ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཐའེ་ཝན་གྱི་རྩེད་འགྲན་པ་ཚོ་ཕྱིར་ལོག་སྐབས་མཁའ་དམག་གྲུས་ཕེབས་བསུ་བྱས།


རེས་གཟའ་མིག་དམར་ཉིན་ཐེ་ཝན་ལ་ཕྱིར་ལོག་སྐབས་ལུས་རྩལ་བ་རྣམས་སྲུང་སྐྱོབ་བྱེད་མཁན་ཐེ་ཝན་གྱིས་མཁའ་དམག་གནམ་གྲུ་ཨེཕ་༡༦རྟགས་ཅན་གསུམ་བཏང་ནས་ཕེབས་བསུ་བྱས་འདུག
རེས་གཟའ་མིག་དམར་ཉིན་ཐེ་ཝན་ལ་ཕྱིར་ལོག་སྐབས་ལུས་རྩལ་བ་རྣམས་སྲུང་སྐྱོབ་བྱེད་མཁན་ཐེ་ཝན་གྱིས་མཁའ་དམག་གནམ་གྲུ་ཨེཕ་༡༦རྟགས་ཅན་གསུམ་བཏང་ནས་ཕེབས་བསུ་བྱས་འདུག

ཧྥ་རན་སའི་རྒྱལ་ས་པེ་རིས་ནང་ཚོགས་པའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་ཞུགས་མཁན་ཐེ་ཝན་གྱི་ལུས་རྩལ་བ་རྣམས་རེས་གཟའ་མིག་དམར་ཉིན་ཐེ་ཝན་ལ་ཕྱིར་ལོག་སྐབས་ལུས་རྩལ་བ་རྣམས་སྲུང་སྐྱོབ་བྱེད་མཁན་ཐེ་ཝན་གྱིས་མཁའ་དམག་གནམ་གྲུ་ཨེཕ་༡༦རྟགས་ཅན་གསུམ་བཏང་ནས་ཕེབས་བསུ་བྱས་འདུག ཐེ་ཝན་གྱི་ལུས་རྩལ་བ་རྣམས་ཀྱིས་ཨོ་ལོམ་པིག་རྩེད་འགྲན་སྐབས་ཅའི་ནིས་ ཐེ་པེ་ཞེས་པའི་མིང་ཐོག་ནས་འགྲན་སྡུར་ནང་མཉམ་ཞུགས་བྱས་ཡོད་ཅིང་། ཐེ་ཝན་གྱི་ལུས་རྩལ་བ་རྣམས་ལ་གསེར་གྱི་རྟགས་མ་གཉིས་དང་ལིའི་རྟགས་མ་ལྔ་ཐོབ་ནས་ཐེ་ཝན་གྱི་ལུས་རྩལ་བ་ཚོར་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ནང་ཞུགས་པ་ནས་བཟུང་ད་བར་གྲུབ་འབྲས་བཟང་ཤོས་གཉིས་པ་དེ་བྱུང་འདུག

ཐེ་ཝན་གྱི་ལུས་རྩལ་པའི་གྲུབ་འབྲས་མངོན་གསལ་དོད་ཤོས་ཤིག་ནི་རེས་གཟའ་ཉི་མའི་ཉིན་ཨོ་ལོམ་པིག་རྩེད་འགྲན་འཇུག་སྒྲིལ་ཉིན་བུད་མེད་ཀྱི་ཁུ་ཚུར་འགྲན་སྡུར་ནང་ཞུགས་མཁན་ཐེ་ཝན་གྱི་ལུས་རྩལ་བ་ལིན་ཡུ་ཏིང་ལ་འགྲན་སྡུར་ནང་གསེར་གྱི་རྟགས་མ་ཐོབ་པ་དེ་སེམས་འཚོར་ཆེ་བའི་རྒྱལ་ཁ་ལ་གྱུར་འདུག ཅིའི་ཕྱིར་ཞེ་ན། ལིན་དང་ཁོ་མོའི་ཁ་གཏད་ཨེལ་ཇི་རི་ཡའི་འགྲན་བསྡུར་བ་གཉིས་ནི་འགྲན་སྡུར་དེའི་ནང་ཞུགས་འགྱུར་འོས་དང་མི་འོས་ཐད་རྩོད་གླེང་ཆེན་པོ་བྱེད་དགོས་གྱུར་ཡོད། འོན་ཀྱང་ཐེ་ཝན་གཞུང་དང་མི་མང་གཉིས་ཀས་ལིན་ལ་རྒྱབ་སྐྱོར་ཧ་ཅང་གི་ཆེན་པོ་བྱས་འདུག

ཐེངས་འདིའི་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་ནང་ཞུགས་མཁན་ཐེ་ཝན་གྱི་ལུས་རྩལ་བ་རྣམས་རེས་གཟའ་མིག་དམར་ཉེན་ཐེ་ཝན་ལ་ཕྱིར་ལོག་བྱས་སྐབས་སྲིད་འཛིན་ཀླད་ཆིང་ཌ་ཡིས་ལུས་རྩལ་པ་རྣམས་ལ་དགའ་བསུ་དང་ཁོང་ཚོའི་གནམ་གྲུ་སྲུང་སྐྱོབ་ཆེད་དུ་ཐེ་ཝན་གྱི་མཁའ་དམག་དཔུང་སྡེར་དམག་གྲུ་ཨེཕ་༡༦རྟགས་ཅན་གསུམ་གཏང་དགོས་པའི་བཀའ་རྒྱ་བཏང་གནང་ཡོད་རེད་ཅེས་སྲིད་འཛིན་ལས་ཁུངས་ཀྱིས་བརྗོད་འདུག དེ་ཡང་ཐེ་ཝན་གྱི་མཁའ་དམག་དཔུང་སྡེས་བརྙན་པར་ཁག་གཅིག་གསལ་སྟོན་བྱས་པར་གཞིགས་ན་འགྲུལ་སྐྱེལ་གནམ་གྲུ་མཇུག་མ་ལྗང་ཁུ་ཅན་ཞིག་གི་ཉི་ཁྲིས་སུ་དམག་འཐབ་གནམ་གྲུ་འཕུར་བཞིན་གནམ་གྲུ་དེ་དག་གིས་མཁའ་དབྱིངས་ནང་འོད་ལྷབ་ལྷུབ་ཏུ་སྤར་ཏེ་དགའ་སྟོན་གྱི་རྣམ་པ་བསྟན་འདུག ལུས་རྩལ་པ་རྣམས་ཐེ་ཝན་གྱི་ས་ཐོག་ཏུ་འབྱོར་སྐབས་དམག་ས་ནས་དཔའ་བོའི་ཕྱིར་ལོག་བྱས་པ་ལྟར་དགའ་བསུ་ཟབ་རྒྱས་ཞུས་པ་དང་ཆབས་ཅིག གནམ་ཐང་དུ་དགའ་བསུར་ཡོང་མཁན་མི་མང་རྣམས་ཀྱིས་ལུས་རྩལ་པ་ཚོ་ཐུག་འགྱུར་འཚང་ཁ་ཤིག་ཤིག་བྱས་པ་མ་ཟད། ཁོ་ཚོར་ལག་དེབ་སྟེང་མིང་རྟགས་འགོད་འཇུག་རྒྱུ་དང་འདྲ་པར་མཉམ་དུ་རྒྱག་རྒྱུ་བཅས་ལ་འཚང་ཁ་བརྒྱབས་འདུག

ཨོ་ལོམ་པིག་གི་ཁུ་ཚུར་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་མཁན་ཐེ་ཝན་གྱི་ལུས་རྩལ་བ་ལི་ལ་ད་ཆ་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་དང་དེ་བཞིན་སྲིད་འཛིན་ཀླད་ཆིང་ཌ་གཉིས་ཀས་བརྩེ་སེམས་ཆེན་པོའི་ཐོག་ཐའེ་ཝན་གྱི་བུ་མོ་ཞེས་འབོད་འདུག དེ་ཡང་ལིན་གྱིས་གནམ་ཐང་དུ་གསར་འགོད་པའི་བཅར་འདྲིར་ལན་བརྒྱབས་པའི་ནང་ང་ནི་གློ་བུར་དུ་མི་ཚང་མས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་པའི་ཚོར་བ་ཡོང་གི་འདུག་ལ་རང་ཉིད་ལ་མིང་འདི་ཐོབ་པ་ནི་གཟི་བརྗིད་ཅིག་ཡིན་པའི་ཚོར་བ་ཡང་ཡོང་གི་འདུག ངས་རང་ཉིད་ནི་མིག་དཔེ་བཟང་པོ་ཞིག་ཆགས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་འདུག ཡང་ལིན་གྱིས་རང་ཉིད་ཀྱི་ཤུགས་གནོན་རྒྱག་ཡུལ་གཙོ་བོ་དེ་ནི་འགྲན་སྡུར་གྱི་སྦྱོང་བརྡར་ཁོ་ན་ལས་ཕོ་མོ་དབྱེ་འབྱེད་ཀྱི་རྩོད་གླེང་སྣ་ཚོགས་བྱུང་བཞིན་པའི་ཐད་དོ་སྣང་མ་བྱས་པར་སྤྱི་ཚོགས་དྲ་ལམ་གྱི་སྒོ་བརྒྱབས་ནས་བཞག་པ་ཡིན་ཞེས་བཤད་ཡོད་འདུག ཐེ་ཝན་གྱི་ལུས་རྩལ་བ་ལིན་ལ་ཐེངས་འདིའི་ཨོ་ལོམ་པིག་རྩེད་འགྲན་སྐབས་གསེར་གྱི་རྟགས་མ་ཐོབ་པ་ཙམ་མིན་པར་བྱ་སྒྲོ་རྩེད་མཁན་ལི་ཡང་དང་ཝང་ཆི་ལིན་གཉིས་ལ་ཡང་བྱ་སྒྲོའི་འགྲན་སྡུར་ནང་རྒྱ་ནག་གི་ལུས་རྩལ་བ་དང་མཉམ་དུ་འགྲན་སྡུར་བྱེད་སྐབས་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

ཨེ་ཨེཕ་པི་གསར་ཁང་དང་ཨིན་ཌི་པེན་ཌནྜ་གསར་ཁང་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG