ཧང་གྷ་རིའི་གྲོས་ཚོགས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུར་མི་བྲེལ།

ཧང་གྷ་རིའི་སྲིད་བློན་ཨོར་བྷན་དང་ཧང་གྷ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལཱ་སི་ལོ་ཀོ་ཝེར་

༄༅།། ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱིས་གྲོས་ཚོགས་འཐུས་མི་ཚོར་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་འོས་ཤོག་འཕེན་དགོས་པའི་སྐུལ་ལྕག་གཏོང་རྒྱུ་ཡིན་ཞེས་ཁས་བླངས། ཕྱི་ཟླ་དང་པོའི་ཚེས་༢༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧང་གྷ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལཱ་སི་ལོ་ཀོ་ཝེར་གྱིས་ཏུར་ཀིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་འོས་ཤོག་འཕངས་ཀྱང་ཧང་གྷ་རི་བྲེལ་བ་ལང་དགོས་དོན་མེད། ངས་དེ་ཛ་དྲག་ཅིག་རེད་བསམ་གྱི་མི་འདུག དེ་ནི་འཕྲལ་དུ་བསྒྲུབ་དགོས་པ་ཞིག་མ་རེད་ཅེས་བསྒྲགས། ཧང་གྷ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཕྱི་ཟླ་༢་པའི་ཟླ་དཀྱིལ་བར་དུ་གུང་སེང་ཡིན་ཞིང་། ཕྱོགས་འགལ་སྤྱི་ཚོགས་རིང་ལུགས་ཚོགས་པའི་འགོ་ཁྲིད་ཚོས་གྲོས་ཚོགས་འཐུས་མི་རྣམས་ཛ་དྲག་གི་ཚོགས་འདུར་ཚོགས་ནས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་འོས་ཤོག་འཕེན་ཐབས་བྱ་དགོས། ཧང་གྷ་རིའི་གཞུང་འཛིན་ཚོགས་པས་༢༠༢༢་ཀྱི་ལོ་དཀྱིལ་ནས་འོས་ཤོག་འཕེན་རྒྱུ་ནར་འགྱངས་བཏང་བ་རེད་ཅེས་སྐྱོན་བཙུགས།།

ཧང་གྷ་རིའི་གྲོས་ཚོགས་ཀྱི་ཚོགས་

ཧང་གྷ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལཱ་སི་ལོ་ཀོ་ཝེར་ནི་གཞུང་འཛིན་ཧྥི་ཌེ་སི་ཚོགས་པ་འཛུགས་མཁན་གྲས་སུ་ཡོད་ཀྱང་སྲིད་དོན་ཚོགས་པ་དེ་མཐའ་གཅིག་ཏུ་སྲིད་བློན་ཨོར་བྷན་གྱི་དབང་བསྒྱུར་འོག་ཏུ་ཚུད། ཧང་གྷ་རིའི་གཞུང་འབྲེལ་མི་སྣ་ཚོས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་ནར་འགྱངས་གཏོང་གི་ཡོད་པའི་ལན་ཁག་གྲོས་ཚོགས་འཐུས་མི་ཚོར་གཡོགས་མོད། འོན་ཀྱང་ད་ལྟའི་བར་དུ་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་གཅིག་གིས་ཀྱང་སྲིད་བློན་ཨོར་བྷན་གྱི་བཀའ་ལ་གྱེན་ལྡོག་གམ། ཡང་ན་སྲིད་བློན་ཨོར་བྷན་གྱི་སྲིད་ཇུས་ཁག་ལ་རྒྱབ་འགལ་གྱི་ལངས་ཕྱོགས་འཛིན་མཁན་གཅིག་ཀྱང་བྱུང་མྱོང་མེད་ཅིང་། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཏུར་ཀིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་༢༨༧་གྱིས་རྒྱབ་སྐྱོར་དང་འཐུས་མི་༥༥་ཡིས་ངོ་རྒོལ་གྱི་འོས་ཤོག་འཕངས་ཏེ་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་ཐག་བཅད། ད་ལྟ་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་མ་བཀོད་པའི་རྒྱལ་ཁབ་འབའ་ཞིག་དེ་ཧང་གྷ་རི་ཡིན་པས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཧང་གྷ་རིར་གནོན་ཤུགས་སྤྲོད་རྒྱུ་སྔར་ལས་ཤུགས་ཆེ་རུ་སོང་།།

