ཐེ་ཝན་གྱིས་རྒྱ་ནག་ཕྱི་དགྲར་བརྩིས་ནས་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན་ཟེར།

ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་

ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་

༄༅།། ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་རྒྱ་ནག་ཕྱི་དགྲར་བརྩིས་ནས་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན། རྒྱ་ནག་གིས་ཐེ་ཝན་རང་དབང་དང་དམངས་གཙོ་ཡིན་པའི་གོ་སྐབས་བླངས་ནས་མཚོ་གླིང་དེའི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ཕྱི་ཟླ་༣་པའི་ཚེས་༡༤་ཉིན་བི་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ལེ་ཆི་ཏེས་(Lai Ching-te)་རྒྱ་ནག་གི་གསང་ཉུལ་ཐེ་ཝན་གྱི་སྤྱི་ཚོགས་སུ་སིམ་འཛུལ་བྱེད་ཀྱི་ཡོད་པར་འགོག་རྒོལ་དྲག་པོ་བྱ་དགོས། རྒྱ་ནག་དང་ཧོང་ཀོང་། ཨོ་མེན་ནས་ཡོང་བའི་རྒྱ་ནག་པ་ཚོ་ཐེ་ཝན་དུ་འདུག་ཆོག་པའི་ཆ་རྐྱེན་དམ་དུ་གཏོང་རྒྱུ་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་དམག་དོན་ཁྲིམས་ཁང་སླར་གསོ་བྱ་དགོས་ཞེས་གསལ་བསྒྲགས་སྤེལ། ཐེ་ཝན་གྱི་མཐོ་རིམ་དམག་དཔོན་ཁག་དང་སྲིད་དོན་པ། ན་གཞོན་གྱི་གྲས་སུ་རྒྱ་ནག་གི་གསང་ཉུལ་དང་ནང་རུལ་བ་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་ལེ་ཆིང་ཏེ་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེར་གཏོར་བརླག་བྱེད་མཁན་རེད་ཅེས་སྐྱོན་འཛུགས་དང་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། མཚོ་འགག་ཕྱོགས་གཉིས་ངེས་པར་དུ་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་བསྒྲགས། རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭས་(Chen Binhua)་ཐེ་ཝན་རང་བཙན་པ་ཚོ་དམར་ཐིག་བརྒལ་ན་དྲག་གནོན་བྱ་རྒྱུར་འཛེམ་ཟོན་མེད། སུ་ཞིག་གིས་མེ་ལ་རྩེད་མོ་རྩེས་ན་རང་ཉིད་བསྲེག་རྒྱུ་ཡིན་པ་ཆོས་ཉིད་རེད་ཅེས་སྡིགས་ར་བསྐུལ། སྲིད་འཛིན་ལེ་ཆིང་ཏེ་དང་དམངས་གཙོ་ཡར་ཐོན་ཚོགས་པས་རང་བཙན་གྱི་ལངས་ཕྱོགས་འཛིན་གྱི་ཡོད་པར་རྒྱ་ནག་དྲག་ཏུ་ཁྲོས། རྒྱ་ནག་གི་གསར་འགྱུར་ལས་ཁུངས་ཁག་གིས་ལེ་ཆིང་ཏེ་འཁྲུག་རྩོད་སློང་མཁན་ཞིག་རེད། ཁོ་པ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ནག་ཉེས་ཐོག་ཏུ་ཁྲིམས་ལ་སྦྱོར་དགོས་ཞེས་གསར་འགྱུར་སྤེལ། དེ་བཞིན་རྒྱ་ནག་གིས་གནམ་མཚོ་གཉིས་ནས་དམག་སྦྱོང་བྱས་ཏེ་རྟག་ཏུ་ཐེ་ཝན་ལ་དཔུང་སྟོབས་ངོམ།།

ཁ་སང་གཟའ་ཕུར་བུའི་ཉིན་སྲིད་འཛིན་ལེ་ཆིང་ཏེ་དང་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་མཐོ་རིམ་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས། སྲིད་འཛིན་ལེ་ཆིང་ཏེས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་ཐེ་ཝན་གྱི་དམག་དཔོན་ཁག་དང་གནད་ཡོད་མི་སྣ་ཁག ས་གནས་ཀྱི་འགོ་ཁྲིད་སོགས་བློ་འགུགས་བྱེད་ཀྱི་འདུག ད་དུང་ཁྲིམས་འགལ་གྱི་སྒྲིག་འཛུགས་ཁག་ཐེ་ཝན་གྱི་སྤྱི་ཚོགས་སུ་སིམ་འཛུལ་བྱེད་དུ་བཅུག་སྟེ་སྲིད་དབང་མགོ་རྟིང་སློག་ཐབས་དང་ཐེ་ཝན་གྱི་སྤྱི་ཚོགས་ལ་དབྱེན་སྦྱོར་བྱས་ནས་གཞུང་དམངས་གཉིས་ཆིག་སྒྲིལ་འབྱུང་དུ་འཇུག་གི་མི་འདུག ན་ནིང་ཐེ་ཝན་གཞུང་གིས་མི་༦༤་ལ་རྒྱ་ནག་གི་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱར་བ་ཡིན། དེ་ནི་༢༠༢༡་དང་བསྡུར་ན་ཐེ་ཝན་གྱི་སྤྱི་ཚོགས་སུ་རྒྱ་ནག་གི་གསང་ཉུལ་ལྡབ་གསུམ་མང་དུ་ཕྱིན་འདུག རྒྱ་ནག་གི་གསང་ཉུལ་དུ་གྱུར་པ་མང་ཆེ་བ་ཐེ་ཝན་གྱི་དམག་དཔོན་ཟུར་པ་དང་ལས་ཐོག་དམག་དཔོན་ཁག་རེད་ཅེས་ཐེར་འདོན་བྱས་འདུག

སྲིད་འཛིན་ལེ་ཆིང་ཏེས་རྒྱ་ནག་གི་གསང་ཉུལ་འགོག་པར་ཐེ་ཝན་གྱི་དམག་དོན་ཁྲིམས་ཁང་སླར་གསོ་བྱ་དགོས། དམག་གི་ཁྲིམས་ཞིབ་པ་རྣམས་མདུན་སར་བཏང་སྟེ་དམག་ཁོངས་སུ་སྲི་ཞུ་སྒྲུབ་བཞིན་པའི་དམག་མི་ཚོས་ཁྲིམས་འགལ་བྱས་ན་དམག་ས་ཁག་ཏུ་ཁྲིམས་བཤེར་བྱེད་ཐུབ་པ་ཞིག་ཏུ་བསྒྱུར་དགོས་པའི་གྲོས་གཞི་བཏོན། ༢༠༡༣་ལོར་ཐེ་ཝན་གྱི་དམག་མི་གསར་པ་ཞིག་ལ་སྲོག་སྐྱོན་ཕོག་པའི་རྗེས་སུ་དམག་དོན་ཁྲིམས་ཁང་སྒོ་བརྒྱབ། སྲིད་འཛིན་ལེ་ཆིང་ཏེས་ཐེ་ཝན་གྱི་གཞས་པ་གཞས་མ་དང་གློག་བརྙན་འཁྲབ་མཁན་མི་སྣ་སྐད་གྲགས་ཅན་རྣམས་རྒྱ་ནག་ཏུ་བསྐྱོད་པའི་སྐབས་སུ་གསང་བའི་ལས་ཁུངས་ཀྱིས་གནོན་ཤུགས་སྤྲད་ནས་གསང་ཉུལ་ལ་སྒྱུར་ཐབས་བྱེད་ཀྱི་འདུག ཐེ་ཝན་གཞུང་གིས་རྒྱ་ནག་ལ་ཆེད་ལས་སྒྲུབ་ཏུ་སྐྱོད་མཁན་མི་སྣ་གྲགས་ཅན་ཚོར་ལམ་སྟོན་བྱ་དགོས་ཟེར། ཐེ་ཝན་གྱི་མི་སྣ་གྲགས་ཅན་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་འཕྲིན་ཐུང་སྤེལ་ནས་རྒྱ་ནག་གི་ཕྱོགས་སུ་ལངས།།

