ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཆར་ཞོད་ཆེ་བ་སོགས་ཀྱིས་སྙེ་ཤང་དང་གློ་བོའི་ཡུལ་དུ་ལོ་ལེགས་མ་བྱུང་།


ཆར་ཞོད་ཆེ་བ་སོགས་ཀྱིས་སྙེ་ཤང་དང་གློ་བོའི་ཡུལ་དུ་ལོ་ལེགས་མ་བྱུང་།
ཆར་ཞོད་ཆེ་བ་སོགས་ཀྱིས་སྙེ་ཤང་དང་གློ་བོའི་ཡུལ་དུ་ལོ་ལེགས་མ་བྱུང་།

༄༅།། ཉེ་བའི་ལོ་ཤས་ཤིག་ནས་སྙེ་ཤང་དང་གློ་བོའི་ཡུལ་དུ་ཆར་ཞོད་ཆེ་བ་དང་ཐན་པ་བྱུང་ནས་ལོ་ལེགས་མ་བྱུང་། ས་གནས་མང་ཚོགས་ཀྱི་ཁང་ཁྱིམ་སོགས་ཆུ་ལོག་གིས་བསྣུབས་ནས་རང་བྱུང་ཁམས་ཀྱི་གནོད་འཚེ་འབྱུང་རྒྱུ་ཇེ་མང་དུ་སོང་། ཕྱི་ཟླ་༦་པའི་ཚེས་༥་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཀ་ལི་གན་ད་ཀི་ཆུ་བོ་བྲུག་སྟེ་གློ་བོའི་ཡུལ་གྱི་ཞིང་ཁ་མང་པོ་ཆུ་ལོག་གིས་མནན། གློ་སྨོན་ཐང་ནི་རྒྱ་མཚོ་ནས་ཧྥི་ཁྲུ་༣༨༤༠་ཐམ་པའི་ཡན་ཆད་དུ་ཆགས་ཡོད་ཅིང་། དེང་སྐབས་གློ་སྨོན་ཐང་གཙོས་གློ་བོའི་ཡུལ་གྱི་མི་མང་གིས་ས་རྡོས་བརྩིགས་པའི་སྲོལ་རྒྱུན་གྱི་ཁང་པ་རྣམས་བཤིགས་ཏེ་ཨར་འདམ་བླུགས་ནས་ཁང་པ་གསར་པ་འཛུགས་སྐྲུན་བྱ་དགོས་པར་གྱུར། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་འཁྱག་རོམ་རྣམས་ཞུ། བོད་དང་གློ་བོའི་ཡུལ། སྙེ་ཤང་སོགས་ལ་ལོ་ལྟར་ཐན་པ་དང་ཆུ་ལོག་གི་དཀའ་ངལ་འཕྲད་རྒྱུ་ཇེ་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ས་རྡོས་བརྩིགས་པའི་སྲོལ་རྒྱུན་གྱི་ཁང་པ་དེ་དག་གིས་ཆར་ཆུ་ཆེན་པོ་འགོག་མི་ཐུབ་པ་སྟེ། ༢༠༢༠་ལོའི་ཕྱི་ཟླ་༧་པའི་ཚེས་༢༠་ཉིན་གྱི་མཚན་མོར་གློ་བོའི་ཡུལ་དུ་ཆར་ཞོད་ཆེན་པོ་བྱུང་སྟེ་ས་རྡོས་བརྩིགས་པའི་ཁང་པ་རྣམས་ཀླད་བརྡིབས། ན་རི་ཀོ་ཏ་ཟེར་བའི་ས་གནས་དེའི་སྨན་ཆུང་མ་ལོ་༡༨་ལ་སོན་པའི་ནི་ཤ་ཏུ་ལ་ཆན་ཞེས་པ་ཞིག་ཁང་པ་བརྡིབས་ནས་ཉལ་སའི་ནང་དུ་བསད། ཁོ་མོའི་ཨ་མྱེས་ལོ་༧༠་ཐམ་པར་སོན་པ་དེའི་སྟེང་དུ་ཁང་པའི་ས་རྡོ་ལྷུང་ནས་རྨས། སྨན་ཆུང་མ་ཏུ་ལ་ཆན་གྱི་ཨ་ཞང་ཤུག་ར་གྷོ་ཆན་(Shukra Gauchan)་གྱིས་ཉིན་མཚན་བཞི་ལ་ཆར་པ་མཚམས་ཚིགས་མེད་པར་བབས་པས་སྲོལ་རྒྱུན་གྱི་ཁང་པ་ཁག་གི་རྩིག་གྱང་ལོག་པ་དང་ཁང་པའི་ཀླད་བརྡིབས། ན་རི་ཀོ་ད་ས་གནས་སུ་ཁྱིམ་ཚང་༢༨་ཡོད་པ་དང་ཁང་པ་ཚང་མ་ས་རྡོས་བརྩིགས་པ་ཤ་སྟག་རེད། གློ་བོའི་ཡུལ་དུ་ཆར་པ་ཤུགས་ཆེན་དེ་འདྲ་ཞིག་བབས་མྱོང་མེད། སྲོལ་རྒྱུན་གྱི་ཁང་པོ་རྣམས་དྲོན་པོ་ཡོད་ཀྱང་ཆར་ཞོད་ཆེ་རུ་ཕྱིན་ན་མི་རྣམས་ས་རྡོའི་ཁང་པའི་ནང་དུ་འདུག་རྒྱུར་སྐྲག་གི་འདུག་ཅེས་བཀྲལ།།

