ཡུག་རེན་གྱི་དམག་སར་ཨུ་རུ་སུའི་གྲངས་ཉུང་མི་རིགས་ཤི་བ་ལྡབ་འགའ་མང་།

༄༅།། ཡུག་རེན་གྱི་དམག་འཁྲུག་ལངས་ནས་ལོ་གཉིས་འགྲོ་གྲབས་ཡོད་པའི་མཚམས་འདིར་ཨུ་རུ་སུའི་དམག་མི་འབུམ་༣་ལྷག་བསད་རྨས་བྱུང་། ཕྱི་ཟླ་༡༢་པའི་ཚེས་༡༡་ཉིན་ཨ་རིའི་སྤྱི་དམངས་རྒྱང་སྲིང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་མི་རིགས་དཀར་པོ་ལས་ཀྱང་གྲངས་ཉུང་མི་རིགས་ཁག་གི་དམག་མི་རྣམས་ཡུག་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་བ་ལྡབ་འགའ་ཞིག་མང་བ་བྱུང་འདུག ཨུ་རུ་སུའི་རྒྱང་ཤར་ཁུལ་དང་སེ་བྷི་རི་ཡའི་ཁུལ་གྱི་ས་གནས་ཁག་ཏུ་ཉིན་ལྟར་དམག་མི་འདས་པོ་རྣམས་ཀྱི་ཕུང་པོ་དུར་འཇུག་བྱ་རྒྱུ་མཚམས་མི་ཆད། གསར་དུ་བརྐོས་པའི་དུར་ས་ཁག་གིས་ས་གཞི་ཁེངས། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུག་རེན་ལ་བཙན་འཛུལ་བྱས་ནས་བཟུང་སྟེ་ཁ་ཆེ་དང་ནང་པ་སོགས་གྲངས་ཉུང་མི་རིགས་ཀྱི་སྐྱེས་པ་རྣམས་དམག་ཁོངས་སུ་བསྡུ་རྒྱུ་མང་དུ་སོང་། ཌ་གྷེ་སི་ཐན་བ་དང་བྷུ་རི་ཡ་ཐེ་བ། ཐུ་བ་དང་ཀལ་མུག་བ། ཧ་ས་ཁ་བ་དང་ཆེ་ཆེན་བ་སོགས་ཨུ་རུ་སུའི་གྲངས་ཉུང་མི་རིགས་ཁག་གི་དམག་མི་ཚོར་ཡུག་རེན་གྱི་དམག་ས་ཁག་ཏུ་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ལོ་ན་༣༠་ཐམ་པར་སོན་པའི་ཨུ་རུ་སུའི་ས་ཀཱ་སྤྱི་མཐུན་ས་ཁུལ་གྱི་ཕོ་གསར་པ་ཨ་ལིག་སེ་ཞེས་པ་ཞིག་ནས་ཕུ་ཊིན་གྱིས་ང་ཚོ་གྲངས་ཉུང་མི་རིགས་རྣམས་རྩ་མེད་གཏོང་གི་འདུག ཨུ་རུ་སུའི་གཞུང་གིས་གྲངས་ཉུང་མི་རིགས་གཅིག་པུར་དམག་སྐུལ་བྱེད་ཀྱི་ཡོད་པ་དང་ང་ཚོ་གསོད་དུ་འཇུག་གི་ཡོད་པར་སྣང་། ང་ཚོ་དམག་སྒར་དུ་འབྱོར་བའི་རྗེས་སུ་ཡུག་རེན་གྱི་དམག་མི་བསད་པའི་འདྲ་པར་རྣམས་བཤམས་ཏེ་འདི་ཚོ་གསོད་དགོས་པ་རེད་ཅེས་སྦྱང་བརྡར་སྤྲད་བྱུང་། ང་ཚོས་ཀྱང་རང་ཉིད་དམག་སར་འཆི་རྒྱུའི་གྲ་སྒྲིག་བྱོས་ཟེར་གྱི་ཡོད་པ་ཡིན་ས་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག བྷི་བྷི་སི་གསར་ཁང་གིས་ཨུ་རུ་སུའི་ས་གནས་བཅུའི་ནང་ནས་ས་གནས་དྲུག་གི་དམག་མི་མང་ཤོས་བསད་ཡོད་པ་དེ་དག་ནི་རྒྱང་ཤར་ཕྱོགས་དང་སེ་བྷི་རི་ཡའི་མངའ་ཁུལ་རེད། མོ་སི་ཀོའི་མི་ཞིག་དང་བྷུ་རི་ཡ་ཐེའི་མི་ཞིག་བསྡུར་ཚེ། བྷུ་རི་ཡ་ཐེའི་མི་དེ་དམག་སར་འཆི་རྒྱུའི་ཉེན་ཁ་ནི་མོ་སི་ཀོའི་མི་དེ་ལས་ལྡབ་༧༥་མང་བ་འདུག་ཅེས་གསར་འགྱུར་སྤེལ་འདུག

ན་ཊ་ལི་ཡ་ཨར་ནོ་ནི་ཨུ་རུ་སུའི་རང་དབང་ཐེབས་རྩ་ཁང་རྩ་འཛུགས་པ་དང་འགན་འཛིན་ཡིན་ཞིང་། ཁོ་མོས་ཨ་རིའི་སྤྱི་དམངས་རྒྱང་སྲིང་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་གྲོང་གསེབ་ཁག་དང་མཐའ་འཁོབ་ཀྱི་མི་རྣམས་རྨོངས་པ་ཡིན་པས་དམག་ཁོངས་སུ་བསྡུ་སླ། ཕུ་ཊིན་གྱིས་ཤེས་ཡོན་སློབ་སྦྱོང་མ་ཐོབ་པའི་གྲངས་ཉུང་མི་རིགས་ཁག་དང་དཔལ་འབྱོར་གྱི་ཡོང་འབབ་མེད་པའི་དབུལ་ཕོངས་རྣམས་དམག་ཁོངས་སུ་བསྡུས། ཁོ་ཚོ་ཡུག་རེན་ལ་བཏང་ནས་སྒྱོགས་མདེལ་ལྟར་འཕེན་ཆོག་པའི་འདུ་ཤེས་འཛིན་གྱི་འདུག དམག་མི་དེ་རྣམས་ཅི་ཙམ་མཐའ་འཁོབ་ནས་ཡིན་པ་དང་ཤེས་ཡོན་སློབ་སྦྱོང་མེད་ཚེ། སྐྱེ་བོ་སྒེར་གྱི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གོ་རྟོགས་ཤིན་ཏུ་དམའ། ཕུ་ཊིན་གྱིས་ཡུག་རེན་ལ་བཙན་འཛུལ་བྱ་རྒྱུའི་ཐག་གཅོད་བྱས་པ་ནི་ཨུ་རུ་སུའི་གྲངས་ཉུང་མི་རིགས་རྣམས་རྩ་མེད་གཏོང་རྒྱུའི་ཐབས་ཇུས་ཤིག་ཀྱང་ཡིན་ཤས་ཆེ། ང་ཚོར་ཨུ་རུ་སུའི་སྤྱི་དམངས་ཀྱི་འདུ་ཤེས་འཛིན་གྱི་མེད་པས་དམག་འཁྲུག་དེ་ང་ཚོའི་དམག་འཁྲུག་མ་རེད་ཅེས་གྲངས་ཉུང་མི་རིགས་ཚོར་ཐུན་མོང་གི་ལྟ་ཚུལ་ཞིག་འདུག་ཅེས་བཀྲལ།།

སྔ་ལོ་ནས་བྷུ་རི་ཡ་ཐེ་བ་ཉུང་ཤས་ཀྱིས་ཉེན་ཁར་མ་འཛེམས་པར་དམག་འཁྲུག་ལ་ངོ་རྒོལ་ལས་འགུལ་སྤེལ། ས་གནས་ཁག་ཏུ་སྒེར་གྱི་ཚོགས་པ་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་དམག་མི་ཚོ་དམག་ཁོངས་སུ་བསྡུ་རྒྱུ་འགོག་ཐབས་དང་དམག་ཁྲལ་རྒྱུག་དགོས་པ་ཚོར་ཐོབ་ཐང་ཅི་ཡོད་ཟབ་སྦྱོང་སྤྲད། བྷུ་རི་ཡ་ཐེ་རང་དབང་ཐེབས་རྩ་ཁང་རྩ་འཛུགས་པ་ཨ་ལིག་ཛན་ཌི་ར་གྷར་མ་ཞ་པོ་ཝས་ཨ་རིའི་སྤྱི་དམངས་རྒྱང་སྲིང་ཁང་ལ་བཤད་པ་ལྟར་ན། ཨུ་རུ་སུའི་གྲངས་ཉུང་མི་རིགས་ཁག་དགོས་མཁོ་གཅིག་ལ་དམིགས་ནས་སྐྱེས་པ་ལྟ་བུ་ཞིག་ཏུ་རྩི་ཡི་འདུག དེ་ནི་ཕུ་ཊིན་གྱིས་ཨུ་རུ་སུའི་བཙན་རྒྱལ་སླར་གསོ་བྱ་ཐབས་བྱེད་ཀྱི་ཡོད་པ་དེའི་དམག་འཁྲུག་ནང་དུ་འཆི་དགོས་པ་ཁོ་ན་རེད། ང་ཚོའི་ཐེབས་རྩ་ཁང་ལ་ཉིན་ལྟར་བྷུ་རི་ཡ་ཐེའི་ཕོ་གསར་ཚོ་དང་ཕ་མ་སོགས་ཀྱིས་ཁ་པར་གཏོང་བའམ། ཡང་ན་འཕྲིན་ཐུང་བཏང་ནས་དམག་ཁྲལ་བཤོལ་ཐབས་ཅི་ཡོད། ཁྲིམས་རྩོད་པའི་ཁ་པར་ཨང་གྲངས་དགོས། སྐྱེས་པ་འདི་དང་དེ་བདུན་ཕྲག་གཉིས་ཀྱི་གོང་དུ་དམག་ཁོངས་སུ་བསྡུས་སོང་། ཁོ་ཚོར་མགོ་སྐོར་བཏང་ནས་གན་རྒྱ་འཇོག་ཏུ་བཅུག་སོང་ཞེས་བཤད་འདུག་ཟེར།།

བྷུ་རི་ཡ་ཐེ་རང་དབང་ཐེབས་རྩ་ཁང་གིས་དམག་མིའི་གན་རྒྱ་ཇི་ལྟར་བརྩི་མེད་གཏོང་དགོས་པའི་ཐབས་ཇུས་བསླབས། ཨ་ལིག་ཛན་ཌི་ར་གྷར་མ་ཞ་པོ་ཝས་ང་ཚོས་མི་དམངས་ལ་རང་གི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་དགོས་པའིི་ལམ་སྟོན་བྱེད་ཀྱི་ཡོད། ང་ཚོའི་སྲི་ཞུ་ལས་དོན་རྣམས་ཨུ་རུ་སུའི་གཞུང་གིས་ཁྲིམས་འགལ་དང་རྒྱབ་གཏོད་ལ་རྩི་ཡི་རེད། ཕུ་ཊིན་གྱིས་ཡུག་རེན་ལ་དམག་རྒྱག་དགོས་དོན་ནི་ན་ཛི་རིང་ལུགས་པ་རྣམས་རྩ་མེད་གཏོང་གི་ཡོད་ཟེར་མོད། འོན་ཀྱང་ང་ཚོར་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་ནང་ཁུལ་དུ་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆུང་དང་དབྱེ་འབྱེད། འཇིགས་སྐུལ་བཅས་ཀྱི་གཉའ་གནོན་འཕོག་གི་འདུག་ཅེས་བསྒྲགས། ཡུག་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་བྷུ་རི་ཡ་ཐེ་བ་དང་ཐུ་བ། ཀལ་མུག་བ་སོགས་སོག་རིགས་རྣམས་རང་ཡུལ་དུ་འཚོ་གནས་མ་ཐུབ་པར་ཕྱི་སོག་ལ་བཙན་བྱོལ་དུ་བྲོས། སོག་པའི་སྲིད་འཛིན་ཟུར་པས་བྷུ་རི་ཡ་ཐེ་དང་ཐུ་བ། ཀལ་མུག་གི་སོག་རིགས་ཚོའི་ཚེ་སྲིག་ལའང་རིན་ཐང་བརྩི་དགོས་ཞེས་ཕུ་ཊིན་ལ་ནན་བརྗོད་བྱས་འདུག

ད་ལོའི་ཕྱི་ཟླ་༩་པའི་ཚེས་༢༢་ཉིན་ཡུ་རོབ་སྲིད་ཇུས་ཉམས་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་གཅིག་གི་ནང་དུ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་མི་འབོར་ས་ཡ་༡༣་ཡོད་པ་དེའི་ནང་ནས་དམག་མི་༣༠༠་ལྷག་ཡུག་རེན་གྱི་དམག་ས་ཁག་ཏུ་བསད་འདུག བྷ་ཤ་ཀོར་སི་ཐན་ལ་ཁ་ཆེ་མི་འབོར་ས་ཡ་༤་ཡོད་པ་དེའི་ཁོངས་ནས་དམག་མི་༡༠༠༠་ལྷག་བསད་འདུག བྷུ་རི་ཡ་ཐེ་ལ་མི་འབོར་ས་ཡ་གཅིག་མེད་ཀྱང་དམག་མི་༩༠༠་ལྷག་ཡུག་རེན་གྱི་དམག་ས་ཁག་ཏུ་བསད་འདུག་ཅེས་སྙན་ཐོ་ཐོན། བྷུ་རི་ཡ་ཐེ་རང་དབང་ཐེབས་རྩ་ཁང་གི་ཟུང་འབྲེལ་རྩ་འཛུགས་པ་མ་རི་ཡ་ཝི་ཡུ་ཤ་ཀོ་ཝ་(Mariya Vyushkova)་ནི་སྙན་ཐོ་ཕྱོགས་སྒྲིག་པའི་གྲས་ཤིག་ཡིན་ཞིང་། ཁོ་མོས་ཡུག་རེན་གྱི་དམག་ས་ཁག་ཏུ་བསད་པའི་དམག་མི་མང་ཤོས་ནི་ཐུ་བ་དང་བྷུ་རི་ཡ་ཐེ་བ། ཧ་ས་ཁ་བ་སོགས་སེ་བྷི་རི་ཡའི་བྱང་ཕྱོགས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྣམས་རེད། ཉེ་དུས་ཤིག་ནས་བྷ་ཤ་ཀིར་སི་ཐན་དང་ཆེ་ཆི་ཎི་ཡ་སོགས་ཀྱི་དམག་མི་བསད་པའི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བསྟན།།

ཡུ་རོབ་བ་སྲིད་ཇུས་ཉམས་ཞིབ་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། བྷུ་རི་ཡ་ཐེ་དང་ཐུ་བ་སོགས་ནི་དཔལ་འབྱོར་ཡོང་འབབ་མེད་པ་དང་འཚོ་བའི་དཀའ་ངལ་ཆེ་ས་ཁག་རེད། ས་ཁུལ་དེ་དག་གི་ཕོ་གསར་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་དཔལ་འབྱོར་ཡོང་འབབ་འདུ་འགོད་བྱེད་ཀྱི་འདུག ཐུ་བ་དང་བྷུ་རི་ཡ་ཐེ་བ་སོགས་སོག་རིགས་ཚོས་ཨུ་རུ་སུའི་མི་འབོར་གྱི་བརྒྱ་ཆ་༦་ཟིན་གྱི་མེད་ཀྱང་དམག་མི་ཤི་བའི་གྲངས་འབོར་བརྒྱ་ཆ་༢༥་ཟིན་གྱི་འདུག