ནུབ་ཆིངས་ཁོངས་སུ་ཚུད་པར་ཚོགས་འཐུས་རྒྱལ་ཁབ་༣༡

སུད་ཌེན་ནུབ་ཆིངས་ཁོངས་སུ་ཚུད་པར་ཚོགས་འཐུས་རྒྱལ་ཁབ་༣༡་སྤྱི་མོས་འབྱུང་དགོས། ཨ་རི་གཙོས་རྒྱལ་ཁབ་༢༩་ཡིས་༢༠༢༢་ལོ་ནས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་བཀོད་ཀྱང་ཏུར་ཀི་དང་ཧང་གྷ་རི་གཉིས་ཀྱིས་བཀག ཏུར་ཀིའི་གཞུང་གིས་སུད་ཌེན་གྱི་ས་ཐོག་ཏུ་ཀུར་དི་སི་ཐན་ངལ་རྩོལ་ཚོགས་པའི་འཇིགས་སྐུལ་རིང་ལུགས་པ་རྣམས་སྐུང་འདུག སུད་ཌེན་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་གནོན་སྡོམ་བྱ་རྒྱུའི་ཁས་ལེན་མ་བྱས་བར་དུ་ཏུར་ཀིའི་གཞུང་གིས་འཁྲོལ་ཆ་སྤྲོད་རྒྱུ་མིན་ཞེས་ཆ་རྐྱེན་བཏོན། ཧང་གྷ་རིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་ལོ་དང་ཟླ་བ་བསྟུད་ནས་ནར་འགྱངས་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་བཀྲོལ་མ་བྱུང་། ཉམས་ཞིབ་པ་ཚོས་ཧང་གྷ་རིའི་སྲིད་བློན་ཨོར་བྷན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་གྲོགས་པོ་ཡིན་པ་དང་ཨོར་བྷན་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ལ་དགའ། ཕུ་ཊིན་གྱིས་རྒྱུད་སྐུལ་བྱས་ནས་ཧང་གྷ་རིའི་སྲིད་བློན་གྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་ནར་འགྱངས་གཏོང་གི་ཡོད་པ་རེད་ཅེས་བསྟན།།

ཕྱི་ཟླ་དང་པོའི་ཚེས་༢༤་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ནས་ནུབ་ཆིངས་རྒྱ་སྐྱེད་བྱ་རྒྱུར་འགོག་རྐྱེན་སློང་མཁན་གཙོ་བོ་དེ་ཧང་གྷ་རི་ཡིན་ཞིང་། ཟླ་བ་སྔོན་མར་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༥༢༠་ཐམ་པའི་དམག་དོན་རོགས་དངུལ་སྤྲོད་རྒྱུའི་གྲོས་སྡུར་བྱས་པའི་སྐབས་སུ་ཧང་གྷ་རིས་དགག་བྱ་བྱས། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་ཧང་གྷ་རིར་གྲོས་སྡུར་མ་བྱས་པར་ཕྱི་ཟླ་༢་པའི་ཚེས་༡་ཉིན་ཡུཀ་རེན་ལ་རོགས་དངུལ་སྤྲོད་རྒྱུའི་ཐག་བཅད། དེར་བརྟེན་ཧང་གྷ་རི་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་སྟེ་སྲིད་བློན་ཨོར་བྷན་ནས་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་རོགས་དངུལ་སྟེར་རྒྱུ་དེར་དགག་བྱ་མེད་ཅེས་ལངས་ཕྱོགས་བསྒྱུར། དེ་བཞིན་ན་ནིང་ལོ་མཇུག་དེར་ཡུཀ་རེན་དངོས་སུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་གྲོས་མོལ་འགོ་འཛུགས་བྱ་དགོས་པའི་གྲོས་འཆམ་བྱུང་ཡང་ཧང་གྷ་རིས་གཅིག་པུས་བཀག མཐར་འཇར་མན་ཎིའི་སྲིད་བློན་ཨོ་ལབ་ཤོལ་ཛིས་ཚོགས་ཁང་ནང་ནས་ཧང་གྷ་རིའི་སྲིད་བློན་ཕྱི་ལ་ཁྲིད་དེ་འོས་ཤོག་འཕེན་དུ་བཅུག་མེད་པའི་གནས་ཚུལ་ཐོན་འདུག

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་དང་ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན་

ཧང་གྷ་རིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་འགོག་འདོད་མེད་ཅེས་བཤད་ཀྱང་གྲོས་ཚོགས་ཀྱིས་འོས་ཤོག་འཕེན་རྒྱུ་ཡང་ནས་ཡང་དུ་འགྱངས། ཧང་གྷ་རིའི་ལས་སྣེ་ཚོས་གྲོས་ཚོགས་ཀྱི་དུས་ཚོད་གཏན་འབེབས་བྱ་རྒྱུར་དཀའ་ངལ་འདུག་ཟེར་བ་དང་ཏུར་ཀི་ཁོ་ནར་སྔོ་ལོ་འཆར་དུ་འཇུག་འདོད་མེད། སུད་ཌེན་གྱི་བརྙན་གཟུགས་ཁག་ཏུ་ཧང་གྷ་རི་མདོག་ངན་ཞིག་བསྟན་འདུག སུད་ཌེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཧང་གྷ་རིའི་དམངས་གཙོའི་ལམ་ལུགས་ལ་སྐྱོན་བརྗོད་བྱས་པ་རེད་ཟེར་བ་སོགས་ཀྱི་ལན་ཁག་སྣ་ཚོགས་ཤིག་དཀྲིས། སྲིད་བློན་ཨར་བྷ་ཌན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་རྒྱུན་འཁྱོངས་དང་ཨུ་རུ་སུའི་རྡོ་སྣུམ། རང་བྱུང་སོལ་རླངས་རྣམས་ཧང་གྷ་རིར་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱ་མི་དགོས་པའི་དམིགས་ཡུལ་བཅངས། ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་འབྲེལ་དང་ཕུ་ཊིན་ལ་འབྲེལ་བ་བཅད་ཀྱང་སྲིད་བློན་ཨོར་བྷན་གྱིས་ཧང་གྷ་རིས་ནམ་ཡང་ཨུ་རུ་སུར་ཁ་གཏད་གཅོག་འདོད་མེད་ཅེས་ཁས་ལེན་ཞུས།།

ཧང་གྷ་རི་ནི་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པས་གང་ཅིའི་ཐད་དུ་ཤུགས་རྐྱེན་ཐེབས་མི་ཐུབ་ཀྱང་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་རྒྱ་སྐྱེད་གཏོང་རྒྱུར་གཏོར་བརླག་བྱས་ནས་ནུས་པ་ཐོན། ཉམས་ཞིབ་པ་ཚོས་ཧང་གྷ་རིས་བཟང་ཕྱོགས་ཀྱི་ནུས་པ་བཏོན་ནས་གཞན་གྱི་མཐོང་འཇོག་ཐོབ་དཀའ། ཡིན་ནའང་སྲིད་བློན་ཨོར་བྷན་གྱིས་གཏོར་བརླག་བྱས་ནས་ནུབ་ཆིངས་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཧང་གྷ་རིར་དོ་སྣང་བྱེད་དགོས་པ་ཞིག་ཏུ་གྱུར་པ་རེད། དེང་སྐབས་ཧང་གྷ་རིའི་སྲིད་བློན་ཨོར་བྷན་ནི་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཀུན་གྱི་མིག་ནང་གི་ཚེར་མ་ལྟ་བུ་ཞིག་ཏུ་གྱུར་འདུག་ཅེས་བཀྲལ། ཏུར་ཀིས་གྲོས་ཚོགས་ཀྱིས་ཆོག་མཆན་བཀོད་པའི་རྗེས་སུ་སྲིད་བློན་ཨོར་བྷན་ནས་སུད་ཌེན་གྱི་སྲིད་བློན་ཧང་གྷ་རིར་ཕེབས་དགོས། སུད་ཌན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུར་གྲོས་མོལ་བྱ་དགོས་ཞེས་མགྲོན་འབོད་བྱས་ཀྱང་སུད་ཌེན་གྱིས་གྲོས་མོལ་བྱ་དགོས་པའི་རྒྱུ་མཚན་མཐོང་གི་མི་འདུག་ཅེས་མགྲོན་འབོད་ལ་དང་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་ཧང་གྷ་རིའི་སྲིད་བློན་ཨར་བྷ་ཌན་

ནེའུ་ཡོཀ་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་འདུག ནུབ་ཆིངས་ཨུ་རུ་སུའི་ས་མཚམས་བར་དུ་རྒྱ་སྐྱེད་བྱུང་སོང་ཞེས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས། ཨ་རིས་འགོ་ཁྲིད་པའི་དམག་དོན་སྒྲིག་འཛུགས་དེ་ཤར་ཡུ་རོབ་ནས་ཕྱིར་འཐེན་བྱ་དགོས་ཟེར། ཡིན་ནའང་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་སྙན་ཞུ་ཕུལ། ན་ནིང་ཕྱི་ཟླ་༤་པའི་ནང་ཧྥིན་ལན་ཌི་དངོས་སུ་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་༣༡་པ་དེར་གྱུར། སུད་ཌེན་ནི་དམག་དོན་བཟོ་ལས་ཡར་ཐོན་དང་དམག་གི་སྟོབས་ཤུགས་ཆེན་པོ། བྷོལ་ཊིཀ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་སུད་ཌེན་གྱི་གནམ་དམག་དང་མཚོ་དམག་མེད་ཐབས་མེད། ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཧང་གྷ་རི་ནུབ་ཆིངས་དང་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་ཕུད་གཏོང་དགོས། ཁོ་ཚོར་འོས་ཤོག་འཕེན་ཆོག་པའི་ཐོབ་ཐང་མེད་པར་གཏོང་དགོས་ཞེས་བཤད།།

ཉམས་ཞིབ་པ་ཁག་ཅིག་གིས་ལོ་འདིའི་ཕྱི་ཟླ་༦་ནང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱ་རྒྱུའི་དུས་ཚོད་རེད། སྲིད་བློན་ཨོར་བྷན་གྱིས་ཨུ་རུ་སུར་གདུང་སེམས་མཉམ་སྐྱེད་དང་ཡུཀ་རེན་ལ་དོགས་ཟོན་བྱེད་མཁན་མི་རིགས་རིང་ལུགས་པ་རྣམས་ཡུ་རོབ་གྲོས་ཚོགས་སུ་འདེམས་ཐོན་ཐུབ་པའི་རྩིས་རྒྱག་གི་ཡོད་པ་འདྲ། ད་ལྟའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མང་ཆེ་བས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་ཧང་གྷ་རིའི་སྲིད་བློན་ཨོར་བྷན་གཉིས་ཁྱི་སྤྱང་ངན་འབྲེལ་ལྟ་བུ་ཞིག་ཏུ་བརྩིས། སྲིད་བློན་ཨོར་བྷན་གྱིས་གཏོར་བརླག་བྱས་ནས་རང་ལ་སྐད་གྲགས་འབྱུང་དུ་འཇུག་ཐབས་བྱེད་ཀྱི་འདུག་ཅེས་གླེང་། ཁ་སང་གཟའ་ལྷག་པའི་ཉིན་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཧང་གྷ་རིའི་གྲོས་ཚོགས་ཀྱིས་འཕྲལ་དུ་སུད་ཌེན་ལ་ཆོག་མཆན་འགོད་རྒྱུའི་འོས་ཤོག་འཕེན་ཐུབ་པའི་རེ་བ་ཡོད་ཅེས་ནན་གྱིས་བསྐུལ། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ཧོང་གྷ་རིའི་སྲིད་བློན་ལ་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་ཐག་གཅོད་མྱུར་དུ་བྱ་དགོས་ཞེས་སྐུལ་ལྕག་བཏང་བའི་གནས་ཚུལ་ཐོན་འདུག