ཕྱི་ཟླ་༣་པའི་ཚེས་༡༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་རིག་གཞུང་གི་བྱེད་སྒོ་ཁག་དང་མི་སྒེར་པར་འབྲེལ་ལམ་བཙུགས་ནས་ཐེ་ཝན་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། སྔ་ལོ་ཐེ་ཝན་གྱི་གཅིག་གྱུར་ཤོག་ཁག་ཅིག་གིས་སློབ་ཕྲུག་ཁག་ཅིག་ལ་སྦྱིན་བདག་བྱས་ནས་རྒྱ་ནག་ཏུ་ཁྲིད། སློབ་ཕྲུག་གཅིག་གིས་ཐེ་ཝན་ལ་སྐྱོན་བརྗོད་བྱས་ནས་མཚོ་གླིང་དེའི་སྤྱི་དམངས་རྣམས་ཁོང་ཁྲོས་བརྟས། ཡིན་ནའང་ཐེ་ཝན་གཞུང་གིས་སློབ་ཕྲུག་དེ་ཁྲིམས་ལ་སྦྱོར་མ་ཐུབ། ད་ལྟ་ཐེ་ཝན་གཞུང་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་ལ་འབྲེལ་བ་བྱ་རྒྱུ་ཉུང་དུ་གཏང་དགོས་པའི་ཐག་བཅད། ཐེ་ཝན་གྱི་སྐྱེས་པ་ཞིག་གིས་རྒྱ་ནག་ནས་ཆུང་མ་ཞིག་བླངས། ཁོ་མོས་རྟག་ཏུ་པེ་ཅིང་གི་དམར་ཤོག་འགོ་ཁྲིད་ཚོར་བསྔགས་བརྗོད་དང་རྒྱ་ནག་གིས་ཆུ་ཚོད་ཕྱེད་ཀའི་ནང་དུ་ཐེ་ཝན་ལེན་ཐུབ་ཅེས་རྒྱ་གཞུང་གི་དྲིལ་བསྒྲགས་བརྙན་ཐུང་ཁག་དྲྭ་ལམ་དུ་བཀྲམ། དེར་བརྟེན་ཉེ་ཆར་ཐེ་ཝན་གཞུང་གིས་རྒྱ་མོ་དེ་ཕྱིར་ཕུད་བྱ་དགོས་པར་གྱུར།།

གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་རྒས་ཡོལ་དུ་ཕྱིན་པའི་དམག་དཔོན་ཟུར་པ་རུས་མི་ཤུས་ཞེས་ཞིག་གིས་ཨ་རིའི་ཞིབ་འཇུག་ཁང་ཞིག་ཏུ་ཆེད་ལས་སྒྲུབ་ཀྱི་ཡོད་ཟེར་གྱི་འདུག ཁོ་པས་ཐེ་ཝན་གྱི་དམག་མི་ཞིག་ལ་གནམ་དམག་གི་གསང་བའི་གནས་ཚུལ་འཁྱེར་ཤོག་ཅེས་སྐུལ་ལྕག་བཏང་སྟེ་གསང་བའི་གནས་ཚུལ་དེ་རྣམས་རྒྱ་ནག་གི་གསང་ཉུལ་ཚོར་སྤྲད་ནས་ཨ་སྒོར་༤༥༠༠༠་བླངས། ཐེ་ཝན་གྱི་དམག་མི་དེར་ཨ་སྒོར་༦༠༠༠་རྔན་པ་སྤྲད་འདུག་ཅེས་བསྟན། ཐེ་ཝན་གྱི་དམག་དཔོན་ཟུར་པ་གཞན་ཁག་ཅིག་གིས་མཚོ་གླིང་དེར་མཚོན་ཆ་ཅི་ཡོད་སོགས་ཀྱི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་ལ་སྤྲད་པར་མ་ཟད། རྒྱ་ནག་གི་གསང་བའི་ལས་ཁུངས་ནས་ཐེ་ཝན་གྱི་ན་གཞོན་དམག་མི་གསར་པ་ཚོར་དངུལ་སྒོར་སྤྲད་ནས་གསང་ཉུལ་ལ་སྒྱུར་ཐབས་བྱ་རྒྱུ་ཤུགས་ཆེ་རུ་སོང་། རྒྱ་ནག་གིས་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ནི་ཐེ་ཝན་གྱིས་བཟོས་པའི་ཤུང་ཧྥེང་༣་པ་རྟགས་ཅན་གྱི་འཕུར་མདེལ་ཁག་ཡིན་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༡༣་ཉིན་ཐེ་ཝན་གྱི་དབུས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ལེ་ཆིང་ཏེས་དམག་དོན་ཁྲིམས་ཁང་སླང་གསོ་བྱ་དགོས་ན་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་དགོས། ཐེ་ཝན་གྱི་གྲོས་ཚོགས་སུ་གོ་མིན་ཏང་དང་དེའི་ཕྱོགས་གཏོགས་ཐེ་མིན་ཏང་ངམ། ཐེ་ཝན་མི་དམངས་ཚོགས་པར་འཐུས་མི་གྲངས་མང་ཡོད་པས་སྲིད་འཛིན་ལེ་ཆིང་ཏེའི་གྲོས་གཞི་དེར་རྒྱབ་སྐྱོར་ཐོབ་དཀའ། སྲིད་འཛིན་ལེ་ཆིང་ཏས་ཐེ་ཝན་གྱི་དམག་དཔོན་ལས་ཐོག་དང་དམག་དཔོན་ཟུར་པ་ཚོས་དགྲ་ལ་ངན་འབྲེལ་བྱས་ཚེ། དམག་དཔོན་དེ་དག་གིས་ཐེ་ཝན་གྱི་དམག་གི་མཚན་མཐོང་ལ་ནག་ཐིག་ཕབ་པའི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད་བྱེད་ཆོག་པ་དང་དམག་ཁྲིམས་ལ་འགྱུར་བཅོས་གཏང་དགོས། དེ་ནི་ཐེ་ཝན་གྱི་དམག་མི་རྣམས་དཔའ་སྟོབས་མི་ཞུམ་པའི་ཆེད་དུ་ཡིན་ཞེས་རྒྱུ་མཚན་བགྲངས།།

ཕྱི་ཟླ་༣་པའི་ཚེས་༡༤་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། རྒྱ་ནག་གིས་ཁ་བྲལ་འཐབ་རྒོལ་བཅའ་ཁྲིམས་གཏན་འབེབས་བྱས་ནས་ལོ་༢༠་འཁོར་བའི་དུས་དྲན་ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་ཀྲའོ་ལེ་ཇཱིས་(Zhao Leji)་ཐེ་ཝན་རང་བཙན་ལ་འཐབ་རྒོལ་བྱེད་པའི་བཅའ་ཁྲིམས་ཡར་རྒྱས་གཏང་དགོས། རྒྱ་ནག་གིས་སེམས་ཐག་རྦད་བཅད་ཀྱིས་ཐེ་ཝན་གྱི་ཁ་བྲལ་ལས་འགུལ་དང་ཕྱི་དགྲའི་བར་འགོག་སྟོབས་ཤུགས་ལ་ཁ་གཏད་གཅོག་དགོས་ཞེས་ནན་གྱིས་བརྗོད། ༢༠༠༥་ལོར་རྒྱ་ནག་གིས་ཐེ་ཝན་རང་བཙན་ལ་འཐབ་རྒོལ་ཟེར་བའི་བཅའ་ཁྲིམས་ཤིག་གཏན་ལ་ཕབ། ཐེ་ཝན་དང་རྒྱ་ནག་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས་ཞེས་ཡིག་ཁྲིམས་སུ་བཀོད། ཨ་རི་སོགས་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་མེད་ཀྱང་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོངས། རྒྱ་ནག་གཞུང་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་དེར་ངོ་རྒོལ་ཡོད་ཅེས་ལངས་ཕྱོགས་གསལ་སྟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག