བཙན་བྱོལ་དང་གསར་འགོད།

བཙན་བྱོལ་དང་གསར་འགོད།

རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་པ། གསར་ཁང་ཁག་བཅས་ཀྱིས་བོད་དོན་ལ་དོ་སྣང་ཡོང་བར་རྒྱུ་ཆ་མཁོ་སྤྲོད་གནང་མཁན་གལ་ཆེ་ཤོས་ཁོངས་སུ་བཙན་བྱོལ་བོད་ཀྱི་གསར་ཁང་ཁག་དང་གསར་འགོད་པ་ཡོད་ཅེས་བཙན་བྱོལ་དུ་ལོ་ངོ་༢༠་ལྷག་ལ་གསར་འགྱུར་དང་ཞིབ་འཇུག་གི་ཕྱག་ལས་གནང་མཁན་ཞིག་གིས་གསུང་སོང་།

འདས་པའི་མི་ལོ་༦༠་ལྷག་ལ་བཙན་བྱོལ་བོད་མི་ནི་གཞིས་བཞུགས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་ཡིན་ཞེས་བཤད་སྲོལ་ཡོད་ལ། བཙན་བྱོལ་བོད་ཀྱི་གསར་ཁང་ཁག་དང་གསར་འགོད་པ་རྣམས་ནི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་གྱི་ཟམ་པ་ལྟ་བུར་ཡང་ངོས་འཛིན་བྱེད་བཞིན་ཡོད། ཡིན་ན་ཡང་བརྡ་འཕྲིན་དུས་རབས་སུ་བཙན་བྱོལ་བོད་ཀྱི་གསར་ཁང་ཁག་དང་གསར་འགོད་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དཀའ་ངལ་དེ་དག་ནི་རྒྱ་ནག་གིས་བོད་ནང་དམ་དྲག་ཇེ་ཆེར་བཏང་བ་ཁོ་ན་མིན་པར་བོད་མི་ནང་ཁུལ་དུ་ཡང་བཙན་བྱོལ་གསར་འགོད་པར་གནོན་ཤུགས་སྤྲོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཨུ་རྒྱན་བསྟན་འཛིན་ལགས་ནི་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་དང་། བོད་མི་མང་སྤྱི་འཐུས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཅས་གནང་མྱོང་ལ། ད་ལྟ་ཨ་རིའི་རླུང་འཕྲིན་ཁང་གི་རྡ་སའི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ཡིན་པ་རེད། ཁོང་གིས་བཙན་བྱོལ་གསར་ཁང་ཁག་གིས་ད་ལྟའི་བར་དུ་བོད་ནང་གི་གནས་ཚུལ་ཇི་མ་ཇི་བཞིན་སྤེལ་ཏེ་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཚོགས་པ་ཁག རྒྱལ་སྤྱིའི་གསར་ཁང་ཁག་བཅས་ནས་བོད་དོན་ལ་དོ་སྣང་བྱེད་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་པ་གསུང་སོང་ལ། ཡང་ཁོང་གིས། ད་ལྟ་ཡང་རྒྱུན་ལྡན་གྱི་གསར་འགྱུར་འདོན་སྤེལ་བྱེད་རྒྱུ་ཁོ་ན་མ་ཡིན་པར། སྤྱི་ཚོགས་དྲ་ལམ་གྱི་མགྱོགས་ཚད་དང་འགྲོ་ཐུབ་པའི་གསར་འགྱུར་མགྱོགས་པོར་འདོན་དགོས་པ། རྒྱ་ནག་གཞུང་གིས་གསར་འགྱུར་ཞིག་སྤེལ་ན་དེ་ལ་དུས་ཐོག་ཏུ་ལན་འདེབས་བྱེད་ཐུབ་དགོས་པ། དུས་ནས་དུས་སུ་ཁ་ཐུག་ལན་མ་སློག་ཚེ་ཁོ་ཚོས་གང་བཤད་པ་དེ་ཡིན་ཤག་བརྩི་བའི་ཉེན་ཁ་ཡོད་པས། ང་ཚོས་དེ་ལ་བསྟུན་པའི་རང་གི་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུང་སོང་།

ཨུ་རྒྱན་བསྟན་འཛིན། ཨ་རིའི་རླུང་འཕྲིན་ཁང་གི་དྷ་སའི་ལས་ཁུངས་འགན་འཛིན།

ཡང་རྒྱ་ནག་གིས་ཕྱི་འབྲེལ་དྲིལ་བསྒྲགས་ཀྱི་འཐབ་ཇུས་ཤུགས་ཆེན་སྤེལ་ཏེ། རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ཐོག་ལ་རྒྱ་ནག་གི་གཏམ་བརྗོད་དབང་ཐང་ཆེ་རུ་གཏོང་བར་མི་དང་ཐབས་ལམ་འདྲ་མིན་བེད་སྤྱོད་གཏོང་བཞིན་པ་འདིས་བཙན་བྱོལ་གསར་ཁང་ཁག་དང་གསར་འགོད་པར་འགོག་རྐྱེན་གང་འདྲ་འཕྲད་བཞིན་པར་སྐད་ཆ་དྲིས་སྐབས། རྒྱ་ནག་ནི་དྲིལ་བསྒྲགས་ལ་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་ཕོན་ཆེན་གཏོང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་གཞུང་གི་ལྟ་བ་དང་མཐུན་པའི་གསར་འགྱུར་རྒྱུད་བསྒྲགས་ཀྱི་སྟོབས་ཤུགས་ཆེན་པོ་དེར་ཡ་ལན་སློག་རྒྱུར་ང་ཚོར་ལག་ཆ་གཅིག་ཡོད་པ་ནི་གནས་ཚུལ་བདེན་པ་སྤེལ་རྒྱུ་དེ་ཡིན་པ་རེད། དེ་ཡང་ཨུ་རྒྱན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་སྐོར་ལ་གནས་ཚུལ་སྤེལ་སྐབས། གནས་ཚུལ་འཁྱོག་བརྗོད་དང་རྫུན་མ་སྤེལ་བཞིན་ཡོད་པས། ང་ཚོས་དངོས་ཡོད་གནས་ཚུལ་དང་བདེན་པ་གཞི་ལ་བཅོལ་བའི་གསར་འགྱུར་སྤེལ་བཞིན་ཡོད་པས། རྒྱ་ནག་གཞུང་གིས་སྐྱག་རྫུན་གྱི་གནས་ཚུལ་ཐེངས་བརྒྱ་ལ་སྤེལ་ཡང་། བདེན་པའི་གནས་ཚུལ་ནི་སུས་བཤད་ཀྱང་ཐེངས་གཅིག་བཤད་ན་དེ་ག་རང་གི་སྒང་ལ་གཞི་བཅོལ་བཞིན་ཡོད་པས། ང་ཚོས་གཙོ་བོ་བདེན་པ་དང་དངོས་ཡོད་གནས་ཚུལ་རྒྱུད་བསྒྲགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད་བསམ་གི་འདུག་ཅེས་བརྗོད་སོང་།

ཡང་ཨུ་རྒྱན་ལགས་ཀྱིས་རྒྱལ་སྤྱིའི་གསར་ཁང་ཁག་དང་བཙན་བྱོལ་བོད་ཀྱི་གསར་ཁང་ཁག་གི་ཁྱད་པར་ཆེ་ཤོས་དེའི་སྐོར་ལ། རྩ་བའི་བདེན་པ་གཞི་ལ་བཅོལ་བའི་གནས་ཚུལ་སྤེལ་རྒྱུ་དང་མི་མང་གི་རང་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་གཅིག་མཚུངས་ཡིན་ཡང་། བཙན་བྱོལ་བོད་ཀྱི་གསར་ཁང་ཁག་ནི་རྒྱལ་ཁབ་མེད་པར་བཙན་བྱོལ་དུ་ཡོད་པའི་གསར་ཁང་ཡིན་ཕྱིན་ཕྱོགས་མང་པོ་ཞིག་ནས་ལས་འགན་ཆེ་བ་ཡོད་པར་ངོས་འཛིན་བྱེད་བཞིན་འདུག

Your browser doesn’t support HTML5

བཙན་བྱོལ་བོད་ཀྱི་གསར་འགོད་པའི་དཀའ་གནད།