ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༠/༡༨

སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུར་ཏུར་ཀིས་ཆོག་མཆན་བཀོད།


 ཏུར་ཀི་སྲིད་འཛིན་ཨེར་དྷོ་ཝན་དང་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག སུད་ཌེན་གྱི་སྲིད་བློན་ཨུལ་ཧྥ་ཀི་རི་སི་ཊར་སན་
ཏུར་ཀི་སྲིད་འཛིན་ཨེར་དྷོ་ཝན་དང་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག སུད་ཌེན་གྱི་སྲིད་བློན་ཨུལ་ཧྥ་ཀི་རི་སི་ཊར་སན་

༄༅།། ཏུར་ཀིའི་གཞུང་གིས་ལོ་གཅིག་ལྷག་ལ་ཡུ་རོབ་རྒྱལ་ཁབ་སུད་ཌེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་བཀག་སྟེ་ཆོག་མཆན་མ་བཀོད། ཁ་སང་གཟའ་མིག་དམར་གྱི་ཕྱི་དྲོར་ཏུར་ཀིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་ཆོག་པའི་འོས་ཤོག་འཕངས། ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏུར་ཀིའི་གྲོས་ཚོགས་འཐུས་མི་༢༨༧་ཀྱིས་རྒྱབ་སྐྱོར་དང་འཐུས་མི་༥༥་ཡིས་ངོ་རྒོལ་གྱི་འོས་ཤོག་འཕངས་ཏེ་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་གྲོས་ཆོད་བཞག སུད་ཌེན་གཞུང་གིས་རང་གི་ས་ཐོག་ཏུ་གནས་འཁོད་ཀུར་དི་མི་རིགས་ཀྱི་དྲག་སྤྱོད་པ་ཚོར་གནོན་སྡོམ་དྲག་པོ་བྱས་ནས་ཏུར་ཀིའི་གཞུང་གི་རྒྱབ་སྐྱོར་ཐོབ། སྲིད་འཛིན་ཨེར་དྷོ་ཝན་གྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱ་དགོས་ན་ཏུར་ཀི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་གྲོས་མོལ་བྱ་དགོས་པ་དང་ཨ་མི་རི་ཀས་ཏུར་ཀི་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་དགོས་ཞེས་ཆ་རྐྱེན་བཏོན།།

ཏུར་ཀིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་ཆོག་པའི་འོས་ཤོག་འཕངས།
ཏུར་ཀིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་ཆོག་པའི་འོས་ཤོག་འཕངས།

སུད་ཌེན་གྱི་སྲིད་བློན་ཨུལ་ཧྥ་ཀི་རི་སི་ཊར་སན་གྱིས་དེ་རིང་ང་ཚོ་ནུབ་ཆིངས་ཀྱི་ཚོགས་འཐུས་ངོ་མ་ཞིག་ཏུ་འགྱུར་བར་གོམ་པ་གང་ཉེ་རུ་ཕྱིན་པ་རེད་ཅེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེག་སུ་ལི་ཝན་གྱིས་ཏུར་ཀིའི་ཐག་གཅོད་དེར་བསྔགས་བརྗོད་དང་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་ན་རྒྱལ་ཁབ་དེར་སྔར་ལས་བདེ་འཇགས་ལྡན་པ་དང་སྟོབས་ཤུགས་ཆེ་རུ་འགྲོ་ཤས་ཆེ། སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་ནི་སྲིད་འཛིན་ཇཱོ་བྷ་ཌན་གྱི་ལས་དོན་གཙོ་བོ་ཞིག་ཡིན། སུད་ཌེན་དམག་གི་སྟོབས་ཤུགས་ལྡན་པའི་རྒྱལ་སྲུང་ཟླ་གྲོགས་ཤིག་ཡིན་པས་རྒྱལ་ཁབ་དེ་ནུབ་ཆིངས་ཁོངས་སུ་ཞུགས་ན་ཨ་རིའི་བདེ་འཇགས་སྲུང་སྐྱོབ་དང་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་ལེགས་སྐྱེས་འབུལ་ཐུབ་ཅེས་དགའ་བསུ་ཞུས། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཏུར་ཀིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་འོས་ཤོག་འཕངས་པར་དགའ་བསུ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

