༄༅།། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་གློ་བོའི་ཡུལ་གྱི་མཛེས་ལྗོངས་གསལ་བའི་བརྙན་པར་༣༠་ཐམ་པའི་འགྲེམ་སྟོན་ཞིག་ཚུགས་འདུག ཕྱི་ཟླ་དང་པོའི་ཚེས་༡༣་ཉིན་EIN Presswire་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་གྷེ་ཧེན་དྷ་ར་དྷི་མལ་ཐེབས་རྩ་ཁང་དང་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཐུན་མོང་གིས་གློ་བོའི་མཛེས་ལྗོངས་ཀྱི་བརྙན་པར་འགྲེམ་སྟོན་ཞིག་ཚུགས་ཡོད་ཅིང་། བརྙན་པར་དེ་དག་བལ་ཡུལ་གྱི་པར་པ་གྲགས་ཅན་ཀི་ཤོར་ཀ་ཡ་ས་ཐས་(Kishor Kayastha)་བླངས་ཤིང་། ཁོ་པ་ལོ་བཅུ་ཕྲག་གཉིས་ལ་གློ་བོའི་ཡུལ་དུ་བསྐྱོད་ནས་དབྱར་དགུན་སྟོན་དཔྱིད་ཀྱི་མཛེས་ལྗོངས་རྣམས་པར་དུ་བཏབ།།
ཀི་ཤོར་ཀ་ཡ་ས་ཐས་ལོ་༢༠་རིང་བླངས་པས་བརྙན་པར་དེ་དག་ནི་ཕུལ་བྱུང་བའི་འདྲ་པར་གྲས་སུ་བརྩི་ཆོག ད་ཐེངས་ཀྱི་འགྲེམ་སྟོན་བརྒྱུད་ནས་མང་ཚོགས་ཀྱིས་བརྙན་པར་དེ་རྣམས་ཁང་པ་གཅིག་གི་ནང་དུ་བལྟ་ཐུབ། པར་པ་ཀི་ཤོར་ཀ་ཡ་ས་ཐས་ལོ་༢༠་རིང་བརྒྱབ་པའི་བརྙན་པར་དེ་དག་བརྒྱུད་ནས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་བལ་ཡུལ་གྱི་རི་ལུང་ཀུན་ལ་འགྱུར་བ་ཅི་ཐེབས། གྲོང་ཁྱེར་རྒྱ་སྐྱེད་དང་འཛུགས་སྐྲུན། གློ་བོའི་ཡུལ་གྱི་གནམ་བོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས། མི་དམངས་ཀྱི་འཚོ་བ་བཅས་ལའང་འགྱུར་བ་ཐེབས་པ་རྣམས་བརྙན་པར་ཁག་ཏུ་གསལ། བརྙན་པར་འགྲེམ་སྟོན་དེས་འདས་པའི་ལོ་༢༠་རིང་གློ་བོའི་ཡུལ་དུ་བྱུང་བའི་འགྱུར་ལྡོག་རྣམས་ལོ་ཆུང་ཚོར་སྟོན་ཐུབ་པའི་ཕན་ཐོགས་ཆེ།།
ཨ་རིའི་གཞུང་ཚབ་ཁང་གི་འགན་འཛིན་གཞོན་པ་ཇཱེ་སོན་མཱིཀ་སི་(Jason Meeks)་ཡིས་གློ་བོའི་ཞེ་ཐོགས་ཞེས་པའི་འགྲེམ་སྟོན་ནི་ལོ་བཅུ་ཕྲག་གཉིས་ཀྱི་ལྗོངས་རྒྱུ་འགྲེལ་སྟོན་ཞིག་རེད། ཨ་རིའི་གཞུང་ཚབ་ཁང་གིས་རིག་གཞུང་གཅེས་འཛིན་དང་ཡུལ་སྡེ་ཁག་ལ་མཉམ་འབྲེལ་བྱ་རྒྱུའི་ཆོད་སེམས་བཙུགས་ཡོད་པར་འགྱུར་བ་མེད། གློ་བོའི་ཡུལ་གྱི་མཛེས་ལྗོངས་འགྲེམ་སྟོན་ནི་དེའི་དཔེ་མཚོན་དུ་བརྩི་ཆོག་ཅིང་། ང་ཚོས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པའི་ཞོར་དུ་བལ་ཡུལ་གྱི་ཤུལ་བཞག་རིག་གནས་ཕྱུག་པོ་དེར་མཐོང་ཆེན་བྱ་དགོས་ཞེས་གཏམ་བཤད་བྱས་འདུག གློ་བོའི་ཞེ་ཐོགས་ཞེས་པའི་འགྲེམ་སྟོན་སྐབས་སུ་བོད་པའི་སྒྲ་དབྱངས་དཀྲོལ་ནས་དགེ་འདུན་པ་ཚོས་འདོན་པ་བཏོན། གློ་བོའི་ཡུལ་དུ་བོད་ཀྱི་རིག་གཞུང་ཁྱབ་ཡོད་པའི་ཚོར་བ་ཞིག་འགོག་མེད་དུ་སྟེར།།
ཨ་རིའི་གཞུང་ཚབ་པའི་ཐེབས་རྩ་ཁང་གིས་གློ་བོའི་ཡུལ་གྱི་མཆོད་རྟེན་ཁག་ཅིག་སླར་གསོ་བྱ་རྒྱུ་སོགས་ཚུད་པའི་རིག་གཞུང་གཅེས་འཛིན་གྱི་ལས་གཞི་རྣམ་གྲངས་༢༨་ལ་ཨ་སྒོར་ས་ཡ་༤.༥༤་རོགས་སྐྱོར་སྤྲད། པར་པ་ཀི་ཤོར་ཀ་ཡ་ས་ཐས་འགྲེམ་སྟོན་གྱི་མཛད་སྒོའི་ཐོག་ཏུ་ངའི་མི་ཚེ་ཧྲིལ་པོ་མིག་མདུན་དུ་བསྟར་ཡོད། ངས་ལས་དོན་མང་པོ་ཞིག་བསྒྲུབས་ཐུབ་མེད་པར་འགྱོད་པ་ཡོད། ངས་འཛམ་གླིང་འདིའི་དངུལ་སྒོར་ཡོད་དོ་ཅོག་གིས་ཚེ་སྲོག་ཉོ་མི་ཐུབ་པ་ངོས་ཟིན་སོང་། ང་བོད་ལ་བསྐྱོད་མ་ཐུབ་པའི་རྐྱེན་གྱིས་༢༠༠༤་ལོར་གློ་བོའི་ཡུལ་དུ་ཕྱིན་པ་ཡིན། ང་གློ་བོའི་ཡུལ་དུ་བསླེབས་པ་ན་བལ་ཡུལ་དུ་བོད་ལྟ་བུ་ཞིག་ཡོད་པ་ཤེས་རྟོགས་བྱུང་། གློ་བོའི་ཡུལ་ནི་དུས་དང་རྣམ་པ་ཀུན་ཏུ་སྦས་ཡུལ་ཞིག་ཡིན་ཞིང་། དངོས་གཙོ་རིང་ལུགས་ལ་གོམས་པའི་རྒྱལ་ས་ཀ་ཐ་མན་རྡུའི་གྲོང་མི་རྣམས་སྐྱབས་བཅོལ་དུ་འགྲོ་ས་ཞིག་རེད་ཅེས་བཀྲལ།།
གྷེ་ཧེན་དྷ་ར་དྷི་མལ་ཐེབས་རྩ་ཁང་གི་འགན་འཛིན་གྷོ་ཏམ་དྷི་མལ་(Gautam Dhimal)་གྱིས་གློ་བོའི་ཞེ་ཐོགས་ཞེས་པའི་འགྲེམ་སྟོན་ནི་ལོ་བཅུ་ཕྲག་གཉིས་ཀྱི་འགྲུལ་བཞུད་ཀྱི་གྲུབ་འབྲས་ཤིག་ཡིན་པས་འགྲུལ་པ་དང་པར་པ། རང་བྱུང་ཁམས་ལ་དགའ་མོས་ཆེ་བའི་མི་ཚོར་གློ་བོའི་ཡུལ་གྱི་མཛེས་ལྗོངས་དང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་རྣམས་མཚམས་སྦྱོར་བྱས་པ་རེད། འགྲེམ་སྟོན་འདིས་མཛེས་ལྗོངས་གཅེས་འཛིན་བྱ་ཐབས་སུ་འབད་མཁན་ཚོ་གཅིག་པུ་མིན་པར་བལ་ཡུལ་ནི་གློག་བརྙན་འཁྲབ་ས་དང་བརྙན་པར་ལེན་ཡུལ་མཆོག་ཏུ་གྱུར་པ་ཞིག་ཡིན་གསལ་སྟོན་བྱུང་བ་རེད་ཅེས་བསྟན། གློ་བོའི་ཞེ་ཐོགས་ཞེས་པའི་འགྲེམ་སྟོན་དེ་ཕྱི་ཟླ་དང་པོའི་ཚེས་༧་ནས་སྒོ་ཕྱེ་སྟེ་ཕྱི་ཚེས་༡༤་ཉིན་མཇུག་བསྡུས། འོན་ཀྱང་ཉིན་ལྟར་ཕྱི་དྲོའི་དུས་སུ་སྒེར་པ་ཚོར་མགྲོན་ཤོག་བཏང་ནས་འགྲེམ་སྟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་དང་པའི་ཚེས་༡༠་ཉིན་བལ་ཡུལ་གྱི་Republica་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་༢༠༢༤་ལོར་འཛམ་གླིང་གི་སྤྲོ་འཆམ་ས་གནས་༥༢་བདམས་ཡོད་པ་དེའི་ཁོངས་སུ་གློ་བོའི་ཡུལ་ཨང་༣༧་པར་རྩིས་ཡོད་པར་མ་ཟད། གློ་བོའི་མཛེས་ལྗོངས་ཀྱི་བཤད་པ་དང་གློ་བོའི་ལོ་རྒྱུས་ཀྱི་གནད་འགག་གནད་བསྡུས་སུ་བཀོད། ལོ་༣༠༠༠་ལྷག་གི་ཡར་སྔོན་དུ་གློ་བོའི་ཡུལ་ནི་བོད་དང་བལ་ཡུལ་གྱི་ཚོང་ལམ་ལྟེ་བ་དེ་ཡིན་པ་ས་འོག་ནས་ཐོན་པའི་གནའ་རྫས་ཁག་གིས་ར་འཕྲོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོས་འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གློ་བོའི་ཡུལ་དུ་བསྐྱོད་ནས་བལྟ་ས་གལ་ཆེན་ཞིག་གློ་སྨོན་ཐང་གི་རྒྱལ་ཁང་དང་རྩེ་མོ་གནམ་ལ་ཟུག་པའི་རི་བོ་ཁག གཡང་སའི་གད་ཁུང་དང་བྲག་ཁུང་། གྲོག་རོང་ཟབ་མོ་དང་རི་མགོར་ཆགས་པའི་དགོན་པ་སོགས་ཡིན་པའི་གནས་ཚུལ་ཐོན་འདུག
ད་ལྟ་ལོ་ན་༤༧་ལ་སོན་པའི་པར་པ་ཀ་ཡ་ས་ཐ་ནི་བྷག་ཏ་པུར་ས་ཁུལ་དུ་པར་ཁང་ཡོད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོ་པས་བྱིས་པའི་དུས་ནས་གློག་སྒྲོན་དམར་པོ་བཀྲག་མདངས་མེད་པ་ཞིག་སྦར་ཡོད་པའི་མུན་ནག་གི་ཁང་ཆུང་ཞིག་གི་ནང་དུ་ཨ་མར་འདྲ་པར་གྱི་སྦྱིན་ཤོག་འཁྲུད་རོགས་བྱས་ནས་པར་པའི་ལས་སུ་ཞུགས། ཀ་ཡ་ས་ཐས་དེང་སྐབས་མི་ཚང་མས་ལག་ཐོགས་ཁ་པར་བཟུང་ནས་འདྲ་པ་ལེན་ཐུབ། ཡིན་ནའང་ཆེད་ལས་ཀྱི་བརྙན་པར་ལེན་རྒྱུ་ནི་སྔར་ལས་དགོས་གལ་ཆེ་རུ་ཕྱིན་འདུག འཇིབ་འཁོར་མ་དར་གོང་དུ་རྟ་དྲེལ་ལ་བཞོན་ནས་ལམ་དུ་ཆས། གློ་བོའི་ཡུལ་ལྗོངས་དང་མཐའ་ཡས་པའི་ནམ་མཁའ། མུ་མཐའ་མེད་པའི་ས་ཆ་དེ་རྣམས་མཐོང་ན་རང་ཉིད་ཧ་ཅང་གི་ཆུང་ཆུང་ཞིག་ཡིན་པ་དང་མིའི་ལུས་སེམས་གཉིས་ཀ་ཆུང་དུ་འགྲོ་བའི་ཚོར་བ་ཞིག་མྱོང་གི་རེད་ཅེས་གཏམ་བཤད་བྱས་འདུག