ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་བདུན་ལ་སྲོག་སྐྱོན་ཕོག

ཨུ་རུ་སུའི་དམག་མི་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ།

༄༅།། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༧་ལ་སྲོག་སྐྱོན་ཕོག་འདུག་ཅེས་སླར་ཡང་གཏམ་ངན་ཞིག་བསྒྲགས། ད་ལྟའི་བར་དུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པོའི་བལ་པོ་༢༡་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་ངེས་གཏན་བྱུང་ཞིང་། ཕྱི་ཟླ་༣་པའི་ཚེས་༡༤་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གཞུང་གིས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་རྣམས་རང་ཡུལ་དུ་ལེན་ཐབས་བྱེད་བཞིན་ཡོད། ང་ཚོས་ཨུ་རུ་སུའི་གཞུང་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་ཚོའི་བཟའ་མི་ཚོར་དངུལ་སྒོར་གྱོང་གསབ་སྤྲོད་དགོས་པའི་འབོད་སྐུལ་བསྐྱར་དུ་ཞུས་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། བདུན་ཕྲག་སྔོན་མར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སར་གྷེ་ལཱ་ཝ་རོབ་གཉིས་ཀྱིས་བལ་པོ་ཚོ་ཨུ་རུ་སུའི་དམག་ཁོངས་ནས་ཕྱིར་སློག་བྱ་རྒྱུའི་གནད་དོན་ལ་གྲོས་མོལ་བྱས་འདུག

བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ།

བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་ཅི་ཙམ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་མེད་གྲངས་ཀ་གསལ་པོ་ཞིག་ཤེས་ཀྱི་མེད་ཅིང་། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་དང་མོ་སི་ཀོར་བཅའ་སྡོད་བལ་པོའི་གཞུང་ཚབ་ཁང་གིས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༢༠༠་ལྷག་ཡོད་པའི་ཚོད་དཔག་གི་གྲངས་འབོར་ཞིག་བཏོན། ཡུཀ་རེན་གྱི་དམག་ས་ཁག་ནས་ཕྱིར་ལོག་བྱས་པའི་བལ་པོ་ཚོ་དང་ཨུ་རུ་སུའི་དམག་དཔོན་ཚོས་བལ་པོ་༨༠༠༠་ནས་༡༥༠༠༠་ཡས་མས་ཤིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་ས་རེད། བལ་པོ་བརྒྱ་ཕྲག་འགའ་ཞིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་འདུག་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། བལ་ཡུལ་གྱི་སྲིད་དོན་པ་ཀ་རི་ཏུ་བྷན་ཌ་རི་ཞེས་པ་ཞིག་གིས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༦༢༠་ལྷག་འདུག མི་༡༡༦་ལ་སྲོག་སྐྱོན་དང་༢༧༤་ལ་རྨས་སྐྱོན་ཕོག བལ་པོ་༦༢༠་ཐམ་པ་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་ཀྱི་མི་འདུག་ཅེས་ཀ་ཐ་མ་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཕྱི་ཟླ་༣་པའི་ཚེས་༡༡་ཉིན་དེ་རིང་གི་རྒྱ་གར་དང་རྒྱ་གར་གྱི་དུས་བབ་ཚགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་པའི་བལ་པོའི་ཕོ་གསར་བཞིས་རྒྱ་གར་གཞུང་ལ་ང་ཚོ་སྐྱོབ་རོགས་བྱོས། ང་ཚོ་ཨུ་རུ་སུའི་དམག་གི་ལས་རོགས་ཡིན་ཞེས་མགོ་སྐོར་བཏང་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཙན་ཁྲིད་བྱས་བྱུང་། ང་ཚོའི་མཉམ་དུ་རྒྱ་གར་བ་སྤུན་ཟླ་ཁག་ཅིག་ཡོད་པ་རྣམས་རྒྱ་གར་གཞུང་གིས་བསྐྱབས་ཏེ་རང་ཡུལ་དུ་ལོག་པ་དང་ང་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཚུད་པའི་བལ་པོ་ཡིན། ང་ཚོར་ལས་ཀ་འཚོལ་མཁན་བར་པ་ཚོས་མགོ་སྐོར་བཏང་ནས་འདིར་ཁྲིད་ཡོང་བ་རེད། ད་ལྟ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་འདུག་ ང་ཚོར་མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་ཁང་གིས་ཁ་ཡ་བྱེད་ཀྱི་མི་འདུག བལ་ཡུལ་གཞུང་གིས་ང་ཚོ་སྐྱོབ་ཐུབ་རྒྱུ་ཁག་པོ་རེད། བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱིས་ང་ཚོ་སྐྱོབ་རོགས་བྱོས་ཞེས་བརྙན་ཐུང་ཞིག་དྲྭ་ལམ་དུ་བཀྲམ།།

ཨུ་རུ་སུའི་དམག་མི་ཞིག་གིས་མེ་མདའ་རྒྱག་གིན་

བལ་པོ་དེ་དག་གི་བཀྲམ་པའི་བརྙན་ཐུང་ནང་དུ་རྒྱ་གར་དང་བལ་ཡུལ་གཉིས་ཕྱོགས་གང་ཐད་དུ་འབྲེལ་བ་བཟང་པོ་ཡོད་གསལ་པོ་རེད། བལ་ཡུལ་གཞུང་ལ་ནུས་པ་ཅི་ཡང་མི་འདུག རྒྱ་གར་གཞུང་དང་རྒྱ་གར་གྱི་གཞུང་ཚབ་ཁང་ནི་སྟོབས་ཤུགས་ཆེན་པོ་རེད། ང་ཚོ་རང་ཡུལ་དུ་ཕྱིར་ལོག་བྱ་འདོད་ཡོད། ང་ཚོས་རྒྱ་གར་གཞུང་ལ་ང་ཚོ་སྐྱོབ་རོགས་བྱོས་ཞེས་སྐྱབས་འཇུག་ཞུ་ཡི་ཡོད། རྒྱ་གར་གཞུང་གིས་ང་ཚོའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཡིད་ཆེས་བརྟན་པོ་ཡོད། ཐོག་མར་ང་ཚོ་མི་༣༠་ཐམ་པ་མཉམ་དུ་ཡོད་ཀྱང་ད་ལྟ་མི་༥་ལས་ལྷག་མེད། མི་ཁག་ཅིག་དམག་ས་གཞན་དུ་བཏང་བ་དང་མི་ཁག་ཅིག་ལ་རྨས་སྐྱོན་ཕོག་སོང་ཞེས་རྒྱ་གར་གཞུང་ལ་རེ་བ་བཅོལ། བལ་པོ་དེ་དག་གི་མིང་ལ་སན་ཇཱེ་དང་རམ། ཀུ་མར་དང་སན་ཏོ་ཤ་ཟེར་གྱི་ཡོད་པར་མ་ཟད། བདུན་ཕྲག་སྔོན་མར་རྒྱ་གར་བ་༧་གྱིས་ང་ཚོ་ཨུ་རུ་སུའི་དམག་ཁོངས་སུ་བཙན་གྱིས་བསྡུས་ནས་ཡུཀ་རེན་ལ་ཁྲིད་པ་རེད་ཅེས་བརྙན་ཐུང་ཞིག་བཀྲམ་པ་སྤྱི་ཚོགས་དྲྭ་ལམ་དུ་ཐོན།།

ཕྱི་ཟླ་༣་པའི་ཚེས་༧་ཉིན་ནེའུ་ཡོག་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ནན་དྷ་རམ་པུན་ཞེས་པའི་བལ་པོ་ཞིག་གིས་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་གྱི་གསར་འགོད་པར་ང་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་ཡོང་ན་ལས་ཀ་སྤྲོད་ཆོག བལ་ཡུལ་ནས་འཇར་མན་ཎིར་གནས་སྤོར་བྱོས། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་བརྒྱུད་ནས་འཇར་མན་ཎིར་ཡོང་དགོས་ཞེས་མངགས་བཀོད་བྱས་བྱུང་། ང་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་བསླེབས་མ་ཐག་ཏུ་དམག་སྒར་ཞིག་ལ་སྦྱོང་བརྡར་བྱེད་དུ་བསྐྱོད་དགོས་པ་རེད་ཟེར་བྱུང་། ངའི་མི་ཚེའི་ནང་དུ་མེ་མདར་ལག་པ་འཆང་བ་ཐེངས་དང་པོ་ཡིན། ཡུན་རིང་མ་འགོར་བར་ང་ཚོ་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་དུ་བཏང་བྱུང་། བྷག་མུ་ཏ་ནི་ཨུ་རུ་སུའི་དམག་མི་སྟོང་ཕྲག་མང་པོ་གསོད་ས་ཡིན་པས་གྲོང་ཁྱེར་དེར་ཤ་འཐག་འཕྲུལ་ཆས་ཞེས་མིང་ཐོགས། ང་ལ་རྨས་སྐྱོན་ཕོག་ཀྱང་སྨན་བཅོས་བྱེད་དུ་བཅུག་མེད། ང་ལ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་ན་སླར་ཡང་དམག་སར་གཏོང་གི་རེད་ཅེས་མགོ་སྐོར་ཐེབས་སྟངས་ཀྱི་རྒྱུད་རིམ་རྣམས་བཤད།།

