༄༅།། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཟླ་བ་ལྔ་ཕྱིན་པའི་རིང་ཨུ་རུ་སུའི་བཙན་འཛུལ་དམག་ལ་འཆི་རྨས་ཚབས་ཆེན་འཕོག་གི་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༢༦་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཡོངས་བརྙན་འཕྲིན་ནང་དུ་གཏམ་བཤད་བྱས་པ་ལྟར་ན། ཨུ་རུ་སུའི་གཞུང་གིས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་དང་གནས་ཚུལ་ངོ་མ་རྒྱལ་ནང་དུ་ཁྱབ་བསྒྲགས་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་མི་དམངས་ལ་འབྲེལ་བ་ཡོད་པའི་མི་ཚོས་དམག་མི་ཅི་ཙམ་ལ་སྲོག་སྐྱོན་ཕོག་ཡོད་མེད་ཀྱི་གྲངས་འབོར་རྣམས་བརྒྱུད་བསྒྲགས་བྱ་དགོས། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཨུ་རུ་སུའི་དམག་མི་ཁྲི་ཚོ་༤་མ་ཟིན་ཙམ་ཞིག་ལ་ཡུཀ་རེན་གྱི་ས་ཐོག་ཁག་ཏུ་སྲོག་སྐྱོན་ཕོག་ཡོད་པ་རེད། འདས་པའི་ཟླ་བ་བཞིའི་རིང་ཨུ་རུ་སུའི་གཞུང་གིས་རང་གི་དམག་མི་ཚོར་འཆི་རྨས་ཅི་ཙམ་ཕོག་མིན་གྱི་གནས་ཚུལ་གཅིག་ཀྱང་ཕྱིར་བསྒྲགས་བྱས་མ་སོང་། ད་དུང་ཨུ་རུ་སུའི་གཞུང་གིས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱས་ནས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་། ཨུ་རུ་སུའི་ཆབ་སྲིད་དང་དམག་དོན་མི་སྣ་ཚོར་གསར་འགོད་པས་བཅར་འདྲི་ཞུས་པ་དང་ཁོ་ཚོས་གཏམ་བཤད་བྱས་པའི་སྐབས་སུའང་དམག་མིར་འཆི་རྨས་ཅི་བྱུང་གི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད། གལ་སྲིད་ཨུ་རུ་སུའི་གཞུང་གིས་རང་གི་མི་དམངས་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་མི་ཅི་ཙམ་ཤི་ཡོད་མེད་ཀྱི་གྲངས་འབོར་རྣམས་ཕྱིར་བསྒྲགས་མི་བྱེད་ཚེ། ཨུ་རུ་སུའི་ནང་ཁུལ་དུ་ཤུགས་རྐྱེན་ཐེབས་ཐུབ་པའི་མི་ཚོས་གྲངས་འབོར་ངོ་མ་འདི་ཅིས་ཀྱང་བརྒྱུད་བསྒྲུགས་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག
SPONSORED CONTENT
གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་དམག་མི་ཁྲི་ཚོ་༤་མ་ཟིན་ཙམ་ཞིག་ལ་སྲོག་སྐྱོན་ཕོག་པ་རེད་ཅེས་གསལ་བསྒྲགས་སྤེལ་བའི་གྲངས་འབོར་དེའི་ཁུངས་གང་ལ་གཏུག་གི་ཡོད་མེད་གསལ་བཀྲོལ་མ་བྱུང་ཞིང་། བདུན་ཕྲག་སྔོན་མར་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་ལས་སྣེ་དམག་སྤྱི་ར་ཌ་ཀིན་གྱིས་ཡུ་རོབ་རང་དབང་རླུང་འཕྲིན་ཁང་ལུང་འདྲེན་བྱས་ནས་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ཨུ་རུ་སུའི་དམག་མི་ཁྲི་ཚོ་༥་ལྷག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་འཆི་རྨས་ཕོག་འདུག་ཅེས་བཤད། དེ་བཞིན་བདུན་ཕྲག་སྔོན་མར་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་ཀྱང་ཨུ་རུ་སུའི་དམག་མི་༡༥༠༠༠་ཡས་མས་ཤིག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྲོག་སྐྱོན་ཕོག་ཡོད་པ་དང་དམག་མི་༤༥༠༠༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག ཁྱོན་བསྡོམས་ཨུ་རུ་སུའི་དམག་མི་༦༠༠༠༠་ཡས་མས་ཤིག་ལ་འཆི་རྨས་བྱུང་ཡོད་ས་རེད་ཅེས་ཚོད་དཔག་གི་གཏམ་བཤད་ཅིག་བྱས་འདུག ཨུ་རུ་སུའི་མེ་ཌི་ཡ་ཛོ་ན་གསར་འགྱུར་ལས་ཁང་གིས་དམག་མི་༤༧༦༠་ཐམ་པར་སྲོག་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ། ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༢༥་ཉིན་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དམག་མི་༤༩༨་ལ་སྲོག་སྐྱོན་དང་མི་༡༣༥༡་ལ་རྨས་སྐྱོན་ཕོག་སོང་ཞེས་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་དེའི་རྗེས་སུ་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་རང་གི་དམག་མིར་འཆི་རྨས་ཅི་བྱུང་གི་གྲངས་འབོར་གསར་པ་གང་ཡང་ཕྱིར་བསྒྲགས་མ་བྱུང་། ཟླ་བ་ལྔའི་དམག་འཁྲུག་གི་རིང་ཡུཀ་རེན་གྱི་དམག་ལའང་འཆི་རྨས་ཚབས་ཆེན་འཕོག་གི་ཡོད་པའི་གནས་ཚུལ་རིམ་པ་ཞིག་ཐོན། ད་སྔ་ཡུཀ་རེན་གྱི་གཞུང་གིས་དམག་མི་ཅི་ཙམ་ལ་སྲོག་སྐྱོན་ཕོག་མིན་གྱི་གྲངས་འབོར་ཁ་གསལ་ཞིག་ཕྱིར་བསྒྲགས་བྱས་མེད་ཀྱང་ཟླ་བ་སྔོན་མར་ཡུཀ་རེན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་པོ་ཌོལ་ཡག་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་ཉིན་ལྟར་ཡུཀ་རེན་གྱི་དམག་མི་༡༠༠་ནས་༢༠༠་ཡས་མས་རེར་སྲོག་སྐྱོན་འཕོག་གི་འདུག་ཅེས་བཀྲལ།།
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་གསར་འགྱུར་ལས་ཁུངས་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་འབྲེལ་བ་ཡོད་པའི་གསར་འགྱུར་སྤེལ་མི་ཆོག་ཅེས་བཅའ་ཁྲིམས་ཤིག་ལ་མཚན་རྟགས་བཀོད། ཁོ་པས་ཨུ་རུ་སུའི་ཁྲིམས་སྦྱོར་ལྷན་ཁང་ལ་སྤྱི་སྒེར་སུ་ཞིག་གིས་གནས་ཚུལ་རྫུན་མ་སྤེལ་ན་ཁྲིམས་གཅོད་དྲག་པོ་བྱ་དགོས་ཞེས་དབང་ཚད་སྤྲད། ཕུ་ཊིན་གྱིས་གསར་འགྱུར་རྫུན་མ་ཟེར་བ་ནི་ཨུ་རུ་སུའི་གཞུང་གིས་སྤེལ་བའི་གནས་ཚུལ་དང་མི་མཐུན་པའི་གསར་འགྱུར་ངོ་མ་དེར་གོ་དགོས། ཕྱི་ཟླ་༧་པའི་ཚེས་༢༦་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་མི་༡༠༠་ལྷག་གི་བཟའ་མི་ཚོས་སྲིད་འཛིན་ཕུ་ཊིན་ལ་སྙན་ཞུ་ཕུལ་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་བའི་དམག་མི་དེ་རྣམས་འཆི་གསོན་ཅི་ཡིན། ཁོ་ཚོ་གསོན་པོ་ཡིན་ན་གང་དུ་ཡོད་མེད་གསལ་བཤད་བྱ་དགོས་ཞེས་དགོས་འདུན་བཏོན། ཨུ་རུ་སུའི་དམག་མིའི་ཕ་མ་དང་སྤུན་མཆེད། བཟའ་ཟླ་སོགས་ཀྱིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་དམག་མི་དེ་རྣམས་གང་དུ་ཡོད་མེད་རྩད་གཅོད་བྱ་དགོས། ཁོ་ཚོ་བོར་བརླག་ཕྱིན་ཡོད་པ་དང་མིང་ཐོ་རྣམས་དམག་འཁྲུག་གི་བཙོན་པའི་ཐོ་གཞུང་དུ་འགོད་དགོས། ཨུ་རུ་སུའི་དམག་མི་གར་སོང་ཆ་མེད་དུ་གྱུར་པ་རྣམས་རྩད་གཅོད་བྱ་དགོས། རྒྱལ་སྲུང་ལྷན་ཁང་གིས་དམག་མིའི་སྲི་ཞུའི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུ་འགོག་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་སྙན་ཞུ་ཕུལ། ཨུ་རུ་སུའི་དམག་མིའི་ཨ་མ་དང་ཆུང་མ་ཁག་ཅིག་གིས་རྒྱལ་སྲུང་བློན་ཆེན་ཤོ་གུ་ལ་ཐུག་འཕྲད་བྱ་དགོས། རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་བཟུང་དམག་རྣམས་ཕར་སྤྲོད་དང་ཨུ་རུ་སུའི་དམག་མི་བཙོན་པ་རྣམས་རང་ཡུལ་ལ་ལེན་ཐབས་ཀྱི་གྲོས་མོལ་བྱ་དགོས། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཤི་བའི་དམག་མི་འདས་པོ་རྣམས་ཀྱི་རྒྱུད་རྫས་ལ་བརྟག་དཔྱད་བྱས་ནས་ཕུང་པོ་དེ་རྣམས་སུ་སུའི་ཡིན་མིན་ངོ་ཐག་གཅོད་དགོས་ཞེས་ནན་བརྗོད་བྱས་འདུག
ཨུ་རུ་སུའི་བུད་མེད་ཨ་ན་ཌ་ཎི་ལོ་ཝ་ཞེས་པ་ཞིག་གིས་ངའི་ཁྱོ་ག་ལོ་༤༧་ཡིན། ང་ལ་ཨུ་རུ་སུའི་དམག་ཞབས་ལྷན་ཁང་གིས་ཁྱོ་ག་དམག་འཁྲུག་སྐབས་སུ་བསད་འདུག་ཅེས་བརྡ་སྦྱོར་འབྱོར་བྱུང་། དེ་ནས་ཉིན་ཤས་རྗེས་སུ་ཡུཀ་རེན་གྱི་དམག་མི་ཞིག་གིས་ང་ལ་ཁ་པར་བཏང་སྟེ་ཁྱོ་ག་ཤི་མེད་པ་དང་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་འདུག་ཅེས་བརྡ་འཕྲིན་ཞིག་འབྱོར་བྱུང་ཞེས་ཡུ་རོབ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་འདུག མ་རི་ཡ་ཤུ་མོ་ཝ་ཞེས་བའི་ཨ་མ་ཞིག་གིས་ངའི་བུ་ལོ་༢༣་ཡིན། ད་ལོའི་ཕྱི་ཟླ་༣་པའི་ཚེས་༢༧་ཉིན་ཡུཀ་རེན་གྱི་བྷུ་ཆ་ས་གནས་སུ་བཏང་སོང་། ད་ལྟ་ཁོ་པ་འཆི་གསོན་ཅི་ཡིན་གོ་ཐོས་མི་འདུག ཡུཀ་རེན་གྱི་བྷུ་ཆ་གྲོང་ཁྱེར་ལ་གཏོར་རྒོལ་ཕོག་པའི་བརྙན་པར་སོགས་ལ་བལྟས་ན་ངའི་བུ་གཏོར་རྒོལ་དེའི་འོག་ནས་ཚེ་སྲོག་ཐར་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། ཡིན་ནའང་ངས་རང་གི་བུ་དེ་དམག་སར་ཤི་ཡོད་མེད་ངེས་གཏན་བྱེད་ཐུབ་ཀྱི་མི་འདུག ངས་སུ་གཅིག་ལའང་འཁང་ར་བཤད་ཀྱི་མེད། གལ་སྲིད་དམིགས་བསལ་དམག་དོན་ལས་འགན་འདི་སྒྲུབ་དགོས་ངེས་ཤིག་ཡིན་ན་ང་ཚོའི་བུ་ཕྲུག་ཚོའི་ཚེ་སྲོག་འཆོར་མི་དགོས་པ་ཞིག་བྱས་ནས་བསྒྲུབ་དགོས། གལ་ཏེ་ངའི་བུ་ཤི་ཡོད་ན་ང་ལ་ཕུང་པོའམ། ཡང་ན་ཕུང་པོའི་ལྷག་རོ་ཞིག་རྩིས་སྤྲོད་བྱ་དགོས། ངའི་བུ་ལ་ཡག་ཉེས་ཅི་ཞིག་བྱུང་མིན་གྱི་བརྡ་ལན་གསལ་པོ་ཞིག་རག་གི་མི་འདུག་ཅེས་གསར་འགོད་པར་སྡུག་གཏམ་བཤད། ཕྱི་ཟླ་༦་པའི་ཚེས་༢༨་ཉིན་ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པའི་བྷུ་རི་ཡ་ས་གནས་ཀྱི་བུད་མེད་བཅུ་ཕྲག་གཅིག་ལྷག་གིས་རང་གི་ཁྱོ་ག་རྣམས་ཡུཀ་རེན་གྱི་དམག་ས་ཁག་ནས་རང་ཁྱིམ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཞེས་ས་གནས་ཀྱི་འགོ་ཁྲིད་ལ་ངོ་རྒོལ་བྱས་ཤིང་། ཝེ་ར་པར་ཊིལ་ཁ་ཡེ་ཝ་ཞེས་པ་ཞིག་གིས་ང་ཚོའི་ཁྱོ་ག་རྣམས་ཕྱི་ཟླ་དང་པོ་ནས་དམག་སྦྱོང་ལ་ཞུགས་པ་རེད། ཕྱི་ཟླ་༢་པ་ནས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་དགོས་བྱུང་སོང་། ད་ལྟ་ཁོ་ཚོ་ལུས་སེམས་གཉིས་ཀ་ངལ་དུབ་ཀྱིས་མནར་ནས་ཟུངས་ཟད་དུ་གྱུར་འདུག་ཅེས་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་བཤད་འདུག
ཕྱི་ཟླ་༧་པའི་ཚེས་༢༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་ལ་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་དེང་རབས་ཅན་གྱི་མཚོན་ཆ་རོགས་རམ་སྤྲད་པའི་རྗེས་སུ་ཨུ་རུ་སུར་ཕར་རྒོལ་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་སྟེ། ཁ་སང་གཟའ་ལྷག་པའི་ཉིན་ཨུ་རུ་སུའི་དམག་ལ་མཁོ་ཆས་སྐྱེལ་འདྲེན་བྱེད་པར་དགོས་ངེས་སུ་གྱུར་པའི་ཟམ་པ་ཞིག་དང་ཨུ་རུ་སུའི་དམག་གི་མདེལ་མཛོད་ཅིག་ལ་ཡུཀ་རེན་གྱི་དམག་གིས་ཨ་རིའི་མེ་སྒྱོགས་བརྒྱབ་ནས་མི་༥༡་བསད་པའི་གནས་ཚུལ་ཐོན། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་གིས་ཀྱང་ཡུཀ་རེན་གྱི་བཙན་ས་ཁག་ལ་རྒྱང་ནས་འཕུར་མདེལ་དང་མེ་སྒྱོགས་ཀྱིས་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ད་ལོའི་དམག་འཁྲུག་གི་མགོ་སྟོད་དེར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁར་སན་གྲོང་ཁྱེར་བཙན་བཟུང་བྱས་ཀྱང་གཟའ་འཁོར་འདི་ནས་ཨུ་རུ་སུའི་དམག་གིས་མུ་མཐུད་དུ་ཁར་སན་གྲོང་ཁྱེར་བཙན་འཛིན་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་མང་པོའི་མཚོན་ཆ་དང་དཔལ་འབྱོར་རོགས་རམ། ཨུ་རུ་སུའི་དམག་དཔུང་གི་འགུལ་སྐྱོད་སོགས་ཀྱི་གསང་བའི་གནས་ཚུལ་རྣམས་མཁོ་སྤྲོད་བྱས་ནས་ཨུ་རུ་སུར་འཐབ་རྒོལ་བྱ་རྒྱུ་རྒྱུན་བསྐྱངས། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་པོལ་ཌོལ་ཡག་གིས་བཙན་འཛུལ་བ་རྣམས་ཁར་སན་གྲོང་ཁྱེར་ནས་ཕྱིར་འཐེན་བྱས་ན་ལེགས། ང་ཚོས་ཐེངས་གསུམ་པ་དེར་ཉེན་བརྡ་སོགས་གང་ཡང་མེད་པར་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ཀྱིས་སྲིད་འཛིན་ཛེ་ལན་སི་ཀིས་འགོ་ཁྲིད་པའི་ཡུཀ་རེན་གྱི་སྲིད་གཞུང་མགོ་རྟིང་སློག་འཆར་ཡོད། ཨུ་རུ་སུའི་དམིགས་བསལ་དམག་དོན་ལས་འགན་ནི་ཌོན་བྷ་སི་མངའ་ཁུལ་བརྒལ་ནས་བསྒྲུབ་འཆར་ཡོད་ཅེས་དམག་འཁྲུག་རྒྱ་བསྐྱེད་རྒྱུའི་གསལ་བསྒྲགས་སྤེལ། གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མུ་མཐུད་དུ་དམག་དོན་རོགས་རམ་སྤྲོད་མ་ཐུབ་ན་ཨུ་རུ་སུའི་བཙན་འཛུལ་དམག་ཡུཀ་རེན་ནས་མཐར་སྐྲོད་གཏོང་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག