༄༅།། བོད་གངས་ཅན་གྱི་གྲུབ་པའི་དབང་ཕྱུག་ཆེན་པོ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་ནི་དུས་རབས་༡༤་པའི་མཇུག་དང་དུས་རབས་༡༥་པའི་མགོ་སྟོད་དུ་གཙང་ལྷ་རྩེའི་འོལ་པ་ཞེས་བྱ་བའི་ཡུལ་གྱི་འཁྱུངས་ས་ཞེས་པའི་ཁྱིམ་ཚང་དུ་ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དེང་སྐབས་ཐང་སྟོང་རྒྱལ་པོའི་འཁྲུངས་ཡུལ་དེ་བོད་རང་ལྗོངས། གཞིས་ཀ་རྩེ་ས་ཁུལ། ངམ་རིང་རྫོང་། གཅུང་རི་བོ་ཆེའི་ཉེ་འགྲེམ་གྱི་མདོ་སྤེ་ཡུལ་ཚོའི་རིན་ཆེན་སྡིངས་ཀྱི་ཁོངས་སུ་གཏོགས་ཤིང་། ཐོག་མར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་རབ་ཏུ་བྱུང་ནས་མཚན་ལ་བརྩོན་འགྲུས་བཟང་པོ་གསོལ། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་མཁས་པ་ཚོ་བཞེད་ཚུལ་མི་མཐུན་འགའ་རེ་འབྱུང་། མཁས་པ་མང་ཆེ་བས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནི་རབ་བྱུང་༦་པའི་ཤིང་གླང་སྟེ། ཕྱི་ལོ་༡༣༨༥་ལོར་འཁྲུངས་པ་དང་༡༤༦༤་ལོར་འདས་པར་བཞེད། མཁས་པ་འགའ་ཤས་ཀྱིས་༡༣༦༡་ལོར་འཁྲུངས་པ་དང་༡༤༨༥་ལོར་འདས་པར་བཞེད། ཐང་སྟོང་རྒྱལ་པོའི་རྣམ་ཐར་ཕྱོགས་སྒྲིག་པ་དང་ཉམས་ཞིབ་པ་ཆགས་ལྷོ་བུ་ཆུང་གིས་ཐང་སྟོང་རྒྱལ་པོ་དགོངས་པ་རྫོགས་ཏེ་ལོ་༣༢་ལ་གསང་རྒྱ་བསྡམས། ༡༥༡༧་ལོར་གསང་རྒྱ་གྲོལ་ཞེས་སྨྲས། མཁྱེན་བརྩེ་ཐེབས་རྩ་ཁང་(Kyentse Founday)་གི་དྲྭ་ལམ་དུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལོ་དགུ་བརྒྱར་བཞུགས་པ་རེད་ཟེར་ཡང་བྱུང་རབས་སྨྲ་བ་ཚོས་བཞེད་ལུགས་དེ་འཐད་ལྡན་དུ་མི་བརྩི།།
གཅུང་རི་བོ་ཆེ་བ་ཆགས་ལྷོ་བུ་ཆུང་ནི་ཐང་སྟོང་རྒྱལ་པོའི་རྣམ་ཐར་ཕྱོགས་སྒྲིག་པ་དང་ཉམས་ཞིབ་པ་ཡིན་ཞིང་། ཁོང་བོད་དུ་སྐྱེས་ནས་རྒྱ་གར་གྱི་བཙན་བྱོལ་སྤྱི་ཚོགས་སུ་འཚར་ལོངས་བྱུང་སྟེ་ཤེས་ཡོན་སློབ་སྦྱོང་ཐོབ། ༡༩༩༥་ནས་བོད་ལ་སྔ་རྗེས་སུ་ཐེངས་༥་བསྐྱོད། ༢༠༠༤་ལོར་རིག་གནས་གསར་བརྗེའི་དུས་སུ་གཏོར་བཤིག་ཕོག་པའི་གཅུང་རི་བོ་ཆེའི་བཀྲ་ཤིས་སྒོ་མང་མཆོད་རྟེན་དང་དེའི་ནང་གི་སྐུ་གསུང་ཐུགས་རྟེན་རྣམས་ཞིག་གསོ་བྱ་རྒྱུའི་ལས་མགོ་བརྩམས། ཆགས་ལྷོ་བུ་ཆུང་རྒྱ་ནག་དང་སེངྒ་ལ། འབྲུག་ཡུལ་དང་བལ་ཡུལ། རྒྱ་གར་བཅས་སུ་མྱུལ་ནས་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་མཛད་པ་རྣམ་ཐར་གྱི་ལོ་རྒྱུས་ཡིག་ཆ་རྣམས་འཚོལ་བསྡུ་དང་ཞིབ་འཇུག དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་འཐོར་ཡོད་པའི་ཐང་སྟོང་རྒྱལ་པོས་བཞེངས་པའི་སྐུ་གསུང་ཐུགས་རྟེན་རྣམས་རྩད་གཅོད། ཆགས་ལྷོ་ཁྱིམ་ཚང་གིས་ཧིན་སྒོར་ས་ཡ་༥་འགྲོ་གྲོན་བཏང་སྟེ་ཐང་སྟོང་རྒྱལ་པོའི་རྣམ་ཐར་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དེབ་ཕྲེང་༣༠་ཐམ་པ་དཔར་དུ་བསྐྲུན། ལོ་༦༠༠་ལྷག་གི་ཡར་སྔོན་དུ་ཐང་སྟོང་རྒྱལ་པོས་སྲོལ་གཏད་པའི་ལྷ་མོའི་འཁྲབ་ལུགས་གཅུང་རི་བོ་ཆེར་སླར་གསོ། ༢༠༢༣་ལོར་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌར་བོད་ཀྱི་ལྷ་མོའི་དུས་སྟོན་བཙུགས།།
ཆགས་ལྷོ་བུ་ཆུང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་ང་ནི་བོད་དུ་སྐྱེས་ཏེ་༡༩༨༥་ལོར་༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་བའི་སྐབས་སུ་རྒྱ་གར་དུ་འབྱོར། ང་ལ་ཤེས་འཇོན་དང་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་སོགས་ཅི་ཡང་མེད། ང་ནི་རིག་པའི་གནས་ལ་མཁས་པ་ཞིག་དེ་བས་ཀྱང་མིན། ཡིན་ནའང་ངས་རྒྱ་གར་དུ་འགྲིམ་འགྲུལ་ལས་ཁུངས་ཤིག་བཙུགས་ནས་ཚོང་ལས་ཡག་པོ་བྱུང་སོང་། ང་ཚོའི་ཕ་ཡུལ་ནི་དཔལ་འབྱོར་འཛུགས་སྐྲུན་ཧ་ཅང་ཞན། ང་ཚོའི་ཕ་ཡུལ་གཅིག་པའི་ནང་དུ་ཤེས་ཡོན་ཅན་ཡང་དཀོན་པོ་རེད། ངས་གྲོགས་པོ་འགའ་ཞིག་ལ་ཐང་སྟོང་རྒྱལ་པོ་ང་ཚོའི་ཕ་ཡུལ་གྱི་མི་རེད། ང་ཚོས་ཐང་སྟོང་རྒྱལ་པོའི་སྐོར་ཞིབ་འཇུག་བྱ་དགོས་ཀྱི་འདུག་ཅེས་གྲོས་འགོ་བཏོན་པར་ཚང་མ་འཐད་ཀྱང་ལག་བསྟར་བྱེད་མཁན་མ་བྱུང་། ང་༢༠༠༤་ལོར་བོད་ལ་ཕྱིན་པའི་སྐབས་དེར་བཀྲ་ཤིས་སྒོ་མང་མཆོད་རྟེན་གཏོར་བཤིག་ཕོག་ཡོད་པ་དེའི་མདུན་དུ་སེམས་ལ་བཟོད་གླགས་མེད་པའི་ན་ཟུག་ཅིག་ལྡང་བྱུང་། ངས་མཆོད་རྟེན་མདུན་དུ་མཆོད་རྟེན་འདི་བསྐྱར་བཞེངས་བྱེད་ཀྱི་ཡིན། ངས་མཆོད་རྟེན་བསྐྱར་བཞེངས་མ་ཐུབ་བར་དུ་གཉེན་སྒྲིག་བྱེད་ཀྱི་མིན་ཞེས་དམ་བཅའ་བརྟན་པོ་ཞིག་བཞག་པ་ཡིན་ཞེས་བཀྲལ།།