ཏུར་ཀིའི་གཞུང་གིས་སུད་ཌེན་གྱི་ས་ཐོག་ཏུ་ཀུར་དི་སི་ཐན་ངལ་རྩོལ་ཚོགས་པ་ཡོད་པ་དེར་དྲག་གནོན་བྱེད་ཀྱི་མི་འདུག ཀུར་དི་མི་རིགས་ཀྱི་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པ་དང་ཏུར་ཀིའི་བདེ་འཇགས་ལ་ཉེན་ཁ་ཞིག་རེད་ཅེས་སྐྱོན་བཙུགས། དེ་བཞིན་སྔ་ལོ་མི་ཞིག་གིས་སུད་ཌེན་གྱི་རྒྱལ་སར་ཁ་ཆེའི་བཀའ་དེབ་མེར་བསྲེགས་བཏང་ནས་ཏུར་ཀི་གཙོས་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཁག་ལ་ཕོག་ཐུག་བྱུང་སྟེ་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་མ་ཐུབ་པར་ལུས། ཏུར་ཀིའི་གྲོས་ཚོགས་འཐུས་མི་ཧྥོ་ཏ་ཨོག་ཐེས་སུད་ཌེན་ནི་ཡུ་རོབ་གླིང་དུ་ཀུར་དི་སི་ཐན་ངལ་རྩོལ་ཚོགས་པའི་འཇིགས་སྐུལ་རིང་ལུགས་པ་རྣམས་སྐུང་ཡུལ་ལྟེ་བ་དེ་རེད། སུད་ཌེན་གྱིས་འཇིགས་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་བཅའ་ཁྲིམས་བསྐྱར་བཅོས་དང་ཀུར་དི་སི་ཐན་ངལ་རྩོལ་ཚོགས་པའི་དཔལ་འབྱོར་ཡོང་ཁུངས་བཀག་སྡོམ། ཉེས་ཅན་རྣམས་ཏུར་ཀི་ལ་རྩིས་སྤྲོད་བྱ་རྒྱུ། སུད་ཌེན་གྱིས་ཏུར་ཀི་ལ་མཚོན་ཆ་བཙོང་རྒྱུ་མིན་པའི་བཀག་སྡོམ་ཕྱིར་འཐེན་བྱས་པ་རེད་ཅེས་སྨྲས།།

སྲིད་འཛིན་ཨེར་དྷོ་ཝན་དང་སྲིད་འཛིན་བྷ་ཌན་
སྲིད་འཛིན་ཨེར་དྷོ་ཝན་དང་སྲིད་འཛིན་བྷ་ཌན་

སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཏུར་ཀི་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུ་དང་ཏུར་ཀིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་འགོད་རྒྱུ་གཉིས་གཏན་ནས་འབྲེལ་བ་མཐུད་མྱོང་མེད་མོད། ཨ་རིའི་གྲོས་ཚོགས་འཐུས་མི་མང་པོས་ཏུར་ཀིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་མ་བཀོད་པར་ཏུར་ཀི་ལ་ཨ་མི་རི་ཀའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མིན་ཞེས་ལངས་ཕྱོགས་གསལ་པོར་བསྟན། ཏུར་ཀིའི་གཞུང་གིས་ཨ་མི་རི་ཀ་ནས་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་༤༠་ཉོ་རྒྱུ་དང་སྔོན་ཆད་ཉོས་ཟིན་པའི་གནམ་གྲུ་རྙིང་པ་དེ་ཚོ་ཡར་རྒྱས་གཏོང་རྒྱུ། ཁེ་ན་ཌ་དང་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་གཞན་ཁག་གིས་ཏུར་ཀི་ལ་མཚོན་ཆ་བཙོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་ཕྱིར་འཐེན་བྱ་དགོས་ཞེས་ནན་གྱིས་བསྐུལ། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཏུར་ཀི་ལ་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུ་འགོག་རྐྱེན་མེད་པར་མྱུར་དུ་ཐག་གཅོད་བྱེད་ཐུབ་ཟེར།།

ཏུར་ཀི་ལ་ཨ་མི་རི་ཀའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུ
ཏུར་ཀི་ལ་ཨ་མི་རི་ཀའི་F-16་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུ

ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་སུད་ཌན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་ཡུ་རོབ་རྒྱལ་ཁབ་ཧང་གྷ་རི་གཅིག་པུས་ཆོག་མཆན་མ་བཀོད་པར་ལུས་ཡོད་ཅིང་། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ཧང་གྷ་རིས་མྱུར་དུ་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་འགོད་དགོས་པའི་ནན་སྐུལ་བྱས་འདུག ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན་ནས་སུད་ཌེན་གྱི་སྲིད་བློན་ལ་འཕྲིན་ཡིག་ཅིག་བསྐུར་ཡོད། སུད་ཌེན་གྱི་སྲིད་བློན་ཧང་གྷ་རིར་ཕེབས་ནས་རྒྱལ་ཁབ་དེ་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་གྲོས་མོལ་བྱ་དགོས་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། ཧང་གྷ་རིའི་ཕྱི་སྲིད་བློན་ཆེན་ནས་སུད་ཌེན་གྱི་སྲིད་བློན་ཧང་གྷ་རིར་ཕེབས་དགོས་པའི་མགྲོན་འབོད་བྱས་པ་ནི་ཕྱོགས་གཉིས་ཀྱི་ཡིད་ཆེས་སླར་གསོ་བྱེད་པའི་ཆེད་དུ་ཡིན་ཞེས་བཀྲལ།།

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་དང་ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན་
ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་དང་ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན་

ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སུད་ཌེན་གྱི་ཕྱི་སྲིད་བློན་ཆེན་ནས་ང་ཚོས་ཧང་གྷ་རིར་གྲོས་སྡུར་བྱེད་དགོས་པའི་རྒྱུ་མཚན་ཞིག་མཐོང་གི་མི་འདུག ཏུར་ཀི་དང་མ་འདྲ་བར་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་བའི་སྐབས་སུ་ཧང་གྷ་རི་སོགས་རྒྱལ་ཁབ་གཞན་པ་གཅིག་གིས་ཀྱང་སྔོན་འགྲོའི་ཆ་རྐྱེན་གང་ཡང་བཏོན་མ་སོང་། ད་ལྟ་གྲོས་མོལ་བྱ་དགོས་པ་ཞིག་མཐོང་གི་མི་འདུག་ཅེས་ལན་བཏབ། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། ཧྥིན་ལན་ཌིར་རྒྱལ་ཁབ་ཚང་མས་ཆོག་མཆན་བཀོད་དེ་ཟླ་ཤས་རྗེས་སུ་ནུབ་ཆིངས་ཀྱི་ཚོགས་འཐུས་སུ་གྱུར། སུད་ཌེན་ལ་ཏུར་ཀི་དང་ཧང་གྷ་རི་གཉིས་ཀྱིས་ཆོག་མཆན་མ་བཀོད་པར་བཀག སྲིད་བློན་ཨོར་བྷན་གྱིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུར་ཧང་གྷ་རི་ཆོག་མཆན་འགོད་མཁན་རྒྱལ་ཁབ་མཐའ་གཞུག་མ་དེར་འགྱུར་མི་སྲིད་ཅེས་བཤད་མྱོངས།།

ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཏུར་ཀིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་ཐག་གཅོད་བྱས་པའི་རྗེས་སུ་ཧང་གྷ་རིའི་རྒྱབ་སྐྱོར་འཐོབ་ཚེ། ད་ལོའི་དཔྱིད་ཀར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ནུབ་ཆིངས་ཚུགས་ནས་ལོ་༧༥་འཁོར་བའི་དུས་དྲན་སྐབས་སུ་སུད་ཌེན་དམག་དོན་སྒྲིག་འཛུགས་དེའི་ཚོགས་འཐུས་རྒྱལ་ཁབ་༣༢་པར་འགྱུར་ཐུབ། སུད་ཌེན་གྱིས་ལོ་༢༠༠་ཡས་མས་ཤིག་ལ་དམག་དོན་ཐོག་ཏུ་ཕྱོགས་སྒྲིག་སྤངས་ཀྱང་ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱི་རྒྱལ་སྲུང་སྲིད་ཇུས་ལ་འགྱུར་བ་ཐེབས། སུད་ཌེན་གྱི་མཚོ་དམག་དང་གནམ་དམག་གིས་ནུབ་ཆིངས་ཀྱི་གནམ་མཚོ་ཟུང་གི་དཔུང་སྡེའི་སྟོབས་ཤུགས་ཆེ་རུ་བཏང་སྟེ་བྷོལ་ཊིཀ་རྒྱ་མཚོ་དང་འཛམ་གླིང་གི་བྱང་སྣེའི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་ཐུབ་པའི་དགེ་མཚན་ཆེ་བར་མ་ཟད། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ནུབ་ཆིངས་ཀྱི་མཐུན་སྒྲིལ་ལ་གཏོར་བརླག་བྱ་རྒྱུའི་དམིགས་ཡུལ་བཅངས་པ་མ་གྲུབ་པ་རེད་ཅེས་རྩོམ་ཡིག་སྤེལ་འདུག

ཧང་གྷ་རིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུར་ཆོག་མཆན་འགོད་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན། སུད་ཌེན་གྱི་ཆ་རྐྱེན་ཅི་ཞིག་བསྒྲུབ་དགོས་སོགས་གསལ་བཀྲོལ་མ་བྱུང་། ཉམས་ཞིབ་པ་ཚོས་ཧང་གྷ་རིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་འགོག་དཀའ། ཡིན་ནའང་སྲིད་བློན་ཨོར་བྷན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་འབྲེལ་བ་བཟང་པོ་ཡོད་པས་རྟག་ཏུ་ཧང་གྷ་རིས་གཏོར་བརླག་བྱས་ནས་འགོག་རྐྱེན་བསླངས། ཧང་གྷ་རིའི་གནམ་དམག་ལ་སུད་ཌེན་གྱིས་བཟོས་པའི་འཐབ་འཛིང་གནམ་གྲུ་གླས་ཡོད་པའི་འགན་རྒྱ་ཕར་འགྱངས་དང་མཉམ་འབྲེལ་རྒྱ་སྐྱེད་ཐུབ་པར་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུར་ཆོག་མཆན་མ་བཀོད་པར་འགོག་གི་ཡོད་པ་ཡིན་སྲིད། ཏུར་ཀིའི་སྲིད་འཛིན་ལྟར་ཧང་གྷ་རིའི་སྲིད་བློན་གྱིས་ཀྱང་ཁེ་ཕན་ཞིག་རག་ཐབས་ལ་དམིགས་ཡོད་པ་འདྲ་ཞེས་དཔྱད་བརྗོད་སྤེལ། སྲིད་བློན་ཨོར་བྷན་ནས་སུད་ཌེན་གཞུང་གིས་ཧང་གྷ་རིའི་དམངས་གཙོའི་ལམ་ལུགས་ལ་སྐྱོན་བརྗོད་བྱས་སོང་ཞེས་བཤད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG