ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཟླ་བ་རྗེས་མར་ཉེ་ཧོང་གི་གཞུང་འཛིན་ཚོགས་པའི་འགོ་ཁྲིད་འདེམས་རྒྱུ།


ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ཕུ་མིའོ་ ཀི་ཤི་ཌས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཐག་གཅོད་བྱས་
ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ཕུ་མིའོ་ ཀི་ཤི་ཌས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཐག་གཅོད་བྱས་

ཉེ་ཧོང་གི་གཞུང་འཛིན་ཆབ་སྲིད་ཚོགས་པས་རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་སྤེན་པའི་ནང་ཟླ་བ་རྗེས་མའི་ཕྱི་ཚེས་༢༧ ཉིན་ཚོགས་པའི་འགོ་ཁྲིད་གསར་བ་འདེམས་རྒྱུ་གཏན་འཁེལ་བྱས་འདུག ཚོགས་པའི་འགོ་ཁྲིད་དང་སྲིད་བློན་ཕུ་མིའོ་ ཀི་ཤི་ཌས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཐག་གཅོད་བྱས་རྗེས་ཚོགས་པའི་འགོ་ཁྲིད་གསར་བ་འདེམས་དགོས་ཀྱི་ཡོད་པ་རེད།

སྐུ་ཞབས་ཀི་ཤི་ཌས་ལོ་ངོ་གསུམ་གྱི་ལས་ཡུན་དེ་ཟླ་བ་རྗེས་མ་མཇུག་བསྒྲིལ་གྱི་ཡོད་པ་དང་། ཟླ་བ་རྗེས་མའི་ཟླ་མཇུག་གོང་ལ་ཚོགས་པའི་འགོ་ཁྲིད་གསར་པ་འོས་འདེམས་བྱེད་དགོས་ཀྱི་ཡོད། གཞུང་འཛིན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ཡོངས་དང་ཚོགས་པར་ཚོགས་དངུལ་སྤྲོད་མཁན་འཐུས་མི་ས་ཡ་གཅིག་དང་ཚགས་གཅིག་ཡོད་པའི་ཁོངས་ནས་འགོ་ཁྲིད་འདེམས་ཐོན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། འོས་བསྡུའི་སྐབས་སུ་རྒྱལ་ཁ་ཐོབ་མཁན་གྱི་མི་སྣ་དེ་ཉེ་ཧོང་གི་གུ་ཡང་མང་གཙོ་ཚོགས་པའི་འགོ་ཁྲིད་དང་ཡུལ་དེའི་སྲིད་བློན་ཆགས་རྒྱུ་རེད།

གཟའ་འཁོར་སྔོན་མར་སྐུ་ཞབས་ཀི་ཤི་ཌས་གཞུང་འཛིན་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་དང། ཚོགས་པར་མི་མང་གིས་མུ་མཐུད་དེ་ཡིད་ཆེས་གདེང་འཇོག་ཡོང་རྒྱུར་ཚོགས་པ་དེའི་འགོ་ཁྲིད་གསར་བ་ཞིག་གིས་འགོ་ཁྲིད་ཐུབ་ན་ལེགས་པ་ཡོད་རེད་ཅེས་གསུངས་འདུག སྐུ་ཞབས་ཀི་ཤི་ཌ་ཚོགས་པའི་འགོ་ཁྲིད་ཡིན་སྐབས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཁ་ཤས་བྱུང་བར་བརྟེན་ཉེ་ཧོང་མི་མང་ནང་ནས་བརྒྱ་ཆ་༢༠ མ་གཏོགས་ཁོང་ལ་ཡིད་ཆེས་བྱེད་ཀྱི་མེད་པའི་རྣམ་པ་གསལ་འདོན་བྱུང་ཡོད།

སྲིད་བློན་གྱིས་གསལ་བསྒྲགས་དེ་བྱས་མ་ཐག་ས་གནས་ཀྱི་གསར་འགྱུར་ལས་ཁང་ཚོས་ཚོགས་པའི་འགོ་ཁྲིད་སུ་ཆགས་སྲིད་པའི་ཚོད་དཔག་འདྲ་མིན་བྱེད་འགོ་ཚུགས་ཡོད་པ་དང། ཚོགས་པའི་འཐུས་མི་འགའ་ཤས་ཀྱིས་ཚོགས་པའི་འགོ་ཁྲིད་བྱ་རྒྱུའི་བསམ་ཚུལ་ཡང་གསལ་འདོན་བྱས་འདུག

རེས་གཟའ་ཟླ་བའི་ཉིན་ལོ་ན་༤༩ ཡིན་པའི་ཚོགས་པའི་འཐུས་མི་ཟུར་པ་དང་ཡུལ་དེའི་དཔལ་འབྱོར་བློན་ཆེན་ཡ་ཏ་ཀ་ཡུ་ཀི་ ཀོ་བ་ཡ་ཤིས་ཚོགས་པའི་འགོ་ཁྲིད་ལ་འགྲན་རྩོད་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག་པ་དང། དེ་བཞིན་ཡུལ་དེའི་ཁོར་ཡུག་བློན་ཆེན་ཤིན་ཇི་རོ་ ཀིའི་ཛུ་མི་དང། ཕྱི་སྲིད་བློན་ཆེན་ཡོ་ཀོ་ ཀ་མི་ཀ་ཝ། བདེ་སྲུང་བློན་ཆེན་ས་ནའི་ ཏ་ཀའི་ཆི། ཕོ་མོ་འདྲ་མཉམ་གྱི་བློན་ཆེན་ཟུར་པ་སེའི་ཀོ་ ནོ་ཌོ་བཅས་ཀྱིས་ཚོགས་པའི་འགོ་ཁྲིད་ལ་འགྲན་རྩོད་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེ་དག་གི་ཁོངས་ནས་མཐའ་མ་གསུམ་ནི་བུད་མེད་ཡིན་པ་རེད།

ཡང་ཉེ་ཧོང་གི་བདེ་སྲུང་བློན་ཆེན་ཤི་གེ་རུ་ ཨི་ཤི་བྷས་གསུངས་དོན་ལ། གལ་ཏེ་ཁོང་ཚོགས་པའི་འགོ་ཁྲིད་ལ་འགྲན་རྩོད་བྱ་རྒྱུའི་གསལ་བསྒྲགས་བྱས་པ་ཡིན་ན། ཚོགས་པའི་གྲོས་ཚོགས་འཐུས་མི་ཉུང་མཐར་༢༠ ཡིས་ཁོང་ལ་རྒྱབ་སྐྱོར་ལས་སླ་བོ་བྱས་ཏེ་ཐོབ་གྱི་རེད་ཅེས་དང། ཁོང་གིས་འགྲན་རྩོད་བྱེད་ཀྱི་ཡོད་མེད་རིང་མིན་ཐག་གཅོད་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་བྱས་འདུག་ཅིང་། ཚོགས་པའི་འགོ་ཁྲིད་ལ་འགྲན་བརྩོད་བྱ་རྒྱུར་འོས་མི་རེ་རེ་ལ་གྲོས་ཚོགས་འཐུས་མི་༢༠ ཙམ་རྒྱབ་སྐྱོར་དགོས་ཀྱི་ཡོདོད།

གཞུང་འཛིན་ཆབ་སྲིད་ཚོགས་པའི་འོས་བསྡུའི་འགན་འཛིན་ཨི་ཅི་རོ་ ཨི་ས་ཝས་རེས་གཟའ་མིག་དམར་ཉིན་བརྗོད་དོན། ལྐོག་ཟའི་གནད་དོན་ཐོག་ནས་མི་མང་གིས་ཚོགས་པར་ཡིད་ཆེས་བརླགས་པ་དེར་ཚོགས་པས་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང། དུས་རྒྱུན་དུ་འོས་མི་ཚོར་ཉིན་གྲངས་༡༢ རིང་འོས་བསྡུའི་དྲིལ་བསྒྲགས་བྱ་རྒྱུའི་དུས་ཚོད་ཡོད་མོད། འདི་ལོ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུའི་དུས་ཚོད་ཉིན་གྲངས་༡༥ ཡོད་པ་དང། དེ་ལྟར་བྱས་པའི་ཐོག་ནས་འོས་འཕེན་པ་ཚོས་འོས་མི་ཚོའི་སྲིད་བྱུས་ལངས་ཕྱོགས་དང་དམིགས་ཡུལ་འཆར་གཞི་ཁག་ལ་སློབ་སྦྱོང་བྱ་རྒྱུའི་དུས་ཚོད་མང་བ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དེ་ཟླ་བ་རྗེས་མའི་འགོ་སྟོད་ལ་འགོ་འཛུགས་བྱ་རྒྱུ་ཡིན་པ་དང། འོས་མི་ཚོས་འོས་བསྡུའི་དྲིལ་བསྒྲགས་ཆེད་དུ་འགྲོ་གྲོན་གང་ཆུང་ཆུང་གཏོང་དགོས་པའི་ལམ་སྟོན་ཡང་བྱས་ཡོད་པ་རེད།

གཞུང་འཛིན་ཆབ་སྲིད་ཚོགས་པར་དཀའ་རྙོག་འཕྲད་བཞིན་པ་དེ་ཚོགས་པའི་ལས་འཆར་དང་བྱེད་སྒོ་ཁག་གི་ཆེད་དུ་སྒོ་འཛིན་ཚོང་འགྲེམས་བྱས་པ་ཁག་ཡོང་བསྒྲགས་བྱས་མེད་པའི་རྐྱེན་གྱི་བྱུང་བ་ཞིག་ཡིན་པ་དང། དཀའ་རྙོག་དེར་ཚོགས་པའི་གྲོས་ཚོགས་འཐུས་མི་༨༠ ཙམ་ལ་འབྲེལ་བ་ཆགས་ཡོད་པ་རེད།

ཡང་རེས་གཟའ་མིག་དམར་ཉིན་སྲིད་བློན་ཕུ་མིའོ་ ཀི་ཤི་ཌས་གཞུང་འཛིན་ཆོགས་པའི་འགོ་ཁྲིད་ཀྱི་འོས་མིར་འགྲན་རྩོད་བྱེད་མཁན་ཚོར་བཤད་དོན་ལ། འོས་མི་ཡོངས་ཀྱིས་ཚོགས་པའི་ཆེ་མཐོང་སླར་གསོ་ཡོང་རྒྱུར་འབད་བརྩོན་བྱ་དགོས་པའི་སྐུལ་མ་བྱས་འདུག

ཉེ་ཧོང་གི་གསར་འགྱུར་ལས་ཁང་ལྟར་ན། གཞུང་འཛིན་ཚོགས་པའི་འཐུས་མི་༡༡ ཙམ་གྱིས་འོས་བསྡུར་འགྲན་རྩོད་བྱ་རྒྱུའི་འཆར་གཞི་ཡོད་པ་དང། དེ་ཚོའི་ཁོངས་ནས་ཁ་ཤས་ཡོང་བསྒྲགས་ཡོད་པའི་མི་སྣ་དང་ཁ་ཤས་ཡོང་བསྒྲགས་དེ་ཙམ་མེད་མཁན་དེ་འདྲ་ཡང་ཡོད།

ཚོགས་པའི་ཚོང་འདུ་ཞིག་གི་སྐབས་སུ་སྐུ་ཞབས་ཀི་ཤི་ཌས་གསུངས་དོན་ལ། ཐེངས་འདིའི་འོས་བསྡུ་དེ་ནི་གཞུང་འཛིན་ཆབ་སྲིད་ཚོགས་པར་ལེགས་བཅོས་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་དང་། ལས་དོན་གང་བྱས་པ་ཡིན་ནའང། མི་མང་གི་འདོད་པ་དང་བསམ་ཚུལ་མཐུན་དགོས་ཀྱི་རེདད། ཚོགས་པའི་འགོ་ཁྲིད་སུ་ཆགས་པ་ཡིན་ནའང་དེར་ཚོགས་མི་ཡོངས་ཀྱིས་རྒྱབ་སྐྱོར་བྱ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ནན་བརྗོད་བྱས་འདུག

དེ་དང་ཆབས་ཅིག་ཉེ་ཧོང་གི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་གཙོ་བོ་དེའི་འགོ་ཁྲིད་ཀྱང་ཟླ་བ་རྗེས་མ་འདེམས་ཐོན་བྱ་རྒྱུའི་འཆར་གཞི་ཡོད་པ་དང། ད་ལྟའི་ཆར་ཉེ་ཧོང་གི་རྩ་ཁྲིམས་མང་གཙོ་ཚོགས་པ་ཞེས་པའི་ཕྱོགས་འགལ་ཚོགས་པ་དེ་སྐུ་ཞབས་ཀེན་ཏ་ ཨི་ཛུ་མིས་འགོ་ཁྲིད་བཞིན་ཡོད་པ་རེད།

ཨེ་པི་དང་ཨེ་ཨཕ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG