ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བྱང་ཀོ་རི་ཡའི་དམག་དཔུང་བཀྲམ་ནས་ཡུཀ་རེན་ལ་འཐབ་རྒོལ་བྱེད་དུ་འཇུག་གི་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་ཝོལ་སི་ཊི་རི་ཊི་འཇར་ནལ་ཚགས་པར་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་ཚོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཡུཀ་རེན་གྱིས་རྒོལ་རྡུང་བྱས་ནས་བྱང་ཀོ་རི་ཡའི་མཐོ་རིམ་དམག་སྤྱི་ཞིག་ལ་རྨས་སྐྱོན་ཕོག ཡིན་ནའང་བྱང་ཀོ་རི་ཡའི་དམག་སྤྱི་དེ་སུ་ཡིན་མིན་དང་རྨས་སྐྱོན་ཇི་ལྟར་ཕོག་མིན། ཁོ་པའི་རྨས་སྐྱོན་དེ་ཚབས་ཆེ་ཆུང་ཅི་ཙམ་ཡིན་མིན་གྱི་གནས་ཚུལ་ཞིབ་ཕྲ་གསལ་བཀྲོལ་མ་བྱུང་། གསར་འགོད་པ་ཚོས་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་བྱང་ཀོ་རི་ཡའི་སྐུ་ཚབ་ལ་སྐད་ཆ་དྲིས་ཀྱང་ཕྱིར་ལན་མ་བྱུང་། གཟའ་འཁོར་འདིར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་དམག་སྤྱི་ཀིམ་ཡུང་བྷོག་(Kim Yong Bok)་ཡུཀ་རེན་གྱི་དམག་སའི་བྱང་ཀོ་རི་ཡའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པར་བཏང་ཡོད་ཅེས་བཤད།།
ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་བཟུང་། ད་ལྟའི་བར་དུ་ར་ཤི་ཡའི་དམག་མི་༡༡༥༠༠༠་ནས་༡༦༠༠༠༠་ཙམ་བསད་ཚར་བ་དང་དམག་མི་འབུམ་༥་ལྷག་རྨས། ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་མི་ཁ་སྣོན་གཏོང་དགོས་ན་ར་ཤི་ཡའི་གཞུང་གིས་ཟླ་བ་རེར་དམག་མི་ཁྲི་ཚོ་༢་རེ་བསྡུ་དགོས། གལ་སྲིད་ཕུ་ཊིན་གྱིས་བསྐྱར་དུ་དམག་སྐུལ་བྱས་ན་མང་ཚོགས་ཀྱིས་ངོ་རྒོལ་བྱས་ནས་རྒྱལ་ནང་དུ་ཟིང་འཁྲུག་ལང་སྲིད། དེས་ན་ར་ཤི་ཡའི་གཞུང་གིས་བྱང་ཀོ་རི་ཡར་དཔུང་གྲོགས་གཏོང་དགོས་པའི་འབོད་སྐུལ་ཞུས། ཀིམ་ཇོང་ཨུན་གྱིས་ར་ཤི་ཡར་དམག་མི་འབུམ་གཅིག་གཏོང་རྒྱུའི་ཐག་བཅད། དེང་སྐབས་ར་ཤི་ཡའི་ས་ཐོག་ཏུ་བྱང་ཀོ་རི་ཡའི་དམག་མི་༡༢༠༠༠་ཡས་མས་ཤིག་འབྱོར་ཟིན་འདུག་ཟེར། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་བྱང་ཀོ་རི་ཡའི་དམག་མི་དེ་རྣམས་ཡུཀ་རེན་གྱིས་དམིགས་འབེན་དུ་བཟུང་ནས་རྒོལ་རྡུང་བྱེད་ཆོག་ཅེས་གསལ་བསྒྲགས་སྤེལ།།
སྲིད་འཛིན་བྷ་ཌན་གྱིས་ར་ཤི་ཡར་བྱང་ཀོ་རི་ཡའི་དཔུང་གྲོགས་འབྱོར་བའི་རྗེས་སུ་ཡུཀ་རེན་གྱི་དམག་འཁྲུག་གི་ངོ་བོར་འགྱུར་བ་ཆེན་པོ་ཐེབས་སོང་། ད་ནས་ཡུཀ་རེན་གྱི་དམག་གིས་ཨ་མི་རི་ཀས་སྤྲད་པའི་རྒྱང་སྙོབ་འཕུར་མདེལ་འཕངས་ཏེ་ར་ཤི་ཡའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་ཅེས་བཀའ་འཁྲོལ་སྤྲད། ཕྱི་ཉིན་དེར་དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱིས་ཀྱང་ཡུཀ་རེན་ལ་སྤྲད་པའི་རྒྱང་སྙོབ་འཕུར་མདེལ་ཁག་གིས་ར་ཤི་ཡའི་ས་ཐོག་ཏུ་རྒོལ་བྱེད་ཆོག་ཅེས་ཆོག་མཆན་བཀོད། དྲྭ་ལམ་དུ་རྩོམ་ཡིག་འབྲི་མཁན་ར་ཤི་ཡའི་མི་ཞིག་གིས་ཡུཀ་རེན་གྱིས་རྒོལ་རྡུང་བྱ་ཡུལ་བཀོད་འདོམས་ཁང་དེར་བྱང་ཀོ་རི་ཡའི་དམག་མི་འགའ་ཞིག་འདུག་ཅེས་རྩོམ་ཡིག་བྲིས། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཆ་མཉམ་ཉི་མ་རེར་ར་ཤི་ཡའི་དམག་མི་༡༢༠༠་ལྷག་བསད་རྨས་འབྱུང་གི་ཡོད་པས་བྱང་ཀོ་རི་ཡའི་དཔུང་གྲོགས་ཀྱིས་ཀྱང་ཕན་ཐོགས་དཀའ།།
ཕྱི་ཟླ་༡༡་པའི་ཚེས་༡༩་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀིམ་ཇོང་ཨུན་གྱིས་དམག་མི་འབུམ་༡་ར་ཤི་ཡར་དཔུང་གྲོགས་སུ་བཏང་བར་གླ་ཕོགས་ལེན་གྱི་ཡོད་པ་སྟེ། ར་ཤི་ཡའི་གཞུང་གིས་ཟླ་བ་རེར་བྱང་ཀོ་རི་ཡའི་དམག་མི་གཅིག་ལ་ཨ་སྒོར་༢༠༠༠་རེ་ཟླ་ཕོགས་སྤྲོད་དགོས་ཤིང་། ཀིམ་ཇོང་ཨུན་ལ་ཟླ་བ་རེར་དམག་མིའི་གླ་ཕོགས་ཨ་སྒོར་ས་ཡ་༢༢་རེ་ཡོང་འབབ་ཡོད་ཀྱང་དངུལ་སྒོར་མང་ཆེ་བ་ཀིམ་ཇོང་ཨུན་དང་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཚོའི་སྒེར་གྱི་ལོངས་སྤྱོད་དུ་གྱུར་ཏེ་མང་ཚོགས་ལ་ཁེ་ཕན་མེད། གཟའ་འཁོར་སྔོན་མར་ལྷོ་ཀོ་རི་ཡར་བཅའ་སྡོད་ཡུཀ་རེན་གྱི་གཞུང་ཚབ་པ་ཌི་མི་ཊ་རོ་པོ་ནོ་མ་རེན་ཀོས་(Dmytro Ponomarenko)་ཟླ་བ་གཉིས་གསུམ་རེའི་མཚམས་སུ་བྱང་ཀོ་རི་ཡའི་དམག་མི་༡༥༠༠་རེ་རེས་མོས་བྱས་ནས་འགྲེམ་འཇོག་བྱེད་ཀྱི་འདུག གྲངས་འབོར་དེར་བལྟས་ན་ར་ཤི་ཡའི་ས་ཐོག་ཏུ་བྱང་ཀོ་རི་ཡའི་དམག་མི་འབུམ་༡་དཔུང་གྲོགས་སུ་བསླེབས་ཡོད་པ་ཚོད་དཔག་བྱེད་ཐུབ་ཅེས་བསྟན།།
ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ར་ཤི་ཡའི་གཞུང་གིས་བྱང་ཀོ་རི་ཡར་མཁའ་དབྱིངས་སྲུང་སྐྱོབ་ཀྱི་འཕུར་མདེལ་སྤྲད་པ་དང་བྱང་ཀོ་རི་ཡས་ར་ཤི་ཡར་དཔུང་གྲོགས་བཏང་ནས་ཚོང་བརྒྱབ། གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་རྒྱལ་སྲུང་དྲྭ་ལས་ཁང་གི་ཉམས་ཞིབ་པ་ལི་ཨིལ་ཝུས་(Lee Illwoo)་ར་ཤི་ཡའི་གཞུང་གིས་S-400་རྟགས་ཅན་གྱི་འགོག་སྲུང་འཕུར་མདེལ་དང་དེའི་མ་ལག་ཆ་ཚང་བྱང་ཀོ་རི་ཡར་སྤྲད་ཡོད་ཤས་ཆེ། འཕུར་མདེལ་དེ་རྒྱང་ཐག་སྤྱི་ལེ་༤༠༠་ཙམ་ལ་སྙོབ་ཐུབ། ཡིན་ནའང་ར་ཤི་ཡའི་འགོག་སྲུང་འཕུར་མདེལ་དེ་དག་གིས་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་ལ་སྲུང་སྐྱོབ་བྱེད་ཐུབ་རྒྱུ་དཀའ་བར་སྣང་། ཡུཀ་རེན་གྱིས་འཕུར་མདེལ་འཕངས་ནས་རྒོལ་རྡུང་བྱས་པ་ཁག་ཅིག་ར་ཤི་ཡའི་S-400་རྟགས་ཅན་འགོག་སྲུང་འཕུར་མདེལ་གྱིས་འགོག་མ་ཐུབ་པ་རེད་ཅེས་བཀྲལ།།
ཟླ་བ་སྔོན་མར་ལྷོ་ཀོ་རི་ཡས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་བྱང་ཀོ་རི་ཡའི་རྒྱལ་ཕིང་དབྱང་ལ་དྲིལ་བསྒྲིགས་ཡིག་ཆ་གཏོར། ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡར་རྒྱལ་ས་སྲུང་སྐྱོབ་ཀྱི་མཐུན་རྐྱེན་ཡག་པོ་མེད་པར་ར་ཤི་ཡ་ནས་འགོག་སྲུང་འཕུར་མདེལ་མ་བླངས་ཐབས་མེད་དུ་གྱུར། ལྷོ་ཀོ་རི་ཡས་སླར་ཡང་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་དྲིལ་བསྒྲགས་ཡིག་ཆ་གཏོར་ན་དམག་གིས་རྒོལ་ལན་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཀོ་རི་ཡའི་རྒྱལ་སྲུང་འཐབ་ཇུས་ཞིབ་འཇུག་ཁང་གི་དམག་དོན་ཉམས་ཞིབ་པ་ཀིམ་ཏེ་ཡུང་(Kim Dae Young)་གིས་ར་ཤི་ཡས་བྱང་ཀོ་རི་ཡར་མཁའ་དབྱིངས་སྲུང་སྐྱོབ་འཕུར་མདེལ་དང་དེའི་མ་ལག་ཆ་ཚང་སྤྲད་ཡོད་སྲིད། རྒྱལ་ས་ཕི་དབྱང་གི་མཁའ་དབྱིངས་སྲུང་སྐྱོབ་མཚོན་ཆ་ནི་ཧ་ཅང་གི་རྙིང་པ་རེད། ཨ་རི་དང་ལྷོ་ཀོ་རི་ཡའི་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་འགོག་དགོས་ན་མཚོན་ཆ་དེར་ལོ་མང་རིང་བཟོ་བཅོས་བརྒྱབ་ནས་ཡར་རྒྱས་མ་བཏང་ཐབས་མེད་རེད་ཅེས་བཤད།།
ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ནས་ར་ཤི་ཡས་བྱང་ཀོ་རི་ཡར་འབྲུ་རིགས་དང་རྡོ་སྣུམ། སོལ་རླངས་དང་དཔལ་འབྱོར། ལྷག་པར་དུ་བྱང་ཀོ་རི་ཡས་མཁའ་དབྱིངས་སུ་གསང་ཉུལ་གྱི་འཁོར་སྐར་འཛུགས་ཐབས་བྱེད་བཞིན་པར་མཁོ་ངེས་ཀྱི་འཕྲུལ་རིག་ལག་རྩལ་རོགས་རམ་སྤྲད་ཡོད་པར་མ་ཟད། ར་ཤི་ཡས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ་གྱི་འཕྲུག་རིག་ལག་རྩལ་ཡང་སྤྲོད་རྒྱུའི་ཁས་ལེན་བྱས་འདུག བྱང་ཀོ་རི་ཡས་ར་ཤི་ཡར་སྒྱོགས་མདེལ་དང་འཕུར་མདེལ། མེ་སྒྱོགས་དང་མདེའུ་རོགས་རམ་སྤྲད། སྔ་ལོ་ཀིམ་ཇོང་ཨུན་དང་ཕུ་ཊིན་གཉིས་ཐུག་འཕྲད་བྱུང་བའི་སྐབས་སུ་ར་ཤི་ཡས་བྱང་ཀོ་རི་ཡར་གསང་ཉུལ་གྱི་འཁོར་སྐར་འཛུགས་རོགས་བྱེད་ཆོག་ཅེས་ཁས་བླངས། བྱང་ཀོ་རི་ཡས་སྔ་རྗེས་ཐེངས་གཉིས་ལ་མཁའ་དབྱིངས་སུ་གསང་ཉུལ་གྱི་འཁོར་སྐར་འཛུགས་ཐབས་བྱས་ཀྱང་ལམ་ལྷོངས་མ་བྱུང་། ད་ལྟ་ར་ཤི་ཡའི་འཕྲུལ་རིག་ལག་རྩལ་ལ་བརྟེན་ནས་བྱང་ཀོ་རི་ཡས་གསང་ཉུལ་གྱི་འཁོར་སྐར་ཞིག་མཁའ་དབྱིངས་སུ་འཛུགས་ཐུབ་རྒྱུའི་རེ་བ་ཡོད་པའི་གནས་ཚུལ་ཐོན་འདུག