་ཡིན་པ་རེད།
Your browser doesn’t support HTML5
རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ནས།