ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་དགུས་ཡུཀ་རེན་ལ་རྒྱབ་སྐྱོར། 

༄༅།། ཡུཀ་རེན་གྱི་ས་ཁུལ་བཞི་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་པ་ཡིན་ཞེས་ཕུ་ཊིན་གྱི་གསལ་བསྒྲགས་སྤེལ་ནས་བཟུང་། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་དགུས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་ཏེ་ཡུཀ་རེན་བྲེལ་མྱུར་གྱིས་ཨ་རིས་འགོ་ཁྲིད་པའི་ནུབ་ཕྱོགས་པའི་དམག་དོན་སྒྲིག་འཛུགས་དེའི་ཁོངས་སུ་འཇུག་དགོས་ཞེས་རྒྱབ་སྐྱོར་གྱི་སྙན་ཞུ་ཕུལ། ཕྱི་ཟླ་༡༠་པའི་ཚེས་༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨུ་རུ་སུས་ཡུཀ་རེན་གྱི་ས་ཁུལ་བཞི་བཙན་འཕྲོག་བྱས་པའི་རྗེས་སུ་སྲིད་འཛིན་ཛེ་ལན་སི་ཀི་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། གཟའ་ཉི་མའི་ཉིན་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་ཨེ་སི་ཊོ་ཎི་ཡ། ལཱ་ཊི་ཝི་ཡ་དང་ལུ་ཐུ་ཝེ་ཎི་ཡ། བྱང་མེ་སེ་ཌོ་ཎི་ཡ་དང་མོན་ཊེ་ནེ་གྷོ་རོ། པོ་ལན་ཌི་དང་རོ་མེ་ཎི་ཡ། སི་ལོ་ཝ་ཀི་ཡ་བཅས་ཡུ་རོབ་ཤར་ཕྱོགས་དང་ཡུ་རོབ་དབུས་ཕྱོགས་ཀྱི་རྒྱལ་ཁབ་དགུས་ཡུཀ་རེན་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུའི་རྒྱབ་སྐྱོར་ཡོད། ཨུ་རུ་སུའི་དམག་དཔུང་རྣམས་འཕྲལ་དུ་ཡུཀ་རེན་ནས་ཕྱིར་འཐེན་བྱ་དགོས། ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲོད་རྒྱུ་མང་དུ་གཏོང་དགོས། ༢༠༠༨་ལོར་ནུབ་ཆིངས་ཀྱིས་ཡུཀ་རེན་ཕྱིས་སུ་དམག་དོན་སྒྲིག་འཛུགས་དེའི་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱས་པར་རྒྱབ་སྐྱོར་ཆ་ཚང་ཡོད། ཡུཀ་རེན་དང་འཇོར་ཇཱི་ཡ་གཉིས་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་འདུན་པ་བཏོན་པར་དགའ་བསུ་ཞུས་ཡོད་ཅེས་གསལ་བསྒྲགས་སྤེལ་སོགས་དྲན་སྐུལ་བྱས་མོད། ཡིན་ནའང་༢༠༠༨་ལོར་ཡུཀ་རེན་དང་འཇོར་ཇཱི་ཡ་གཉིས་ནུབ་ཆིངས་ཁོངས་སུ་དུས་ནམ་ཞིག་འཇུག་རྒྱུ་ཡིན་མིན་གྱི་དུས་ཚོད་གཏན་འབེབས་མ་བྱུང་། ཁ་སང་གཟའ་ཉི་མའི་ཉིན་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཡུཀ་རེན་སྒྲིག་འཛུགས་དེར་ཞུགས་པར་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པ་སྤྱི་མོས་འབྱུང་དགོས་ཞེས་ལན་བཏབ།།

ཉམས་ཞིབ་པ་ཚོས་ཡུཀ་རེན་བྲེལ་མྱུར་གྱིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་ཡང་ཚོགས་ཁོངས་དེར་ཚུད་ཐུབ་རྒྱུ་དཀའ་ངལ་ཆེན་པོ་ཞིག་རེད་ཅེས་གནས་ཚུལ་སྤེལ། གསར་འགོད་པ་ཚོས་ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་པར་ཇཱེཀ་སུ་ལི་ཝན་ལ་ཡུཀ་རེན་མགྱོགས་མྱུར་གྱིས་ནུབ་ཆིངས་ཁོངས་སུ་འཇུག་དགོས་པའི་སྙན་ཞུ་ཕུལ་བར་ལྟ་ཚུལ་ཅི་ཡོད་ཅེས་དྲིས། སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པས་ཡུཀ་རེན་གྱི་སྙན་ཞུ་དེར་དུས་སྐབས་གཞན་ཞིག་ཏུ་གྲོས་སྡུར་བྱེད་དགོས་ཀྱི་རེད་ཅེས་བཀྲལ། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དམག་འཁྲུག་རྒྱག་བཞིན་པའི་རྒྱལ་ཁབ་ཅིག་ཚོགས་ཁོངས་དེར་འཇུག་རྒྱུར་ཐེ་ཚོམ་འཛིན་གྱི་ཡོད་པ་སྟེ། སྒྲིག་འཛུགས་དེའི་ཆིངས་ཡིག་དོན་ཚན་ལྔ་པར་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་གཏོར་རྒོལ་བྱུང་ན་ཚོགས་འཐུས་རྒྱལ་ཁབ་ཚང་མར་གཏོར་རྒོལ་བྱུང་བ་དང་ཁྱད་པར་མེད། ནུབ་ཆིངས་ཁོངས་ཀྱི་རྒྱལ་ཁབ་ཀུན་པོས་གཏོར་རྒོལ་ཕོག་ཡུལ་དེར་སྲུང་སྐྱོབ་བྱ་དགོས་ཞེས་འཁོད། ད་ལོ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་བར་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ། ཨུ་རུ་སུའི་བདེ་འཇགས་ལྷན་ཁང་གི་གཙོ་འཛིན་གཞོན་པ་དང་སྲིད་འཛིན་ཟུར་པ་མེ་ཌེ་ཝེ་ཌེབ་ཀྱིས་ཡུཀ་རེན་མགྱོགས་མྱུར་གྱིས་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་བཅུག་ཚེ། འཛམ་གླིང་དམག་ཆེན་གསུམ་པ་མགོ་བརྩམ་རྒྱུ་རེད་ཅེས་སྡིགས་ར་བསྐུལ། ཐོག་མ་ནས་ཕུ་ཊིན་གྱིས་ཨུ་རུ་སུའི་གོང་མའི་དུས་སྐབས་ཀྱི་བཙན་རྒྱལ་ལམ། ཡང་ན་ཨུ་རུ་སུ་དམར་ཤོག་གི་བཙན་རྒྱལ་སླར་གསོ་བྱེད་པར་ཡུཀ་རེན་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་བཅངས། ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་འཆར་འདུག ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་སྒོ་འགྲམ་བར་དུ་རྒྱ་སྐྱེད་ཀྱི་འདུག་ཅེས་ལན་ཁག་དཀྲིས་ནས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས།།

གཟའ་ཉི་མའི་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀའི་དམག་སྤྱི་ཟུར་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་མེཀ་མ་སི་ཊར་གྱིས་ཨུ་རུ་སུའི་དམག་ལ་ལི་མན་གྲོང་དུ་ཕམ་ཉེས་བྱུང་སྟེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད་ཅིང་། གཟའ་སྤེན་པའི་ཉིན་ཡུཀ་རེན་གྱི་དམག་གིས་ལི་མན་གྲོང་ཕྱིར་ལེན་བྱས་པ་ནི་རྒྱལ་ཁ་ཆེན་པོ་ཞིག་རེད། འདི་ནི་ཨུ་རུ་སུར་ཇུས་ཉེས་རིམ་པ་ཞིག་འབྱུང་གི་ཡོད་པ་ར་འཕྲོད། ང་ཚོས་ཁ་ཚོན་བཅད་ནས་བཤད་ཐུབ་པ་ནི་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་རྣམས་གཉའ་ཆག་སྟེ་དཔའ་ཞུམ་ཡོད་པ་གསལ་པོ་རེད། ངས་བལྟས་ན་ཁོ་ཚོ་ཏན་ཏན་ཨར་མི་བརྟེན་པའི་མཚམས་སུ་སླེབས་འདུག ཕུ་ཊིན་གྱིས་དམག་དཔུང་གསར་བསྡུ་བྱས་ནས་གླ་ཕོགས་ལྡབ་གསུམ་ལྷག་སྤར། དམག་མི་གསར་པ་ཚོར་ཉི་མ་རེ་ཟུང་གི་དམག་སྦྱོང་སྤྲད་ནས་ཡུཀ་རེན་ལ་གཏོང་གི་ཡོད་པ་རེད། ང་ཚོའི་མིག་གིས་མཐོང་སར་ཨུ་རུ་སུའི་དམག་མི་གསར་པ་ཚོས་ཁུངས་འཁྱོལ་གྱི་མི་འདུག་ཅེས་བསྟན། ལི་མན་གྲོང་དུ་ཨུ་རུ་སུའི་དམག་མི་༥༠༠༠་ལྷག་བཀྲམ་ཡོད་པ་རྣམས་གཟའ་མཇུག་དེར་ཡུཀ་རེན་གྱི་དམག་གིས་མཐའ་བསྐོར། དེ་རིང་གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ལི་མན་གྲོང་གི་ཨུ་རུ་སུའི་དམག་མི་རྣམས་བསད་བཟུང་བྱས་ནས་རྨེག་མེད་དུ་བཅོམ་ཟིན་ཞེས་བསྒྲགས། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ལི་མན་གྲོང་གི་དམག་དཔུང་རྣམས་བཙན་ས་ཞིག་ཏུ་ཕྱིར་འཐེན་བྱས་པ་ཡིན་ཞེས་འགྲེལ་བཤད་ཐ་དད་ཅིག་རྒྱབ། ལི་མན་གྲོང་ནི་ཨུ་རུ་སུའི་དམག་ལ་སྐྱེལ་འདྲེན་དང་དམག་དོན་གྱི་ས་གནས་གནད་འགག་ཅན་ཞིག་ཡིན་རུང་ཡུཀ་རེན་གྱི་དམག་གིས་ཕྱིར་ལེན་བྱས་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་དང་དམག་སྤྱི་ཟུར་པ་མེཀ་མ་སི་ཊར་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། ཨུ་རུ་སུའི་དམག་མིར་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པ་དང་ས་ཁྱོན་རྒྱ་ཆེན་པོ་ཞིག་ལ་སྲུང་སྐྱོབ་བྱེད་དགོས་པ། ཨུ་རུ་སུའི་གཞུང་གིས་དམག་ཁྲལ་བསྡུས་ནས་སྦྱོང་བརྡར་མ་སྤྲད་པར་དམག་སར་གཏོང་བ། ཕུ་ཊིན་གྱིས་དམག་སྐུལ་ཐེངས་དང་པོ་བྱས་པའི་རྗེས་སུ་ཨུ་རུ་སུའི་དམག་དཔུང་ལི་མན་གྲོང་ནས་ཕྱིར་འཐེན་བྱས་པ་སོགས་ཀྱིས་ཨུ་རུ་སུར་ཕྱོགས་གང་ཐད་དུ་ཇུས་ཉེས་འབྱུང་གི་ཡོད་པ་མཚན་ཐུབ་ཅེས་གསལ་བཀྲོལ་བྱས་ཤིང་། དེ་བཞིན་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་དང་དམག་སྤྱི་ཟུར་པ་ཕེ་ཊི་རི་ཡས་ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་ས་ཐོག་ཏུ་ཕམ་ཉེས་འབྱུང་གི་འདུག ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲད་ནས་ཕུ་ཊིན་ལ་ཇུས་ཉེས་འབྱུང་རྒྱུ་ལྡོག་ཏུ་མེད་པ་ཞིག་ཏུ་གྱུར། གཡོ་ཁྲམ་གྱི་འོས་བསྡུ་དང་དམག་སྐུལ། ཡུཀ་རེན་གྱི་ས་ཆ་བཙན་འཕྲོག་བྱས་པ་ཡིན་ཞེས་འུད་སྒྲོགས། རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་སོགས་ཅི་ཞིག་བྱས་ཀྱང་ཕུ་ཊིན་ལ་ཕམ་ཉེས་འབྱུང་གི་ཡོད་པ་འགོག་དཀའ་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག ཁ་སང་གཟའ་ཉི་མར་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཀྱང་ཨུ་རུ་སུའི་དམག་དཔུང་ལི་མན་གྲོང་ནས་ཕྱིར་འཐེན་བྱས་པ་དེ་ཕུ་ཊིན་ལ་ཆབ་སྲིད་ཀྱི་ཇུས་ཉེས་ཆེན་པོ་ཞིག་རེད། ལི་མན་གྲོང་ནི་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་པའི་ས་གནས་ཤིག་རེད། དེར་བརྟེན་ཨུ་རུ་སུའི་རྒྱལ་ནང་དུ་དམག་གི་འགོ་ཁྲིད་ཚོར་ཁ་རྡུང་གི་རྦ་རླབས་གསར་པ་ཞིག་འཕྱུར་གྱི་འདུག་ཅེས་གསལ་བསྒྲགས་སྤེལ།།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཡུཀ་རེན་གྱི་དམག་གིས་ལྷོ་ཕྱོགས་ཀྱི་ཁར་སན་ས་ཁུལ་དུའང་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱས་ནས་སྔར་བཞིན་ནུས་པ་འཐོན་གྱི་འདུག ཡུཀ་རེན་གྱི་འཐབ་ཇུས་མཁས་དྲགས་པ་དང་དམག་དཔུང་ལ་སྦྱོང་བརྡར་ཐོབ་ཡོད་པ་བཅས་ཀྱིས་དམག་སའི་གནས་སྟངས་ལ་འགྱུར་བ་ཐེབས་ཀྱི་འདུག ཨ་རི་དང་ནུབ་ཆིངས་ཀྱིས་སྤྲད་པའི་མཚོན་ཆ་རྣམས་ཡུཀ་རེན་གྱི་དམག་གིས་བཀོལ་སྤྱོད་གང་ལེགས་བྱེད་ཀྱི་འདུག ལྷག་པར་དུ་ཨ་མི་རི་ཀས་སྤྲད་པའི་ཧི་མར་སི་མེ་སྒྱོགས་ཀྱིས་ཕན་ཆེན་པོ་ཐོགས་ཀྱི་འདུག ཡུཀ་རེན་གྱི་དམག་གིས་ཁར་ཀིབ་ཞིང་ཆེན་ཕྱིར་ལེན་གྱི་དཔུང་འཇུག་ཧ་ལས་པ་ཞིག་བྱས་སོང་། དེའི་རྗེས་སུ་ཡུཀ་རེན་གྱི་དམག་གིས་ལྷོད་ཡངས་མེད་པ་དང་ངར་ཤུགས་མ་ཆག་པར་རྒྱལ་ཁའི་གོ་སྐབས་བླངས་ཏེ་ས་གནས་གཞན་ལ་དཔུང་འཇུག་བྱས་ནས་གྲུབ་འབྲས་ཆེན་པོ་འཐོན་གྱི་འདུག་ཅེས་བསྔགས་བརྗོད་ཞུས། ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཕུ་ཊིན་གྱིས་ཨུ་རུ་སུའི་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་གྱི་བཀའ་རྒྱ་བསྒྲགས་པས་རྒྱལ་ཡོངས་སུ་དམག་སྐུལ་ལ་ངོ་རྒོལ་གྱི་ལས་འགུལ་ལངས། ཨུ་རུ་སུའི་དམག་ལ་ཞུགས་དགོས་པའི་ལོ་ཚན་ལོན་པའི་སྐྱེས་པ་འབུམ་༥་ལྷག་འཇོར་ཇཱི་ཡ་དང་ཁ་ཛཀ་སི་ཐན། སོག་ཡུལ་སོགས་ལ་བྲོས། ཨུ་རུ་སུའི་གཞུང་གིས་སྒེར་དམག་གླས་པ་དང་བཙོན་པ་རྣམས་དམག་ཁོངས་སུ་བསྡུས་ནས་ཡུཀ་རེན་ལ་དྲངས། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༡༠་པའི་ཚེས་༣་དང་༤་གཉིས་ལ་ཨུ་རུ་སུའི་གྲོས་ཚོགས་གོང་འོག་གཉིས་ཀས་ཡུཀ་རེན་གྱི་ལུ་ཧན་སིཀ་དང་ཌོ་ན་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་བཞི་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བསྡུས་པ་ཡིན་ཞེས་ཁྱབ་བསྒྲགས་བྱུང་བར་ངོས་ལེན་གྱི་གྲོས་ཆོད་བཞག་སྟེ་ཁྲིམས་ཡིག་གཏན་འབེབས། དེའི་རྗེས་སུ་ཕུ་ཊིན་ལ་ཁྲིམས་ཐོག་ཏུ་ཡུཀ་རེན་གྱི་ལག་ནས་ཕྲོགས་པའི་ས་ཆ་དེ་ཚོར་སྲུང་སྐྱོབ་བྱེད་དགོས་པའི་ལས་འགན་ཡོད་པས་ཕུ་ཊིན་འུ་ཐུག་སྟེ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་སྲིད། དེས་ན་ཡུཀ་རེན་གྱི་དམག་འཁྲུག་གི་ཛ་དྲག་ཆེ་རུ་ཕྱིན་ཏེ་གང་ཅིའི་གནས་སྟངས་རྣམས་ངེས་གཏན་མེད་པ་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཆེ་ཞེས་གནས་ཚུལ་སྤེལ་འདུག