ལོ་ན་༦༦་ལ་སོན་པའི་གློ་སྨོན་ཐང་གི་ཡུལ་མི་གུ་རོང་པ་རེམ་ཧིན་ཇིང་ (Prem Hinjing Grung)་ཞེས་པ་ཞིག་གིས་བཤད་པ་ལྟར་ན། ཁོ་ཚོའི་གྲོང་གསེབ་དེའི་ཁང་པ་༢༥་ཨར་འདམ་བླུགས་ནས་བརྒྱབ། ཁང་པ་གསར་པ་བརྩིགས་མ་ཐུབ་པ་རྣམས་ས་གནས་གཞན་དུ་སྤོས། ན་ནིང་གཅིག་པུར་གློ་བོའི་ཡུལ་དུ་ཆུ་ལོག་བརྒྱུགས་ནས་ཁང་པ་༣༡་བཤིགས། ཁང་པ་༡༦་ལ་གཏོར་བཤིག་ཐེབས་པ་དང་ཁྱིམ་ཚང་༣༦་ལ་དཀའ་ངལ་ཕྲད། བལ་ཡུལ་གྱི་རྒྱལ་ཡོངས་གོད་ཆག་གདོང་ལེན་ཁང་གིས་གློ་བོའི་ཡུལ་དུ་ཆར་ཞོད་ཇེ་ཆེ་དང་ཆར་དུས་ཇེ་རིང་དུ་ཕྱིན་ནས་ཁོར་ཡུག་དང་སྐྱེ་ཁམས། ཞིང་ལས་དང་འབྲོག་ལས་ཉམས། ༢༠༡༧་ནས་༢༠༡༨་བར་དུ་བལ་སྒོར་ས་ཡ་༡༥་དང་འབུམ་༦་ལྷག་གི་གྱོད་གུད་ཕོག་ཡོད་པར་མ་ཟད། ༢༠༡༤་ནས་༢༠༡༥་བར་དུ་གློ་བོའི་ཡུལ་དུ་ཆུ་ལོག་ཐེངས་༡༩་དང་ས་རུད་ཐེངས་༣༢་བྱུང་སོང་ཞེས་སྙན་ཐོ་བཏོན།།

དབྱིན་ཇིའི་ཤར་ཨང་གྷ་ལི་ཡ་སློབ་གྲྭ་ཆེན་མོའི་ཁོར་ཡུག་ཉམས་ཞིབ་པ་དྷལ་(Ngamindra Dahal)་གྱིས་སྙེ་ཤང་དང་གློ་བོའི་ཡུལ་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཁག་ཏུ་དུས་རྒྱུན་དང་མ་འདྲ་བའི་ཆར་ཞོད་ཆེ་རུ་ཕྱིན་འདུག དབྱར་དུས་ཆར་ཞོད་ཆེ་བ་དང་དགུན་དུས་ཁ་བ་མི་འབབ། སྙེ་ཤང་ལ་ཐན་པ་བྱུང་ནས་མི་མང་གི་ལོ་ཏོག་དང་རྩྭ། ཤིང་ཏོག་དང་སྔོ་ཚོད་རྣམས་བསྐམས། སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་གློ་བོའི་ཡུལ་དང་སྙེ་ཤང་སོགས་ཀྱི་ཞིང་འབྲོག་གི་འཚོ་བར་དཀའ་ངལ་འཕྲད་རྒྱུ་ཇེ་མང་དུ་འགྲོ་རྒྱུའི་རྣམ་པ་ཞིག་ཐོན། གློ་བོའི་ཡུལ་དང་སྙེ་ཤང་སོགས་སུ་ལོ་ལྟར་གནམ་གཤིས་དྲོད་ཚད་སེལ་སེ་སི་༠.༠༢༡་ཇེ་དྲོ་དང་འདས་པའི་ལོ་༤༥་རིང་ཆར་པ་འབབ་རྒྱུ་མཱི་ལི་མཱི་ཊར་༡.༨༣་མང་དུ་ཕྱིན་འདུག ༢༠༢༡་གི་ཕྱི་ཟླ་༥་པ་དང་༦་གཉིས་ལ་སྙེ་ཤང་རྫོང་དུ་ཆུ་ལོག་བརྒྱུགས་ནས་རྒྱ་ལམ་དང་ཟམ་པ། སློབ་གྲྭ་དང་སྤྱི་སྒེར་གྱི་ཁང་པ་རྣམས་ཆུས་ཁྱེར་ཏེ་བལ་སྒོར་དུང་ཕྱུར་༣༠་ལྷག་གི་གྱོང་གུད་ཕོག་འདུག་ཅེས་རྩོམ་ཡིག་སྤེལ།།

གློ་བོའི་ཡུལ་དང་སྙེ་ཤང་། དོལ་པོ་སོགས་མཐོ་སྒང་དུ་ཆགས་པའི་ས་གནས་ཁག་ཏུ་གྲོ་དང་ནས། བྲ་བོ་དང་ཞོག་ཁོག་སོགས་གདབ་ཀྱི་ཡོད་པས་དབྱར་དུས་ཆར་ཞོད་ཆེ་དྲགས་ན་ལོ་ཏོག་རྣམས་རུལ། སྙེ་ཤང་བ་གུ་རོང་ཀརྨ་ཞེས་པ་ཞིག་གིས་ལོ་བཅུ་ཕྲག་མང་པོར་ཀུ་ཤུ་བཏབ་ནས་ཚོང་ལས་གཉེར། ཡིན་ནའང་སྐབས་འགར་ཐན་པ་བྱུང་སྟེ་ཀུ་ཤུའི་མེ་ཏོག་བཞད་མི་ཐུབ་པའམ། ཡང་ན་ཀུ་ཤུའི་མེ་ཏོག་སད་ཀྱིས་བཅོམ། རེག་མཱི་ཞེས་པའི་སྙེ་ཤང་བ་ཞིག་གིས་གནམ་གཤིས་འགྱུར་ལྡོག་གིས་བུང་བ་དང་འཁྱམ་སྦྲང་རྣམས་འཁོར་ཐུབ་ཀྱི་མི་འདུག བུང་བ་དང་འཁྱམ་སྦྲང་མེད་ན་ཤིང་འབྲས་ཐོགས་ཐུབ་ཀྱི་མི་འདུག ང་ཚོར་ཤིང་འབྲས་སོགས་ཀྱི་སྟོན་ཐོག་ཡག་པོ་ཞིག་གཏན་ནས་སྨིན་གྱི་མི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

༢༠༢༣་ལོའི་ཕྱི་ཟླ་༩་པའི་ཚེས་༢༦་ཉིན་ཨིན་ཊར་ཕ་རེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གློ་བོའི་ཡུལ་གྱི་གྲོང་སྡེ་ཞིག་གི་འགོ་ཁྲིད་གཞོན་པ་གུ་རོང་བདེ་སྐྱིད་ཀྱིས་ངའི་མི་ཚེའི་ནང་དུ་ཆུ་ལོག་ཆེན་པོ་འདི་འདྲ་ཞིག་ནམ་ཡང་མཐོང་མྱོང་མེད། ང་ཚོས་ཆུ་ལོག་རྒྱུག་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ཤེས་ཀྱི་མེད། ང་ཚོ་མི་རབས་མང་པོར་ས་གནས་འདིར་འཚོ་གནས་བྱས་པ་རེད། ངའི་ཨ་མས་ཀྱང་ཐན་པ་དང་ཆུ་ལོག་འདི་འདྲ་བྱུང་བ་མཐོང་མྱོང་མི་འདུག ངའི་མེས་མོའི་རིང་ལ་ཆུ་ལོག་བརྒྱུགས་པ་རེད་ཅེས་བཤད་རྒྱུན་ཞིག་ཡོད་ཀྱང་ཆུ་ལོག་ཚབས་ཆེན་འདི་འདྲ་ཞིག་བརྒྱུགས་མེད་པ་འདྲ། ཉེ་བའི་ལོ་ཤས་ཤིག་ནས་ཆར་ཞོད་ཇེ་ཆེ་དང་རིལ་ཉིལ། ཕ་བོང་ཟགས་པ་སོགས་ཀྱི་གནས་ཚུལ་འབྱུང་རྒྱུ་ཇེ་མང་རེད། གཅིག་བྱས་ན་འདི་དག་ཐམས་ཅད་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ཚ་དྲོད་འཕེལ་གྱི་ཡོད་པར་འབྲེལ་བ་ཡོད་སྲིད་ཅེས་བཤད།།

ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༢༤་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གློ་བོའི་སྟོད་ཀྱི་བསམ་རྫོང་གི་ཡུལ་མི་ཚོར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཕྲད་ནས་ས་གནས་གཞན་དུ་སྤོས། བསམ་རྫོང་ནི་བལ་བོད་ས་མཚམས་སུ་ཆགས་པའི་གློ་བོའི་སྟོད་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། ལོ་ན་༧༠་པར་སོན་པའི་རྒན་མོ་གུང་རོང་བྷག་ཀི་ཞེས་པ་ཞིག་གིས་ངེད་ཅག་གི་ཕ་མེས་ཡང་མེས་ཚོའི་ངག་རྒྱུན་དུ་ང་ཚོ་མི་རབས་མང་པོར་གནས་སྤོས་ནས་བསྡད་པ་རེད། ནམ་ཞིག་བསམ་རྫོང་དུ་ཁྱིམ་གཞིས་བཅས་ནས་གྲོང་ཚོ་ཆགས་པའི་བཤད་སྲོལ་ཞིག་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། དུས་རབས་མང་པོའི་སྔོན་དུ་བསམ་རྫོང་གི་འབྲོག་པ་རྣམས་བོད་ཀྱི་བྱང་ཐང་དུ་ཁྱབ་པའི་བོད་པའི་རིགས་ལས་མཆེད། ལོ་༣༠༠༠་ཡས་མས་ཤིག་གི་སྔོན་དུ་བྱང་ཕྱོགས་ནས་གློ་བོའི་སྟོད་དུ་བསླེབས། བསམ་རྫོང་བ་ཚོས་དུས་རབས་མང་པོར་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ངོ་བོ་རྣམས་གཅེས་འཛིན་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སྔོན་ཕྱི་ཟླ་༥་པའི་ཚེས་༡༤་ཉིན་མི་རིགས་ཞེས་པའི་ཟླ་རེའི་དུས་དེབ་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པ་ཝེན་སི་ཊེ་ཧྥེན་སན་(Wen Stephenson)་ཞེས་པ་ཞིག་གིས་ཁ་བའི་གོས་ཀྱིས་མ་བཀླུབས་པར་སྐྱ་ཐལ་དུ་གྱུར་པའི་གློ་བོའི་ཡུལ་དུ་གནམ་གཤིས་འགྱུར་ལྡོག་ཐེབས་ནས་བོད་པའི་ཡུལ་སྡེ་ཞིག་རྩ་བརླག་འགྲོའི་ཉེན་ཁའི་གནས་སུ་ལྷུང་འདུག གློ་བོའི་ཡུལ་གྱི་མི་རྣམས་བོད་པ་ཡིན་པ་དང་ས་གནས་དེ་སྔོན་ཆད་བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས། ད་ལྟ་གློ་བོའི་ཡུལ་དེ་བལ་པོའི་མངའ་ཁོངས་སུ་ཚུད་ཀྱང་མི་རིགས་དེས་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གཅེས་འཛིན་བྱས་ནས་འཚོ་གནས་བྱེད་བཞིན་ཡོད་མོད། འོན་ཀྱང་འཛམག་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་གློ་བོའི་ཡུལ་དུ་དཔལ་འབྱོར་འཕེལ་རྒྱས་ཆ་མཉམ་མེད་པ། བལ་ཡུལ་གཞུང་གིས་གློ་བོའི་ཡུལ་དུ་ཡར་རྒྱས་གཏོང་ཐུབ་མེད་པ་དང་ན་གཞོན་ཚོ་ས་ཆ་གཞན་ལ་གནས་སྤོར་བྱེད་ཀྱི་ཡོད་པ་བཅས་ཀྱིས་ཡུན་རིང་མི་འགོར་བར་བལ་བོད་ས་མཚམས་ཀྱི་ཡུལ་ལུང་དེ་སྟོང་པར་འགྱུར་སྲིད་པའི་ཉེན་ཁ་འདུག་ཅེས་གསར་འགྱུར་སྤེལ་འདུག

གླེང་སྟེགས།

XS
SM
MD
LG