ཆགས་ལྷོ་བུ་ཆུང་གིས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནི་བོད་པ་བྱིངས་དང་མ་འདྲ་བར་རྒྱ་གར་དུ་ལོ་༡༨་ལ་བཞུགས། ཁོང་བལ་ཡུལ་དང་སེངྒ་ལ། ཀསྨིར་སོགས་ལ་ཕེབས་ཏེ་ཐོས་རྒྱ་དང་མཐོང་རྒྱ་ཤིན་ཏུ་ཆེ། ཁོང་གི་བསམ་བློའི་གནས་ཚད་ནི་སྐབས་དེའི་བོད་པ་ཚོ་ལས་ལོ་བརྒྱ་ཕྲག་འགའ་ཤས་ཀྱི་སྔོན་ཐོན་རེད། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བལ་ཡུལ་མཆོད་རྟེན་ཞིག་གསོ་དང་འབྲུག་ཡུལ་གྱི་བྲག་ཕུག་ཅིག་ནས་ལྕགས་རྡོ་བཏོན། ལྕགས་དང་སྨྱུག་མ་བསྲེས་ནས་ལྕགས་ཐག་བརྡུངས། དེ་བཞིན་ཀོང་པོའི་ཡུལ་དུ་དུ་ལྕགས་བཏོན་ཏེ་ལྕགས་ཐག་བརྡུངས། ལྕགས་ཐག་རྣམས་མཛོ་གཡག་༣༠༠་ལྷག་ལ་བཀལ་ནས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་དྲངས། ས་གནས་ཀྱི་མི་ཆེན་དཔོན་ཆེན་ཚོས་ལྕགས་ཟམ་འཛུགས་ཐུབ་ཀྱི་མ་རེད་ཅེས་རྒྱབ་སྐྱོར་མ་ཐོབ།
དེར་བརྟེན་ལྕགས་ཟམ་འཛུགས་པའི་དུས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དངོས་སུ་ཆུ་ནང་དུ་མཆོངས་ནས་ལྕགས་ཐག་འཐེན་ཏེ་ཟམ་པ་བཙུགས་པར་དབུས་ཀྱི་མི་ཆེན་དཔོན་ཆེན་རྣམས་ཐང་སྟོང་རྒྱལ་པོའི་མཛད་པར་ངོ་མཚར་སྐྱེས་པ་རེད་ཅེས་བཤད།།
ཐང་སྟོང་རྒྱལ་པོའི་རྣམ་ཐར་ཕྱོགས་སྒྲིག་པ་དང་ཉམས་ཞིབ་པ་ཆགས་ལྷོ་བུ་ཆུང་གིས་མུ་མཐུད་དུ་བཤད་པ་ལྟར་ན། དེང་སྐབས་ཐང་སྟོང་རྒྱལ་པོས་བརྡུངས་པའི་ལྕགས་ཐག་ཁག་ཅིག་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་(Switzerland)་ཛུ་རིག་སློབ་གྲྭ་ཆེན་མོར་ཡོད་པར་མ་ཟད། སུད་སིའི་ཚན་རིག་པ་ཚོས་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བརྡུངས་པའི་ལྕགས་ཐག་གི་སྤུས་ཚད་ལ་བརྟག་དཔྱད་བྱས། ཚན་རིག་པ་ཚོས་ཐང་སྟོང་རྒྱལ་པོའི་ལྕགས་ཐག་དེ་ཚོར་བཙའ་རྒྱག་གི་མི་འདུག ལྕགས་ཐག་དེ་ཧ་ཅང་གི་སྤུས་ཚད་ཡག་པོ་རེད་ཅེས་སྡོམ་བརྒྱབ། ཡུ་རོབ་ཀྱི་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བ་ཁག་ཅིག་བོད་ཀྱི་ཁམས་ཕྱོགས་སུ་བསླེབས་ནས་ཐང་སྟོང་རྒྱལ་པོའི་ལྕགས་ཟམ་མིག་གིས་མཐོང་ཡོད་པས་ཡུ་རོབ་ལའང་ལྕགས་ཟམ་འཛུགས་རྒྱུའི་རིག་པ་རྙེད་པར་སྣང་། ལོ་ཤས་གོང་དུ་ནུབ་ཕྱོགས་སུ་ལྕགས་ཟམ་གྱི་བྱུང་རིམ་འགྲེམ་སྟོན་ཞིག་ཚུགས་པའི་སྐབས་སུ་ཐང་སྟོང་རྒྱལ་པོའི་ལྕགས་ཟམ་ནི་འགྲེམ་སྟོན་ཁོངས་སུ་ཨང་དང་པོར་བཤམས་འདུག་ཅེས་བོད་པ་ཞིག་གིས་དངོས་སུ་མཐོང་སྟེ་ཨ་རིའི་རླུང་འཕྲིན་ཁང་ལ་གསལ་བཀྲོལ་བྱས་བྱུང་།།
གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་ཚེ་ཧྲིལ་པོར་བཀའ་རྙིང་ས་གསུམ་གཙོས་རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་ཉམས་སུ་བླངས། གཅུང་རི་བོ་ཆེའི་བཀྲ་ཤིས་སྒོ་མང་མཆོད་རྟེན་བཞེངས། སྡེ་དགེ་དགོན་ཆེན་ཕྱག་བཏབ། སྐུ་གསུང་ཐུགས་རྟེན་གྲངས་ཀྱིས་མི་ལངས་པ་ཞིག་བཞེངས་ཏེ་བོད་ཡུལ་གྱི་ཆུ་ཆེན་རྣམས་ལ་ལྕགས་ཟམ་༡༠༨་དམ། ཡང་ན་ལྕགས་ཟམ་༥༨་བཙུགས། ཐང་སྟོང་རྒྱལ་པོའི་རྣམ་ཐར་ཕྱོགས་སྒྲིག་པ་དང་ཉམས་ཞིབ་པ་ཆགས་ལྷོ་བུ་ཆུང་གིས་ཐང་སྟོང་རྒྱལ་པོས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ལྕགས་ཟམ་༥༨་བཙུགས། ད་ལྟའང་མཐོང་རྒྱུ་ཡོད་པའི་ལྕགས་ཟམ་༢༦་འདུག ལྕགས་ཟམ་གྱི་མིང་དང་ཤུལ་ཙམ་ལས་མེད་པ་༡༦་འདུག གྲུབ་ཐོབ་ཐང་སྟོང་རྒྱལ་པོས་འབྲུག་ཡུལ་དུ་ལྕགས་ཟམ་༡༢་བཙུགས་པའི་གྲས་ནས་ལྕགས་ཟམ་ལྔ་ད་དུང་ཡང་མཐོང་རྒྱུ་འདུག ཐང་སྟོང་རྒྱལ་པོ་ལྷ་སར་ཕེབས་པའི་དུས་སུ་གྲུ་གླ་སྤྲོད་རྒྱུ་མེད་པར་མགོ་ལ་རྒྱུག་རྡུག་ལན་གསུམ་བཟེད་དེ་ཆུ་ལ་འཕངས། དེ་ནས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཐུགས་ཤིན་ཏུ་སྐྱོ་སྟེ་ང་ལྟ་བུའི་སེམས་ཅན་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་གི་ཆེད་དུ་ལྕགས་ཟམ་འཛུགས་དགོས་ཀྱི་འདུག་ཅེས་ཐུགས་བསྐྱེད་པ་ནི་ཡོངས་གྲགས་སུ་གླེང་།།
ཐང་སྟོང་རྒྱལ་པོའི་རྣམ་ཐར་ཕྱོགས་སྒྲིག་པ་དང་ཉམས་ཞིབ་པ་ཆགས་ལྷོ་བུ་ཆུང་གིས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནི་བོད་ཀྱི་ཨ་ཅེ་ལྷ་མོའི་འཁྲབ་གཞུང་སྲོལ་གཏོད་ཁོ་ན་མིན་པར་སྨན་པ་དང་ལྷ་བྲིས་པ། བཟོ་བཀོད་པ་དང་མགར་བ། ལུག་རྫི་དང་ཚོང་གཡོག གྲྭ་པ་དང་སྔགས་འཆང་། གྲུབ་ཐོབ་དང་རྒྱལ་ཁམས་པ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་རེད། སྐུ་ཚེའི་མཇུག་ཏུ་གཅུང་རི་བོ་ཆེར་བཞུགས་ནས་དགོངས་པ་རྫོགས། སྐུ་ཕུང་ནི་བཀྲ་ཤིས་སྒོ་མང་མཆོད་རྟེན་རྩེར་དམར་གདུང་དུ་བཞུགས། དུས་རབས་སྔོན་མའི་ལོ་རབས་༦༠་པའི་ནང་དུ་རྒྱ་ནག་ནས་བོད་ལ་རིག་གནས་གསར་བརྗེ་ལངས་ཏེ་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་གཏོར་བཤིག་ཕོག་སྟེ་ཐང་སྟོང་རྒྱལ་པོའི་དམར་གདུང་ཕྱི་རུ་བཏོན། ས་གནས་ཀྱི་དད་ལྡན་ཁག་ཅིག་གིས་སྲོག་དང་བསྡོས་ནས་ཐང་སྟོང་རྒྱལ་པོའི་དམར་གདུང་སྦས། རིག་གནས་གསར་བརྗེ་མཇུག་སྒྲིལ་བའི་རྗེས་སུ་དམར་གདུང་སླར་ཡང་བཀྲ་ཤིས་སྒོ་མང་མཆོད་རྟེན་ནང་དུ་བཞུགས་སུ་གསོལ་བ་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།།
ཆགས་ལྷོ་ཁྱིམ་ཚང་གིས་གཏོང་ཕོད་ཆེན་པོས་དཔར་དུ་བསྐྲུན་པའི་ཐང་སྟོང་རྒྱལ་པོའི་རྣམ་ཐར་ཁག་དང་ཆོས་སྐོར་རྣམས་རིན་མེད་དུ་ཆོས་སྦྱིན་གཏོང་གི་ཡོད་ཅིང་། ཆགས་ལྷོ་བུ་ཆུང་གིས་རིག་གནས་གསར་བརྗེའི་དུས་སུ་བཀྲ་ཤིས་སྒོ་མང་མཆོད་རྟེན་ནང་གི་སྐུ་གསུང་ཐུགས་རྟེན་རྣམས་རྩ་མེད་ཕྱིན་ཏེ་བོད་ནང་གི་ཐང་སྟོང་རྒྱལ་པོའི་དགོན་པ་དང་ལྷ་ཁང་ཁག་ཏུ་ཐང་སྟོང་རྒྱལ་པོའི་གསུང་འབུམ་གཅིག་ཀྱང་ལུས་མི་འདུག ང་ཚོས་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་དང་ལ་དྭགས། གར་ཞ་སྤི་ཏེ་དང་ཁུ་ནུ། མོན་ཡུལ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་སྒེར་གཉིས་ཀྱི་དཔེ་མཛོད་ཁང་དང་འགྲེམ་སྟོན་ཁང་ཁག་ནས་ཐང་སྟོང་རྒྱལ་པོའི་གསུམ་འབུམ་དང་ཐང་ཀ སྐུ་འདྲ་སོགས་རྩད་གཅོད་བྱས་ནས་པར་སློག་བརྒྱབ་སྟེ་ཐང་སྟོང་རྒྱལ་པོའི་ཆོས་སྐོར་རྣམས་དཔར་དུ་བསྐྲུན་ནས་འབྲེལ་ཡོད་ཀྱི་དགོན་སྡེ་ཁག་དང་ལྷ་ཁང་ཁག་ལ་འབུལ་གྱི་ཡོད། ཐང་སྟོང་རྒྱལ་པོའི་སྐུ་འདྲ་དང་མཆོད་རྫས་ཁག་ཅིག་ནུབ་ཕྱོགས་ཀྱི་སྒེར་པ་ཚོས་བླུས་ཏེ་ཉར་ཚགས་བྱས་འདུག ཐང་སྟོང་རྒྱལ་པོས་བོད་ཀྱི་ཆོས་རིག་དར་སྤེལ་ཐད་མཛད་རྗེས་བསྐྱངས། ངས་ཐང་སྟོང་རྒྱལ་པོའི་རྣམ་ཐར་ཕྱོགས་སྒྲིག་དང་ལོ་རྒྱུས་ཞིབ་འཇུག སྐུ་གསུང་ཐུགས་རྟེན་རྣམས་འཚོལ་བསྡུ་བྱེད་ཀྱི་ཡོད་པ་ནི་བོད་ཀྱི་ཆོས་རིག་གཅེས་འཛིན་ལ་ལེགས་སྐྱེས་ཕྲ་མོ་ཞིག་འབུལ་ཐུབ་རྒྱུའི་ཀུན་སློང་ཡིན་ཞེས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་འདུག
Your browser doesn’t support HTML5