༄༅།། ཐེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་འགོག་པར་ཡར་ཐོན་ཅན་གྱི་མཚོ་འོག་དམག་གྲུ་མང་དུ་གཏང་རྒྱུའི་ཐག་བཅད། ཕྱི་ཟླ་༨་པའི་ཚེས་༢༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གཞུང་གིས་༢༠༣༨་བར་དུ་ཧེ་ཁུན་(Hai Kun)་ཞེས་པའི་མཚོ་འོག་དམག་གྲུ་བདུན་བཟོ་རྒྱུའི་འགྲོ་གྲོན་ཟུར་དུ་བཅད་ཡོད་ཅིང་། ད་ལྟ་སྲིད་འཛིན་ལེ་ཆིང་ཏེའི་གཞུང་ནས་གྲོས་ཚོགས་ཀྱིས་མཚོ་འོག་དམག་གྲུའི་འགྲོ་གྲོན་ཆོག་མཆན་འགོད་རྒྱུར་སྒུག་འདུག ཐོག་མར་འཆར་འགོད་བྱས་པའི་སྐབས་སུ་མཚོ་འོག་དམག་གྲུ་དེ་ཚོར་ཨ་སྒོར་དུང་ཕྱུར་༨་དང་ས་ཡ་༦་ཙམ་གནས་རྒྱུའི་ཚོད་དཔག་བྱས་ཀྱང་མཐའ་མཇུག་ཨ་སྒོར་དུང་ཕྱུར་༨༨་དང་བྱེ་བ་༨་གཏོང་དགོས་པར་གྱུར། ཐེ་ཝན་གྱི་རྒྱལ་སྲུང་ཉམས་ཞིབ་པ་ཚོས་ཧེ་ཁུན་མཚོ་འོག་དམག་གྲུ་དེར་ཚོད་ལྟ་བྱེད་བཞིན་པའི་སྒང་ཡིན་པ་དང་འགྲོ་གྲོན་ཡང་ཆེ་དྲགས་འདུག དེ་ནི་ཡུལ་དུས་ལ་འཚམས་པ་ཞིག་མ་རེད་ཅེས་རྩོད་པ་འཕངས།།
༢༠༢༣་ལོའི་འགོ་སྟོད་དེར་མར་ཁེ་ཀན་སི་ཡན་(Mark Cancian)་སོགས་ཉམས་ཞིབ་པ་ཁག་ཅིག་གིས་འཐབ་ཇུས་དང་རྒྱལ་སྤྱི་ཞིབ་འཇུག་ལྟེ་གནས་ཀྱི་སྙན་ཐོའི་ནང་དུ་ཐེ་ཝན་གྱི་མཚོ་འོག་དམག་གྲུ་དེ་རྣམས་རྒྱ་ནག་གི་སྲུང་སྐྱོབ་མངའ་ཁོངས་སུ་སིམ་འཛུལ་བྱེད་ཐུབ། རྒྱ་ནག་གི་སྐྱེལ་འདྲེན་གྲུ་གཟིངས་དང་ས་ཆུ་གཉིས་སུ་བཀོལ་སྤྱོད་བྱེད་པའི་དམག་གྲུ་ཁག་རྩ་གཏོར་གཏོང་བའི་ནུས་པ་ལྡན། རྒྱ་དམག་གིས་ཐེ་ཝན་ལ་བཙན་འཛུལ་དྲག་པོ་བྱ་རྒྱུ་འགོག་ཐུབ། མཚོ་འོག་དམག་གྲུ་དེ་རྣམས་ཐེ་ཝན་མཚོ་འགག་ཏུ་བཀྲམ་ན་རྒྱ་ནག་གིས་ལས་སླ་པོར་མི་རྙེད། མཚོ་འགག་ཕྱོགས་གཉིས་ལ་དམག་གི་སྟོབས་ཤུགས་ཆ་མཉམ་པའི་ཁོར་ཡུག་ནང་དུ་མཚོ་འོག་དམག་གྲུ་དེ་རྣམས་ཐེ་ཝན་གྱི་སྲུང་སྐྱོབ་ལ་གལ་གནད་ཆེ། ཐེ་ཝན་གྱི་མཚོ་འོག་དམག་གྲུ་དེ་ཚོས་མཐའ་གཅིག་ཏུ་རྒྱ་ནག་གི་བཙན་འཛུལ་འགོག་མི་ཐུབ་ཀྱང་མཚོ་གླིང་དེ་བདེ་བླག་ཏུ་ལེན་ཐུབ་པ་ཞིག་ཀྱང་མ་རེད་ཅེས་བཀྲལ།།
