ཉི་ཧོང་ནང་སྲིད་བློན་འོས་བསྡུའི་འགྲན་རྩོད་འགོ་འཛུགས་བྱས།

ཡུལ་དེའི་གཞུང་འཛིན་གུ་ཡང་མང་གཙོ་ཚོགས་པའི་ལས་ཐོག་སྲིད་འཛིན་ཕཱོ་མི་ཡོ་ ཀི་ཤི་ཌས་འགྲན་རྩོད་དེའི་ནང་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་ཅིང་།

ཉི་ཧོང་ནང་སྲིད་བློན་འོས་འདེམས་དེ་ཕྱི་ཟླ་དགུ་པ་འདིའི་ཚེས་༢༧ཉིན་བྱ་གཏན་འཁེལ་ཡོད་པ་ལྟར་རེས་གཟའ་ཕུར་བུའི་ཉིན་ནས་འོས་མི་རྣམས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་འགོ་འཛུགས་བྱས་འདུག་པ་དང་། ཡུལ་དེའི་གཞུང་འཛིན་གུ་ཡང་མང་གཙོ་ཚོགས་པའི་ལས་ཐོག་སྲིད་འཛིན་ཕཱོ་མི་ཡོ་ ཀི་ཤི་ཌས་འགྲན་རྩོད་དེའི་ནང་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་ཅིང་། འདས་པའི་ལོ་གསུམ་རིང་ཁོང་གིས་སྲིད་དབང་བཟུང་རྒྱུན་རྒྱལ་ཁབ་ནང་དངོས་ཟོག་གི་རིན་གོང་འཕར་ཤུགས་ཆེ་རུ་སོང་བ་དང་། ཚུལ་མིན་གྱི་བྱ་སྤྱོད་སྤེལ་བ་སོགས་ཀྱི་རྙོག་གླེང་མང་པོ་ཞིག་བྱུང་ཡོད།

ཉི་ཧོང་གྱི་ཆབ་སྲིད་སྐྱོང་ཕྱོགས་ལ་འདས་པའི་མི་ལོ་བཅུ་ཕྲག་མང་པོའི་རིང་རྙིང་ཞེན་ཅན་གྱི་གུ་ཡང་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་རྐྱང་བྱས་ཡོད་པ་བཞིན་སྐབས་འདིའི་འོས་བསྡུའི་སྐབས་སུའང་ཚོགས་པ་དེར་རྒྱལ་ཁ་ཐོབ་རྒྱུ་ངེས་པའི་ཚོད་དཔག་བྱེད། ཚོགས་པ་དེའི་འོས་མི་སུ་ལ་རྒྱལ་ཁ་ཐོབ་པ་ཡིན་ནའང་དེས་ཡུལ་གྱི་སྲིད་བློན་གྱི་གོ་གནས་བཞེས་རྒྱུ་ཡིན་པ་རེད། སྐབས་འདིའི་སྲིད་བློན་འོས་མིའི་འགྲན་རྩོད་ནང་ཞུགས་མཁན་འོས་མི་མང་པོ་བྱུང་འདུག་པ་ནི་དེ་སྔ་བྱུང་མྱོང་མེད་པ་ཞིག་རེད། ད་ལམ་གྱི་འོས་བསྡུའི་ནང་བེུད་གཉིས་ཐེ་བའི་འོས་མི་དགུས་རེས་གཟའ་ཕུར་བུའི་ཉིན་ནས་འོས་བསྡུའི་དྲིལ་བསྒྲགས་འགོ་འཛུགས་བྱ་རྒྱུ་དང་། མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་པའི་གྲུབ་འབྲས་ལ་གཞིགས་ན། འོས་མི་རྣམ་པའི་ཁྲོད་ནས་ལོ་ན་ ༤༣་ ཡིན་པ་སྲིད་བློན་ཟུར་པ་འཇུ་ནི་ཆི་རོ། ཁོ་ཛུ་མིའི་བུ་ཤིན་འཇི་རོ་ ཀོའི་ཛུ་མི་ལ་དགའ་མོས་ཆེ་ཤོས་བྱས་འདུག ཁོ་ཛུ་མིས་དེ་སྔོན་ཉི་ཧོང་གི་ཁོར་ཡུག་ལས་དོན་བློན་ཆེན་བྱེད་མྱོང་ཡོད་པ་དང་། འོས་མིའི་ཁོངས་ནས་དགའ་མོས་ཆེ་བ་བྱེད་ཡུལ་གཞན་གཅིག་ནི་དགུང་གྲངས་ ༦༧ ཡིན་པ་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཤི་གེ་རུ། ཨི་ཤི་བྷ་ཡིན་པ་རེད། མི་མང་མང་ཆེ་བས་སྐུ་ཞབས་ཤིན་ཇི་རོ་ལས་སྐུ་ཞབས་ཨི་ཤི་བྷ་ལ་འདེང་འཇོག་ཆེ་བ་བྱེད་ཀྱི་ཡོད་སྐོར་རུཡེ་ཀྲར་གསར་འགྱུར་ལས་ཁང་གིས་རེས་གཟའ་ཕུར་བུའི་ཉིན་བྱས་པའི་ཞིབ་འཇུག་སྙན་ཐོ་ཞིག་གི་ནང་གསལ་འདོན་བྱས་འདུག

རྩ་བའི་ཉི་ཧོང་གི་ཆབ་སྲིད་དང་ཚོང་དོན་ནང་བེུད་ཀྱིས་འགོ་ཁྲིད་པ་དཀོན་པོ་ཡིན་རུང་། ད་ལམ་གུ་ཡང་མང་གཙོ་ཚོགས་པའི་འགོ་ཁྲིད་དམ་ཉི་ཧོང་གི་སྲིད་བློན་གྱི་གོ་གནས་བཟུར་རྒྱུར་བེུད་གྲགས་ཅན་གཉིས་འོས་མིར་ལངས་འདུག གཅིག་ནི་དགུང་གྲངས་ ༦༣ ཡིན་པ་གཡས་ཕྱོགས་ཀྱི་ལྟ་བ་མཁྲེགས་འཛིན་པ་ས་ན་ཨེ་ ཏ་ཀའི་ཆི་ཡིན་པ་རེད། ཁོང་ཉི་ཧོང་གི་དཔལ་འབྱོར་བདེ་འཇགས་ཀྱི་བློན་ཆེན་དེ་ཡང་ཡིན་པ་རེད། ཡང་བེུད་འོས་མི་གཞན་དེ་ནི་དགུང་གྲངས་༧༡སོན་པ་ཕྱི་སྲིད་བློན་ཆེན་ཡོ་ཀོ ཀ་མི་ཀ་ཝ་ཡིན་པ་རེད། ཁོང་ལ་སྲིད་དོན་ཚོགས་པ་དེའི་ཚོགས་མི་ཚོས་དེ་ཙམ་རྒྱབ་སྐྱོར་ཆེན་པོ་ཐོབ་ཀྱི་མེད་ཀྱང་། ཁོང་ནི་ཆབ་སྲིད་ནང་ཞུགས་མཁན་བེུད་ན་གཞོན་ཚོར་སློབ་སྟོན་དང་བློ་བསྐྱེད་སྤེལ་ཕྱོགས་ལ་ཧ་ཅང་ཐབས་མཁས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སྲིད་བློན་འོས་མིའི་འགྲན་རྩོད་ནང་ཞུགས་མཁན་བེུད་གཞན་ནི། དགུང་གྲངས་༦༡ཡིན་པ་ཧ་ཅང་ཞལ་གསང་ཞིང་ཁ་རེ་ཁ་ཐུག་གི་བཀའ་མོལ་གནང་མཁན་བཅོས་འགྱུར་བ་ཏ་རོ་ ཀོ་ནོ་དང་། དེ་སྔ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཚོང་དོན་ཐོག་ཧ་ཅང་གྱོང་མཁྲེགས་རང་བཞིན་གྱི་བཀའ་མོལ་གནང་མཁན་ཏོ་ཤི་མི་ཚུ་ མོ་ཏེ་ཇི་ཡང་ཡོད་པ་རེད། དེ་ནས་འོས་མི་གཞན་ནི་ཉི་ཧོང་གི་བློན་ཆེན་ལྷན་ཁང་གི་དྲུང་ཆེ་ཡོ་ཤི་མ་ས། ཧ་ཡ་ཤི་དང་དཔལ་འབྱོར་བདེ་འཇགས་ཀྱི་བློན་ཆེན་ཟུར་པ་ཏ་ཀ་ཡུ་ཀི། ཀོ་བྷ་ཡ་ཤི་ཡོད་པ་རེད། ཁོང་ནི་འོས་མི་དེ་དག་ནང་ནས་དགུང་ལོ་༥༠ མན་ཡིན་པ་གཉིས་པ་དེ་ཆགས་ཡོད་པ་རེད། དེའི་བར་ན་ཕྱོགས་འགལ་རྩ་ཁྲིམས་མང་གཙོ་ཚོགས་པ་ཞེས་པ་དེས་ཀྱང་རང་གི་འགོ་ཁྲིད་འོས་འདེམས་བྱེད་བའི་སྐབས་ཤིག་འཁེལ་འདུག

རུའི་ཌར་དང་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམསྒྲིག་པ། རྣམརྒྱལ་ཤཱསྟྲཱི།