འབྲུག་ཡུལ་དུ་ཁྲམ་པ་ཞིག་གིས་མང་ཚོགས་ཀྱི་ལག་ནས་དངུལ་སྒོར་གཡོ་ལེན།

འབྲུག་གི་ཉེན་རྟོག་པ།

༄༅།། འབྲུག་ཡུལ་དུ་ཁྲམ་པ་ཞིག་གིས་དྲྭ་ལམ་བརྒྱུད་ནས་གཞན་ཕན་གྱི་དགེ་སྐུལ་ཡིན་ཞེས་ཞལ་འདེབས་བསྡུ་སློང་བྱས་ཏེ་མང་ཚོགས་ཀྱི་ལག་ནས་དངུལ་སྒོར་གཡོ་ལེན་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༥་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུག་གི་ཡུལ་མི་དཔལ་ལྡན་དབང་ཕྱུག་ཟེར་བ་ཞིག་གི་ངོ་དེབ་ནང་དུ་ཞལ་འདེབས་བསྡུ་སློང་གི་དགེ་སྐུལ་བརྡ་འཕྲིན་ཞིག་འབྱོར། ཁོ་པས་དེ་ལ་ཞིབ་འཇུག་བྱས་པའི་རྗེས་སུ་དངོས་འབྲེལ་རེད་བསམས་ནས་དངུལ་སྒོར་ཞལ་འདེབས་སྤྲད། ད་དུང་གྲོགས་པ་ཁག་ཅིག་ལའང་ངོ་དེབ་ནང་གི་དགེ་སྐུལ་ཞལ་འདེབས་བསྡུ་སློང་གི་བརྡ་འཕྲིན་དེ་བརྒྱུད་བསྐུར་བྱས་ནས་ཞལ་འདེབས་སྤྲོད་རྒྱུའི་རེ་ལྟོས་བཅངས། ཕྱིས་སུ་ཞལ་འདེབས་བསྡུ་སློང་གི་དགེ་སྐུལ་བརྡ་འཕྲིན་དེ་རྫུན་མ་ཡིན་པ་རྩད་གཅོད་བྱུང་བའི་གནས་ཚུལ་ཐོན་འདུག

ཁྲམ་པ་དེས་ལོ་༡༤་ལ་སོན་པའི་བུ་ཆུང་ཞིག་ལ་རྒྱ་གར་གྱི་ཀ་ལི་ཀ་ཏའི་སྨན་ཁང་ཞིག་ཏུ་ལུས་པོའི་གཞུང་རྐང་ཕྲ་ཕུང་ཚབ་འཛུགས་བྱེད་ཀྱི་ཡོད། བུ་ཆུང་དེར་སྨན་བཅོས་ཀྱི་འགྲོ་གྲོན་མེད་པར་དངུལ་སྒོར་ཞལ་འདེབས་བསྡུ་སློང་བྱེད་ཀྱི་ཡོད་ཅེས་བཀྲལ། ཕྱི་ཟླ་༢་པའི་ཚེས་༢༡་ནས་ཚེས་༢༢་བར་དུ་འབྲུག་རྒྱལ་ཡོངས་སུ་རྒྱལ་ས་ཐིམ་ཕུག་གི་ཡུལ་མི་དཔལ་ལྡན་དབང་ཕྱུག་ལྟ་བུའི་འབྲུག་པ་གཏོང་ཕོད་ཅན་༡༡༥༠་ཐམ་པས་འབྲུག་སྒོར་༥་ནས་འབྲུག་སྒོར་༡༠༠༠༠་ཙམ་ཞལ་འདེབས་སྤྲད་ནས་འབྲུག་སྒོར་༥༠༡༠༦༠་འདུས། སྟབས་ལེགས་པ་ཞིག་ལ་འབྲུག་གཞུང་གིས་འཕྲལ་དུ་དྲྭ་ལམ་གྱི་དགེ་སྐུལ་ཞལ་འདེབས་བསྡུ་སློང་དེ་གཡོ་ཁྲམ་ཡིན་པ་ཤེས་རྟོགས་བྱུང་སྟེ་ཁྲམ་པ་དེ་འཛིན་བཟུང་བྱས་ནས་འདྲི་གཅོད་བྱས་པ་དང་ཉེས་འཛུགས་ཀྱི་རྒྱུད་རིམ་ཁྲོད་དུ་ཡོད་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་ཁྲིམས་དང་སྒྲིག་སྲོལ་ལྷན་ཁང་གི་འགན་འཛིན་ཀརྨ་རྡོ་རྗེས་ཀུན་གསལ་གསར་ཁང་གི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༢༡་ནས་ངོ་དེབ་ནང་དུ་དངུལ་སྒོར་གཡོ་ལེན་བྱ་རྒྱུ་འགོ་བཙུགས་སོང་། ང་ཚོ་དེ་ལ་སྣང་བྱུང་སྟེ་མྱུར་དུ་དྲྭ་ལམ་གྱི་དགེ་སྐུལ་ཞལ་འདེབས་བསྡུ་སློང་དེ་ངོ་མ་ཡིན་མིན་རྩད་གཅོད་བྱས་པ་ཡིན། ང་ཚོས་ཞལ་འདེབས་བསྡུ་སློང་དེ་གཡོ་ཁྲམ་ཡིན་པ་ཤེས་རྟོགས་བྱུང་མ་ཐག་ཏུ་བཀག་པ་ཡིན། རྒྱལ་གཞུང་དངུལ་ལས་དབང་འཛིན་ཁང་གི་ནོར་སྲིད་གསང་བའི་ལས་དོན་ཚན་པ་དང་དངུལ་ཁང་གཉིས་མཉམ་འབྲེལ་གྱིས་ཕྱི་ཟླ་༢་པའི་ཚེས་༢༢་ཉིན་བཅོལ་ཁྲ་དེའི་ནང་གི་དངུལ་སྒོར་རྣམས་གཏོང་ལེན་བྱེད་དུ་བཅུག་མེད། དངུལ་སྒོར་༢༢༧༤༠་ཐམ་པ་ཚོང་པ་འདྲ་མིན་ཞིག་གི་བཅོལ་ཁྲའི་ནང་དུ་བཅུག་ཟིན་འདུག་ཟེར།།

ཐེན་ཕུའུ་ལྷ་ཁང་དུ་དད་ལྡན་དང་ཉེན་རྟོག་པ་རྣམས་འཛོམས་པ།

ད་སྔ་འབྲུག་གཞུང་གིས་ཁྲམ་པ་དེས་དྲྭ་ལམ་དུ་དངུལ་སྒོར་ཞལ་འདེབས་བསྡུ་སློང་བྱུང་བ་རྣམས་དོ་བདག་སོ་སོར་ཕྱིར་སློག་བྱེད་པའམ། ཡང་ན་སྤྱི་དམངས་དགེ་རྩའི་ལས་དོན་ཞིག་ལ་འགྲོ་གྲོན་གཏོང་རྒྱུ་ཡིན་མིན་ཐག་ཆོད་མེད་པར་མ་ཟད། དངུལ་སྒོར་ཁག་ཅིག་ཁྲམ་པ་དེས་བཀོལ་སྤྱོད་བྱས་ཟིན་ཡོད་པས་འབྲུག་གཞུང་གིས་ཞལ་འདེབས་རྒྱག་མཁན་ཚོར་གྱོང་གསབ་སྤྲོད་དགོས་མིན་ཐག་གཅོད་བྱས་ཐུབ་མེད་ཅིང་། ༢༠༠༤་ལོར་གཏན་འབེབས་བྱུང་བའི་འབྲུག་ཡུལ་གྱི་ཉེས་ཁྲིམས་འོག་ཏུ་གྱོད་གཞི་དེ་རྫུན་བཟོའི་ཁྱབ་ཁོངས་སུ་གཏོགས། ཁྲམ་པ་གང་ཞིག་ལ་རྫུན་བཟོའི་ནག་ཉེས་ཕོག་ན་ལོ་༣་ནས་༥་བར་དུ་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་ཅེས་འཁོད། འབྲུག་ཡུལ་གྱི་ཁྲིམས་དང་སྒྲིག་སྲོལ་ལྷན་ཁང་གི་འགན་འཛིན་ཀརྨ་རྡོ་རྗེས་ཉེས་དོན་དེར་ཞིབ་འཇུག་ཚུལ་བཞིན་བྱས་ནས་ཕྱི་གསལ་ནང་གསལ་གྱི་ཐག་གཅོད་བྱ་རྒྱུ་ཡིན་ཞེས་ཁས་བླངས།།

འབྲུག་ཡུལ་དུ་གཞན་ཕན་དགེ་སྐུལ་གྱི་ཞལ་འདེབས་བསྡུ་སློང་བྱ་དགོས་ན་ངེས་པར་དུ་གཞུང་ལ་ཆོག་མཆན་ཞུ་དགོས། དེང་སྐབས་མི་༡༨་ཀྱིས་འབྲུག་གཞུང་ལ་མང་ཚོགས་ཀྱི་ལག་ནས་སྨན་བཅོས་འགྲོ་གྲོན་ཞལ་འདེབས་བསྡུ་སློང་བྱེད་ཆོག་པའི་བཀའ་འཁྲོལ་ཞུས་ནས་ཆོག་མཆན་ཐོབ། མི་༦་ལ་ཞལ་འདེབས་རག་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་འབྲུག་གཞུང་གིས་དམིགས་པ་གཏོད་ས་གཙོ་བོ་ནི་ཞལ་འདེབས་བསྡུ་སློང་དེ་དག་ངོ་མར་སྨན་བཅོས་ཀྱི་ཆེད་དུ་ཡིན་མིན། ཞལ་འདེབས་སྤྲོད་ཡུལ་དེ་ཚོ་སྨན་བཅོས་ཀྱི་འགྲོ་གྲོན་གཏོང་རྒྱུ་མེད་པའི་དབུལ་ཕོངས་ཡིན་མིན། ནད་པ་དེས་མང་ཚོགས་ལ་ཞལ་འདེབས་སློང་ཆོག་ཅེས་སྨན་ཁང་གི་ངོ་སྦྱོར་ཡི་གེ་ཡོད་མེད་བཅས་ཞིབ་འཇུག་གཟབ་ནན་བྱས། སྨན་བཅོས་ཀྱི་ཞལ་འདེབས་སློང་བའི་སྙན་ཞུ་རེ་རེ་བཞིན་ཐག་གཅོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་ཁྲིམས་དང་སྒྲིག་སྲོལ་ལྷན་ཁང་ནི་༡༩༨༨་ལོར་གསར་དུ་བཙུགས་པ་དང་ལས་ཁུངས་དེའི་ལས་འགན་རྒྱལ་ཁབ་ཀྱི་བདེ་འཇས་ལ་གནོད་པའི་ལས་འགུལ་ཁག་ལ་རྟོག་ཞིབ་བྱ་དགོས་ཤིང་། ཁྲིམས་དང་སྒྲིག་སྲོལ་ལྷན་ཁང་གི་འགན་འཛིན་ཀརྨ་རྡོ་རྗེས་ང་ཚོས་སྨན་ཡོན་དང་རོགས་དངུལ་ཐོབ་ཟིན་པ་ཚོར་བསྐྱར་དུ་ཞལ་འདེབས་བསྡུ་སློང་བྱེད་ཆོག་པའི་འཁྲོལ་ཆ་སྤྲོད་ཀྱི་མེད། སྨན་ཡོན་མེད་པར་མང་ཚོགས་ཀྱི་ལག་ནས་ཞལ་འདེབས་མ་བསྡུས་ཐབས་མེད་ཡིན་པའི་ནད་པ་ཚོར་རོགས་དངུལ་བསྡུ་སློང་བྱེད་དུ་འཇུག་གི་ཡོད་ཅེས་བསྟན། འབྲུག་གཞུང་གིས་༢༠༢༡་ནས་༢༠༢༤་བར་དུ་ཁྲམ་པ་ཚོས་དྲྭ་ལམ་དུ་ཞལ་འདེབས་བསྡུ་སློང་བྱས་པའི་གནས་ཚུལ་གསུམ་བྱུང་བ་རྩད་གཅོད་བྱུང་ཞིང་། ༢༠༢༢་ལོར་འབྲུག་ཡུལ་གྱི་ཉེན་རྟོག་ཁང་དུ་རྫུན་བཟོའི་ཉེས་དོན་༡༢་བྱུང་བ་ཐོ་འགོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག