བལ་ཡུལ་ལ་འགྲོ་འོང་བཀག་སྡོམ་དང་བཟའ་ཆས་རོགས་རམ།

Your browser doesn’t support HTML5

བལ་ཡུལ་ལ་འགྲོ་འོང་བཀག་སྡོམ་དང་བཟའ་ཆས་རོགས་རམ།


༄༅།། ཉེ་སྔོན་བལ་ཡུལ་གཞུང་གིས་ཕྱི་ཟླ་༤་པའི་ཚེས་༤་བར་དུ་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བསྒྲགས། ད་ལྟ་སླར་ཡང་ཕྱི་ཟླ་༤་པའི་ཚེས་་༡༣་བར་དུ་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་ནས་མིའི་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཀའ་རྒྱ་བཏང་འདུག དེར་བརྟེན་མཆོད་འཇོར་ཁྱབ་ཁོངས་སུ་འཚོ་བའི་དཀའ་ངལ་འཕྲད་བཞིན་པའི་བོད་པ་ཚོར་བཟའ་ཆས་སོགས་ཀྱི་རོགས་རམ་མཁོ་སྤྲོད་བྱས་ཡོད་པ་རེད།

བལ་ཡུལ་གྱི་འགྲོ་འོང་བཀག་སྡོམ་ནི་རྗེས་སུ་གནས་སྟངས་ལ་གཞིགས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག་པར་མ་ཟད། དུས་རྒྱུན་ཉིན་རེའི་འཚོ་ཐབས་དོན་དུ་ལས་ཀ་སྒྲུབ་མཁན་ཚང་མས་ལས་མཚམས་བཞག་ཡོད་པས་མི་ཚོས་འགྲོ་འོང་བཀག་སྡོམ་གྱི་རིང་དེར་ཁང་བདག་ཚང་མས་ཁང་གླ་ལེན་མི་ཉན་པའི་འབོད་སྐུལ་ཞུས་འདུག ད་ལྟའི་བར་དུ་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་གི་ནད་པ་༥་བྱུང་བའི་གྲས་ཀྱི་མི་༡་དྲག་སྐྱེད་བྱུང་བ་དང་མི་༤་ལ་སྨན་བཅོས་བྱེད་བཞིན་ཡོད་འདུག
བལ་ཡུལ་མཆོད་འཇོར་ཁྱབ་ཁོངས་ཀྱི་འགོ་འཛིན་རྩིབ་རི་ལོ་པན་སྤྲུལ་སྐུ་ངག་དབང་རིན་པོ་ཆེས་གསར་འགོད་པར་མང་ཚོགས་དཀའ་ངལ་ཅན་ཚོར་རེ་བ་དང་གདོང་ལེན་ཚོགས་པ། ཕྱི་རྒྱལ་དུ་བཞུགས་བཞིན་པ་དང་དུས་རྒྱུན་རོགས་རམ་གནང་མཁན་བཅས་ཐུན་མོང་གིས་མང་ཚོགས་ཉམ་ཐག་དང་འཚོ་བར་དཀའ་ངལ་ཡོད་མཁན་དུད་ཁྱིམ་༡༦་དང་། མཆོད་འཇོར་ཁྱབ་ཁུངས་ཀྱི་མང་ཚོགས་གྲས་སུ་དབང་བོ་སྐྱོན་ཅན་གྱི་དུད་ཁྱིམ་༡༨་ཡོད་པ་བཅས་ཁྱོན་བསྡོམས་དུད་ཁྱིམ་༣༠་ལྷག་ལ་འབྲས་དང་རྩམ་པ། སྣུམ་བཅས་དུད་ཁྱིམ་རེ་རེའི་སྒོ་འགྲམ་དུ་བསྐྱལ་ཡོད། དུད་ཁྱིམ་རེ་ཟུང་ལ་ཟླ་ངོ་གཉིས་ཡས་མས་རེའི་ཁང་གློ་སྤྲོད་རྒྱུ་མེད་པའི་ཐོག་ཏུ་བཟའ་ཆས་ཉོ་བའི་དངུལ་སྒོར་མེད་པའི་དཀའ་ངལ་ཡང་འདུག མི་མང་འཕྲོད་བསྟེན་སྨན་བཅོས་ཀྱི་དཀའ་ངལ་ཅན་ཚོར་མཐུན་འགྱུར་རོགས་རམ་བྱ་རྒྱུ་དང་ཁྱབ་ཁོངས་མང་ཚོགས་སུ་འདྲ་ཞིག་ལ་དཀའ་ངལ་ཡོད་ན་དེ་ལ་མཐུན་འགྱུར་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད། མང་ཚོགས་ལ་དཀའ་ངལ་ཡོད་མེད་རྒྱུས་ལོན་གང་ཐུབ་བྱེད་ཀྱིན་ཡོད།

དབུས་ནས་བཀའ་རྒྱ་ཕེབས་པ་དང་ལམ་སྟོན་གནང་བ་གཞིར་བཟུང་གིས་ཨ་རི་དང་ཡུ་རབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་ཡོད་མཁན་རྣམས་ཐོ་འགོད་དང་རིམས་ནད་སྔོན་འགོག་གི་གྲོས་སྡུར་སོགས་བྱེད་བཞིན་ཡོད། མདོར་ན་ད་ལྟའི་ཆར་མཆོད་འཇོར་ཁྱབ་ཁོངས་ཀྱི་བོད་པ་བཙན་བྱོལ་བའི་གྲས་སུ་ཏོག་དབྱིབས་ནད་དུག་གི་ནད་པ་གཅིག་ཀྱང་བྱུང་མེད། གནས་ཡུལ་རྒྱལ་ཁབ་དང་དོན་གཅོད་ལས་ཁུངས་ཀྱི་བཀའ་རྒྱ་བཞིན་མུ་འཐད་དུ་བདེ་ཐང་དང་འཕྲོད་བསྟེན་གྱི་ཆེད་དུ་འབད་པ་བྱས་དང་བྱེད་བཞིན་ཡོད། མང་ཚོགས་སུ་འདྲ་ཞིག་ལ་དཀའ་ངལ་འཕྲད་ན་དེ་ལ་མཐུན་འགྱུར་རོགས་རམ་གང་དགོས་བྱ་རྒྱུའི་གྲལ་སྒྲིག་ཡོད་ཅེས་བརྗོད་སོང་།

ཉམ་ཐག་གི་རིགས་ལ་རེ་བ་དང་གདོང་ལེན་ཚོགས་པའི་དགེ་བཤེས་བསོད་ནམས་དབང་ཆེན་ལགས་སུ་བཅར་འདྲི་ཞུས་བར་བརྗོད་དོན། སྤྱིར་ང་ཚོའི་ཚོགས་པ་བརྒྱུད་ནས་ཡུལ་མི་ཉམ་ཐག་དང་བཟའ་ཆས་སོགས་ཀྱི་དཀའ་ངལ་ཡོད་མཁན་རྣམས་ལ་རོགས་རམ་བྱེད་མུས་ཡིན། དེ་རིང་བོད་པ་དཀའ་ངལ་ཅན་རྣམས་ལའང་འབྲས་དང་སྣུམ། རྩམ་པ་བཅས་ཀྱི་རོགས་རམ་སྤྲད་པ་ཡིན། མ་འོངས་པར་ཡང་མུ་མཐུད་དུ་དཀའ་ངལ་འཕྲད་ན་བསྐྱར་དུ་རོགས་རམ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བརྗོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་བ་དེ་གསན་རོགས་གནང་།།།