ཨུ་རུ་སུའི་གཞུང་གིས་ཕྱོགས་གཅིག་ནས་གྲངས་ཉུང་མི་རིགས་ཀྱི་ཕོ་གསར་ཚོར་དངུལ་སྒོར་སྤྲོད་པ་དང་ཕྱོགས་གཞན་ཞིག་ནས་མགོ་སྐོར་བསླུ་ཁྲིད་བྱས་ནས་དམག་ཁོངས་སུ་བསྡུས། ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཡུག་རེན་གྱི་ས་གནས་ཁག་གི་སྐྱེས་པ་རྣམས་སྲང་ལམ་ཁག་ཏུ་འཛིན་བཟུང་བྱས་ནས་དམག་ཁོངས་སུ་བསྡུ་ཡི་འདུག ཨུ་རུ་སུར་ངལ་རྩོལ་རྒྱུག་ཏུ་བསླེབས་པའི་ཨུ་ཛི་བྷེ་ཀི་སི་ཐན་བ་སོགས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་ཀྱང་དམག་ཁོངས་སུ་བསྡུས་ནས་ཡུག་རེན་ལ་གཏོང་གི་འདུག་ཅེས་ཐེར་འདོན་བྱས་འདུག

ན་ནིང་ཕྱི་ཟླ་༨་པའི་ནང་ཕུ་ཊིན་གྱིས་དམག་སྐུལ་བྱས་ནས་ཨུ་རུ་སུའི་སྐྱེས་པ་འབུམ་༩་ཡས་མས་ཤིག་གིས་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཕྱི་རྒྱལ་དུ་བསྐྱོད། ལོ་ན་༣༥་ལ་སོན་པའི་བྷུ་རི་ཡ་ཐེའི་འཕྲུལ་རིག་ལག་རྩལ་བ་ཨན་ཌི་རི་ཡང་སོག་ཡུལ་དུ་བྲོས། ཁོ་པས་དངུལ་རྩའི་ཚགས་པར་གྱི་གསར་འགོད་པར་ང་ཚོ་ཤི་ན་ཨུ་རུ་སུར་གྱོང་གུད་ཆུང་བ་ཞིག་ཏུ་རྩི་བཞིན་འདུག ཨུ་རུ་སུའི་མི་རིགས་དཀར་པོ་ཚོས་བྷུ་རི་ཡ་ཐེ་བ་རྣམས་ཤི་ན་སྡུག་གྱོང་རེད། ཁོ་ཚོ་ཀློ་པ་ལྟར་འཆི་སྡུག་གི་ཚོར་བ་མྱོང་མི་ཤེས། བྷུ་རི་ཡ་ཐེ་བ་རྣམས་ང་ཚོ་དང་འདྲ་མཚུངས་མ་རེད་ཅེས་འདུ་ཤེས་ལོག་པ་ཞིག་འཛིན་གྱི་འདུག་ཅེས་བཤད། བྷུ་རི་ཡ་ཐེ་རང་དབང་ཐེབས་རྩ་ཁང་གི་འགན་འཛིན་ཨ་ལིག་ཛན་ཌི་ར་གྷར་མ་ཞ་པོ་ཝས་སྲིདའཛིན་ཕུ་ཊིན་ནས་རྒྱལ་ཁབ་གཞན་གྱི་ས་ཆ་ཕྲོགས། རང་གི་བཙན་རྒྱལ་རྒྱ་བསྐྱེད་དགོས་ན་གྲངས་ཉུང་མི་རིགས་རྣམས་དམག་སྐུལ་བྱ་དགོས་པ་རེད། གྲངས་ཉུང་མི་རིགས་ཁག་ཤི་ན་ཕངས་སེམས་མེད། བྷུ་རི་ཡ་ཐེ་བ་ཚོ་ཤི་ན་ཅི་ཡང་མ་རེད་བསམས་ཡོད་པ་རེད་ཅེས་ཨུ་རུ་སུའི་དམག་སྐུལ་སྲིད་ཇུས་ལ་སྐྱོན་བརྗོད་བྱས་འདུག