ཕྱི་ཟླ་༨་པའི་ཚེས་༢༤་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་བློན་ཆེན་ལྷན་ཁང་གི་མགྲིན་ཚབ་པ་ཀྲེན་ཧྲི་གེ་(Chen Shih-kai)་ཡིས་༢༠༢༥་ནས་༢༠༣༨་བར་དུ་མཚོ་འོག་དམག་གྲུ་དེ་རྣམས་བཟོ་སྐྲུན་ཐུབ་རྒྱུའི་འཆར་གཞི་ཡོད། ཐེ་ཝན་གཞུང་གིས་རང་གི་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་བཏང་སྟེ་རྒྱལ་ནང་དུ་དམག་གྲུ་དང་གནམ་གྲུ་བཟོ་སྐྲུན། ཐེ་ཝན་གྱི་རྒྱལ་སྲིད་བདག་དབང་ལ་སྲུང་སྐྱོབ་དང་ཨིན་དྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུའི་ཆེད་སེམས་བཙུགས་ཡོད་ཅེས་བཤད། ན་ནིང་ཕྱི་ཟླ་༩་པའི་ནང་དུ་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་དུ་ཧེ་ཁུན་ནམ། སྲིད་འཛིན་ཟུར་པ་ཚེ་དབྱིན་ཝེན་གྱིས་ནར་ཝཱལ་ཞེས་འབོད་པའི་མཚོ་འོག་དམག་གྲུ་དེ་ཕྱི་རུ་བསྟན། ཁོང་གིས་ཐེ་ཝན་ལ་བསྒྲུབ་མི་ཐུབ་པ་ཞིག་སྒྲུབ་ཐུབ་པའི་ནུས་པ་ཡོད་ཅེས་རྒྱལ་ནང་གི་ཚན་རིག་ལག་རྩལ་ལ་བསྔགས་བརྗོད་ཞུས།།
༢༠༡༦་ལོར་ཚེ་དབྱིན་ཝེན་གྱིས་སྲིད་དབང་བའི་རྗེས་སུ་ཐེ་སྒོར་དུང་ཕྱུར་༢༦༠་བཏང་སྟེ་མཚོ་འགོག་དམག་གྲུ་བཟོ་རྒྱུ་མགོ་བརྩམས། མཚོ་འོག་དམག་གྲུ་དེ་གློག་དང་ཌི་ཛེལ་གྱི་ནུས་ཤུགས་ལ་བརྟེན་ཡོད་པ་དང་ཟླ་བ་སྔོན་མར་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གུ་ལི་ཤུང་(Wellington Koo)་གིས་མཚོ་འོག་དམག་གྲུ་དེར་ཚོད་ལྟ་བྱས་ཟིན། ད་ནི་མཚོ་ནང་དུ་བཏང་སྟེ་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བསྒྲགས། ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་ཟླ་བ་རྗེས་མར་ཧེ་ཁུན་དམག་གྲུ་མཚོ་ནང་དུ་བཏང་སྟེ་ཚོད་ལྟ་བྱ་རྒྱུ་དང་ལོ་རྗེས་མའི་ཕྱི་ཟླ་༡༡་པའི་ནང་དུ་ཐེ་ཝན་གྱི་མཚོ་དམག་ལ་འགྲེམ་འཆར་ཡོད་པའི་གནས་ཚུལ་སྤེལ་འདུག གཟའ་འཁོར་སྔོན་མར་ཐེ་ཝན་གཞུང་གིས་ཧེ་ཁུན་མཚོ་འོག་དམག་གྲུ་བདུན་བཟོ་རྒྱུའི་ཐག་གཅོད་བྱས་པ་དེས་མཚོ་འགག་ཕྱོགས་གཉིས་ཀྱི་ཛ་དྲག་ཆེ་རུ་གཏོང་སྲིད།།
ཕྱི་ཟླ་༨་པའི་ཚེས་༢༦་ཉིན་ཐེ་ཝན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་གྲོས་ཚོགས་སུ་གོ་མིན་ཏང་དང་དེའི་ཕྱོགས་གཏོགས་ཐེ་ཝན་མི་དམངས་ཚོགས་པར་འཐུས་མི་གྲངས་མང་གི་གདན་གྲངས་ཐོབ། གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ཤུའི་ཅའོ་ཞིན་(Hsu Chiao-hsin)་གྱིས་ནར་ཝཱལ་མཚོ་འོག་དམག་གྲུ་དེ་སྤུས་ལེགས་ཡིན་མིན་ཚོད་ལྟ་བྱས་མ་ཚར་གོང་དུ་དམག་གྲུ་གསར་པ་བདུན་བཟོ་རྒྱུའི་ཐག་གཅོད་བྱས་པའི་ཀུན་སློང་ཅི་ཡིན་ཞེས་དྲིས། གོ་མིན་ཏང་གི་སྲིད་འཛིན་གཞོན་པའི་འོས་མི་ཀྲའོ་ཧྲའོ་ཁང་(Jaw Shaw-kong)་གིས་ཀྱང་མཚོ་འོག་དམག་གྲུ་དེ་རྣམས་དུས་ཐོག་ཏུ་བཟོ་སྐྲུན་མི་ཐུབ་པ་དང་འགྲོ་གྲོན་ཆེ་དྲགས་འདུག་ཅེས་དགག་པ་བརྒྱབ། དེ་བཞིན་གོ་མིན་ཏང་གི་གྲོས་ཚོགས་འཐུས་ཝང་ཧུང་ཝེས་(Wang Hong-wei)་ལོ་༡༤་ལ་མཚོ་འོག་དམག་གྲུ་བཟོ་རྒྱུའི་སྲིད་ཇུས་གཏན་དུ་ཕབ་ཚེ། མ་འོངས་པའི་སྲིད་གཞུང་ཁག་ད་ལྟའི་སྲིད་གཞུང་གི་ཐག་གཅོད་འོག་ནས་ཐར་ས་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག
ཐེ་ཝན་གཞུང་གིས་མཚོ་འོག་དམག་གྲུ་བདུན་བཟོ་རྒྱུའི་ཐག་གཅོད་བྱས་པར་གྲོས་ཚོགས་སུ་སྐྱོན་བརྗོད་དང་དོགས་སློང་བྱེད་ཀྱི་ཡོད་པ་གོ་མིན་ཏང་གི་འཐུས་མི་ཚོ་ཁོ་ན་མིན་པ་སྟེ། དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལིན་དབྱི་ཅུན་(Lin Yi-chun)་གྱིས་ཀྱང་རྒྱལ་སྲུང་ལྷན་ཁང་གིས་མཚོ་འོག་དམག་གྲུ་དེ་རྣམས་བཟོ་དགོས་པའི་རྒྱུ་མཚན་ཅི་ཡིན། བཟོ་སྐྲུན་ལེགས་གྲུབ་ཀྱི་དུས་ཚོད་སོགས་ལ་འགྲེལ་བཤད་ཞིབ་ཕྲ་ཞིག་རྒྱག་དགོས་ཞེས་དགོས་འདུན་བཏོན། བདེ་འཇགས་ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་མཚོ་འོག་དམག་གྲུ་བཟོ་རྒྱུའི་འགྲོ་གྲོན་ཆོག་མཆན་མ་བཀོད་པར་ནར་འགྱངས་བཏང་ན་རྒྱ་ནག་གི་བཙན་འཛུལ་འགོག་པའི་སྟོབས་ཤུགས་ཚུགས་དཀའ། ཐེ་ཝན་གྱི་གྲོས་ཚོགས་སུ་རྩོད་སྡུར་འབྱུང་གི་ཡོད་པ་དེས་མཚོ་གླིང་དེར་ཆབ་སྲིད་ཀྱི་འགལ་ཟླ་ཡོད་པ་གསལ་པོར་མཚོན། གོ་མིན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པ་གཉིས་ཀས་རྒྱ་ནག་གི་བཙན་འཛུལ་འགོག་རྒྱུར་དམིགས་པ་གཏོད་དགོས་ཞེས་ནན་བརྗོད་བྱས་འདུག
གཟའ་འཁོར་སྔོན་མར་ཐེ་ཝན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༥་ལོར་ཐེ་ཝན་གྱིས་ཨ་སྒོར་དུང་ཕྱུར་༢༢༥་དམག་དོན་ཐད་འགྲོ་གྲོན་གཏོང་རྒྱུ་ཡིན་ཞིང་། དེ་ནི་ལོ་རེར་ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་༧.༧་འཕར་ཡོད་པར་མ་ཟད། རྒྱལ་སྲུང་འགྲོ་གྲོན་གྱིས་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢.༤༥་ཟིན། ད་ལོའི་ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་གྱིས་མཚོ་གླིང་དེའི་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢.༣༨་ཟིན། ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་ཁོངས་སུ་ཐེ་སྒོར་དུང་ཕྱུར་༩༠༠་ལྷག་འཐབ་འཛིང་གནམ་གྲུ་གསར་པ་ཉོ་རྒྱུ་དང་འཕུར་མདེལ་བཟོ་སྐྲུན་ཐད་འགྲོ་གྲོན་གཏོང་དགོས་ཞེས་འཁོད། རྒྱ་ནག་གིས་ཐེ་ཝན་ལ་ཆབ་སྲིད་དང་དམག་དོན་གཉིས་ཀས་གནོན་ཤུགས་སྤྲོད་ཀྱི་ཡོད་པས་སྲིད་འཛིན་ལེ་ཆིང་ཏེས་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏང་རྒྱུ་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་ཡིན། ཐེ་ཝན་གྱི་རང་དབང་དང་དམངས་གཙོའི་ལམ་ལུགས་དེར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག
ཁ་སྔོན་ཕྱི་ཟླ་༣་པའི་ནང་རྒྱ་ནག་གིས་ལོ་འདིར་ཨ་སྒོར་ཐེར་འབུམ་༢༣༤.༡༠་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་ཅེས་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་དམག་དོན་འགྲོ་གྲོན་ཕྱི་རུ་བསྒྲགས་པ་ལས་ཀྱང་མང་གི་རེད་ཅེས་གླེང་། རྒྱ་ནག་གཞུང་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་པ་དང་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས། ཐེ་ཝན་རང་བཙན་ཕྱོགས་སུ་བསྐྱོད་ན་དམག་བརྒྱབ་ནས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་མུ་མཐུད་དུ་བྱས། ཨ་མི་རི་ཀས་ཐེ་ཝན་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད་ཀྱང་མཚོ་གླིང་དེའི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་བཙོང་དགོས་ཤིང་། ཉེ་ཆར་ཕྱི་ཟླ་༣་པའི་ནང་ལེ་ཆིང་ཏེས་སྲིད་དབང་མ་བཟུང་གོང་དུ་མཚོ་འོག་དམག་གྲུ་དེར་གཟིགས་ཞིབ་ཏུ་ཕེབས་ནས་ཧེ་ཁུན་མཚོ་འོག་དམག་གྲུ་བདུན་བཟོ་རྒྱུའི་ཁས་ལེན་བྱས་པའི་གནས་ཚུལ་ཐོན་འདུག