རྒྱ་གར་བ་བཅུ་ཕྲག་འགའ་དང་བལ་པོ་སྟོང་ཕྲག་མང་པོར་ཕྱི་རྒྱལ་དུ་གླ་ཕོགས་ཆེན་པོའི་ལས་ཀ་ཡོད་ཅེས་མགོ་སྐོར་བཏང་ནས་ཨུ་རུ་སུར་ཁྲིད། བལ་པོ་དང་རྒྱ་གར་བ་དེ་རྣམས་ཨུ་རུ་སུར་བསླེབས་པའི་རྗེས་སུ་དམག་ཁོངས་སུ་བཅུག་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བརྫངས། ཁོ་ཚོར་དུས་ཡུན་བདུན་ཕྲག་༢་ཡས་མས་ཤིག་གི་དམག་སྦྱོང་སྤྲད་ནས་དམག་སར་བཏང་སྟེ་འཐབ་འཁྲུག་ལ་ཞུགས། དཔེར་ན་ལོ་ན་༣༠་ཐམ་པར་སོན་པའི་རྒྱ་གར་བ་ཨབ་སན་ཟེར་བ་དང་དང་ལོ་ན་༢༣་ལ་སོན་པའི་རྒྱ་གར་བ་ཧེ་མིལ་ཨ་ཤ་ཝིན་བྷ་ཡེ་མན་གུ་ཀི་ཡ་ཟེར་བ་ཞིག་སྔ་རྗེས་སུ་ཡུཀ་རེན་གྱི་དམག་སར་བསད། བྷ་བྷ་ཝོལ་གྷ་སི་ཞེས་རྗེས་འབྲང་བ་འབུམ་༣་ལྷག་ཡོད་པའི་ཡུ་ཊུབ་དྲྭ་ཚིགས་ཤིག་ཏུ་རྒྱ་གར་བ་དང་བལ་པོ་ཚོར་ཕྱི་རྒྱལ་དུ་ལས་ཀ་ཡོད་ཅེས་མགོ་སྐོར་བཏང་ནས་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་བཞིན་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཧེ་དྷ་ར་བྷ་དྷའི་ཡུལ་མི་ཨབ་སན་ཞེས་པ་ཞིག་སྔ་ལོའི་ཕྱི་ཟླ་༡༡་པའི་ནང་ཨུ་རུ་སུར་བསྐྱོད། ཁོ་པར་ལས་ཁུངས་ཀྱི་སྒོ་སྲུང་གི་ལས་ཡོད། ཟླ་བ་རེར་གླ་ཕོགས་ཨ་སྒོར་༥༥༠་རེ་ཡོད་པ་དང་ཟླ་བ་༣་གྱི་རྗེས་སུ་ཨུ་རུ་སུའི་སྤྱི་དམངས་སུ་འགྱུར་རྒྱུ་རེད་ཅེས་གཡོ་འོག་ཏུ་ཚུད་ནས་ཟླ་བ་སྔོན་མར་སྲོག་སྐྱོན་ཕོག རྒྱ་གར་དུ་ཨབ་སན་ལ་ཆུང་མ་དང་ཕྲུ་གུ་གཉིས་བཅས་བཟའ་མི་གསུམ་ཤུལ་དུ་ལུས། ཨབ་སན་གྱི་སྤུན་མཆེད་ཨིམ་རན་གྱིས་ངའི་སྤུན་མཆེད་འདས་པོས་རང་ཉིད་དམག་སར་བཏང་བའང་ཤེས་ཀྱི་ཡོད་མ་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག རྒྱ་གར་བ་མན་གུ་ཀི་ཡའི་ཨ་ཕ་ཨ་ཤ་ཝིན་མན་གུ་ཀི་ཡས་ངའི་བུས་རང་ལ་ཚེ་སྲོག་གི་ཉེན་ཁ་ཡོད་པ་ང་ཚོར་གསང་བ་བྱས་པ་རེད། ང་ཚོ་བཟའ་མི་ཚང་མ་སེམས་སྡུག་གི་ཀློང་དུ་ཚུད་ཡོད། ང་ཚོས་རང་གི་བུའི་ཕུང་པོ་རང་ཡུལ་དུ་ལེན་ཐབས་བྱེད་ཀྱི་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། དེའི་སྔོན་དུ་རྒྱ་གར་གྱི་པན་ཇབ་མངའ་སྡེའི་མི་ཞིག་གིས་ང་ཨུ་རུ་སུའི་དམག་ཁོངས་ནས་ལེན་རོགས་བྱོས་ཞེས་རྒྱ་གར་གཞུང་ལ་ཞུ་བ་འཐེན་པའི་གནས་ཚུལ་ཐོན་འདུག

ལོ་ན་༣༡་ལ་སོན་པའི་ཀསྨིར་བ་ཨ་ཛ་ཌ་ཡུ་སེབ་ཀུ་མར་ཞེས་པ་ཞིག་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ས་དྷུ་བྷེ་ལ་ལས་ཀ་འཚོལ་དུ་ཕྱིན་མོད། འོན་ཀྱང་ཁོ་པ་ཨུ་རུ་སུར་བཏང་སྟེ་ཡུཀ་རེན་གྱི་དམག་ས་ཤིག་ཏུ་བསླེབས་ཡོད་པའི་བརྙན་པར་ཐོན། རྒྱ་གར་བ་བདུན་གྱིས་ཁང་ཆུང་ནག་ཁུང་ཞིག་གི་ནང་དུ་ཨུ་རུ་སུའི་དམག་ཆས་གྱོན་ནས་གདོང་ལ་ངལ་དུབ་ཀྱི་ཉམས་ཤིག་ཤར། ཁོ་ཚོ་ན་ནིང་ཕྱི་ཟླ་༡༢་པའི་ཚེས་༢༧་ཉིན་ཨུ་རུ་སུར་སྤྲོ་འཆམ་དུ་ལྷགས། ཕྱི་ལོ་གསར་པའི་རྗེས་སུ་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལོ་རུ་སིར་བསྐྱོད་རྒྱུའི་ཐག་བཅད། རྒྱ་གར་བ་ཧར་ཤཱ་ཞེས་པ་ཞིག་གིས་ང་ཚོ་སྣེ་ཤན་པས་བྷེ་ལོ་རུ་སིར་འཁྲིད་དགོས་ཟེར་བྱུང་། ང་ཚོས་བྷེ་ལོ་རུ་སིར་བསྐྱོད་ན་ཐོངས་མཆན་ཞུ་དགོས་པ་ཤེས་མ་བྱུང་། ང་ཚོ་བྷེ་ལ་རུ་སིར་བསླེབས་པའི་རྗེས་སུ་སྣེ་ཤན་པས་ང་ཚོའི་ལག་ནས་དངུལ་སྒོར་འཐོལ་པ་བླངས། ཁོ་པ་གར་སོང་ཆ་མེད་དུ་བརླགས། ང་ཚོ་བདག་མེད་དུ་བསྐྱུར་ནས་བྷེ་ལོ་རུ་སིའི་ཉེན་རྟོག་པའི་ལག་ཏུ་ཐེབས། བྷེ་ལོ་རུ་སིའི་ཉེན་རྟོག་པས་ང་ཚོ་ཨུ་རུ་སུར་རྩིས་སྤྲོད་བྱས་ནས་དམག་ཁོངས་སུ་བཙན་གྱིས་བསྡུས་ཏེ་ཡུཀ་རེན་ཁྲིད་པ་རེད་ཅེས་བཀྲལ་ལོ།།