འགོ་ཁྲིད་ཚོས་ཡུཀ་རེན་གྱི་དམག་འཁྲུག་གི་ཉིན་དང་པོར་ཕྱིར་དྲན།

༄༅།། ༢༠༢༣་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ནི་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་གཅིག་འཁོར་བའི་དུས་དྲན་ཡིན་ཞིང་། དུས་དྲན་དེའི་ཆེད་དུ་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་འགོ་ཁྲིད་ཁག་དང་དམག་གི་འགོ་ཁྲིད་ཁག དེ་བཞིན་གསང་བའི་ལས་ཁུངས་ཁང་གི་འགོ་ཁྲིད་ཚོར་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་ཉིན་དང་པོར་ཉམས་མྱོང་ཅི་བྱུང་བཅར་འདྲི་ཞུས། བཅར་འདྲི་ཁག་ཅིག་ན་ནིང་དབྱར་ཁར་ཞུས་པ་དང་ཁག་ཅིག་ཟླ་བ་སྔོན་མར་ཞུས་འདུག ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཁག་དང་གྲོས་ཚོགས་འཐུས་མི། དམག་གི་འགོ་ཁྲིད་སོགས་ལ་བཅར་འདྲི་ཞུ་ཐབས་སུ་འབད་ཀྱང་དོན་མ་སོན།

༡ ཨེ་སི་ཊོ་ནི་ཡའི་སྲིད་བློན་ཀ་ཡ་ཀ་ལ།

ངས་བློན་ཆེན་ཚོར་ཁ་པར་ཁ་ཕྱེ་ནས་ཞོག ཅིའི་ཕྱིར་ཞེ་ན་དམག་འཁྲུག་འགོ་ཚུགས་ས་རེད། ང་ཚོས་སྲིད་གཞུང་གི་ཚོགས་འདུ་ཞིག་འཚོགས་དགོས་ཀྱི་རེད་ཅེས་བཤད་པ་ཡིན། ང་ཉལ་ཁ་དེར་ཁ་པར་འབྱོར་རྒྱུ་མིན་པ་དང་འབོད་བརྡ་མི་འབྱོར་བའི་རེ་བ་བཅངས་པ་ཡིན།

༢ དབྱིན་ཇིའི་སྲིད་བློན་ཟུར་པ་བྷོ་རི་སི་ཇཱོན་སན།

གསང་བའི་ལས་ཁུངས་ཁག་གིས་ཡུན་རིང་ནས་སྦིར་བསྒྲགས་བྱ་རྒྱུ་མང་དུ་ཕྱིན་སོང་། བཙན་འཛུལ་མ་བྱས་པའི་ཉིན་ཤས་སྔོན་ནས་ཨུ་རུ་སུའི་དམག་གིས་དམག་གྲྭ་སྒྲིག་གི་འདུག་ཅེས་གོ་ཐོས་བྱུང་། ང་ཚོས་དེར་ཆ་འཇོག་བྱེད་དགོས་མིན་ཡང་ཤེས་ཀྱི་མི་འདུག གལ་སྲིད་བཙན་འཛུལ་བྱུང་ན་ཆག་སྒོ་ཆེན་པོ་ཞིག་རེད། ངས་ཕུ་ཊིན་ལ་སྐད་ཆ་ཐེངས་གཞུག་མར་བཤད་པའི་སྐབས་དེར་ཁོ་པའི་སྐད་གདངས་མ་འདྲ་བ་ཞིག་འདུག དེ་དུས་ཁོ་པས་སེམས་བཅད་ཟིན་པ་འདྲ།

༣ ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག

དགོང་མོ་དེར་ང་ཚོས་ཅི་ཞིག་འབྱུང་རྒྱུ་ཡིན་པ་ཤེས་ཡོད། ང་ཚོས་མ་ཤེས་པ་དེ་དུས་ཚོད་ཏག་ཏག་དེ་ནམ་ཡིན་མིན་ཤེས་མ་བྱུང་། ངས་རང་གནས་སུ་ལས་བྱེད་པ་ཁག་ཅིག་གི་མཉམ་དུ་དགོང་ཟས་བཟོས་ཏེ་མཐའ་མཇུག་གི་གྲོས་སྡུར་བྱས་ནས་གྲ་སྒྲིག་བྱས་པ་ཡིན། ང་མལ་དུ་ཉལ་ཡང་མཚན་དེ་ཧ་ཅང་ཐུང་ཐུང་ཞིག་བྱུང་སོང་།།

༤ ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན།

ང་ཚོས་ཉིན་དེའི་ཞོགས་པར་ཕོ་བྲང་དཀར་པོའི་སྲིད་འཛིན་གྱི་ལས་ཁུངས་སུ་ཕར་ཚུར་འགྲོ་ཞོར་དང་འགྱིག་བྱི་རིལ་ལྡད་ཞོར་དུ་ཡུཀ་རེན་གྱི་གནད་དོན་ལ་ཚོགས་འདུ་རིང་པོ་ཞིག་ཚོགས་པ་ཡིན། ཕྱི་དྲོ་དེར་རྒྱལ་སྲུང་སློབ་སྟོན་ལྷན་ཁང་གི་འགོ་ཁྲིད་ཚོའི་མཉམ་དུ་ཨི་རན་གྱི་གནད་དོན་ལ་ཚོགས་འདུ་ཞིག་ཚོགས་པ་ཡིན། དེའི་གཞུག་ཏུ་རྒྱལ་སྲུང་སློབ་སྟོན་ཁང་གི་ལས་སྣེ་ཚོ་བསྡུས་ནས་བརྙན་ལམ་དུ་ཚོགས་འདུ་ཞིག་ཚོགས་པ་ཡིན། དེ་དུས་ཆུ་ཚོད་འགའ་ཞིག་གི་ནང་ཚུད་དུ་བཙན་འཛུལ་འབྱུང་རྒྱུ་ཡིན་པ་ང་ཚོས་སྔོན་ནས་དཔག་ཆ་ཚང་ཐུབ་སོང་།།

བཙན་འཛུལ་འགོ་བཙུགས་པ་དང་ཕུ་ཊིན་གྱིས་ཨུ་རུ་སུའི་བརྙན་འཕྲིན་ནང་དུ་དམིགས་བསལ་དམག་དོན་ལས་འགུལ་འགོ་བཙུགས་པ་ཡིན་ཞེས་བསྒྲགས། དབྱིན་ཇིའི་སྲིད་བློན་ཇཱོན་སན་གྱི་སློབ་སྟོན་པ་ཚོས་སྲིད་བློན་ཇཱོན་སན་གཉིད་དཀྲོགས། སྲིད་བློན་ཇཱོན་སན་གྱིས་ཕུ་ཊིན་ལ་དམིགས་ནས་ཁོའི་ཨ་ཕའི་རོ་ཞེས་དམོད་པ་བཙུགས།

༥ སྲིད་བློན་ཇཱོན་སན།

ང་ཕུ་ཊིན་ལ་སྐྱུར་མེར་ལོག་བྱུང་། ཁོ་པས་ཅི་ཞིག་བྱེད་ཀྱི་ཡོད་པར་སྐྱུག་མེར་ལོག་བྱུང་། ང་ཁོ་པའི་རྗོད་ཚིག་དང་སྐྱག་རྫུན། བཙན་འཛུལ་དང་ཡུཀ་རེན་ལ་མཐོང་ཆུང་གི་ལྟ་བ་དེར་ཞེན་པ་ལོག་བྱུང་། ངས་བྱ་སྤྱོད་དེ་ཕྱིན་ཅི་ལོག་པ་དང་ང་རྒྱལ་ཆེ་བ། རང་མཆོག་འཛིན་དང་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད་བསམས་བྱུང་།

དེ་དུས་ནེའུ་ཡོག་གྲོང་ཁྱེར་དུ་ཕྱི་ཟླ་༢་པའི་ཚེས་༢༣་གྱི་ཕྱི་དྲོ་ཡིན་ཞིང་། ཕུ་ཊིན་གྱིས་གཏམ་བཤད་བྱེད་ཀྱི་ཡོད་པའི་སྐབས་དེར་ཡུཀ་རེན་གྱིས་རེ་སྐུལ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ཛ་དྲག་གི་ཚོགས་འདུ་ཚོགས།

༦ རྒྱལ་ཚོགས་ཀྱི་ཨ་རིའི་རྒྱུན་བཞུགས་སྐུ་ཚབ་ཐོ་མ་སི་གྷེ་རིན་ཧྥིལ་ཌི།

ཚོགས་འདུའི་དཀྱིལ་དེར་མི་ཚང་མས་རང་རང་གི་ཁ་པར་ལ་བལྟས་ནས་མཛུབ་སྟོན་བྱེད་འགོ་ཚུགས་སོང་། ཡུཀ་རེན་གྱི་སྐུ་ཚབ་ཚོམས་ཆེན་གྱི་ཕར་ཕྱོགས་སུ་འདུག ཁོང་གིས་ང་ལ་བཙན་འཛུལ་འགོ་བཙུགས་འདུག་ཅེས་འཕྲིན་ཐུང་ཞིག་བཏང་བྱུང་། ངས་ཚོགས་ཁང་ནང་དུ་སྐོར་བ་བྱས་ནས་བལྟས་པ་ཡིན། མི་ཚང་མས་རང་རང་གི་ཁ་པར་ལ་བལྟས་ནས་བསྡད་འདུག ཨུ་རུ་སུའི་སྐུ་ཚབ་ལ་གཤམ་འོག་ལས་བྱེད་པ་ཞིག་གིས་ཁ་པར་ནང་གི་འཕྲིན་ཐུང་དེ་མ་བསྟན་བར་དུ་བཙན་འཛུལ་མགོ་བཙུགས་པ་ཤེས་མི་འདུག ཚོགས་ཁང་ཧྲིལ་པོ་ཧང་སང་སོང་། ངས་སྐབས་འགར་གླེན་འཐོམ་ཟེར་གྱི་ཡོད་ཀྱང་དེ་ནི་མིང་ཚིག་ཏག་ཏག་ཅིག་མ་རེད། ཚོགས་ཁང་ཧྲིལ་པོ་ཧོན་ཐོར་སོང་།

༧ ཨ་རིའི་དམག་དཔུའི་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མེ་ལི།

ང་ཚོ་ཚང་མ་རྒྱལ་སྲུང་ལྷན་ཁང་གི་ལས་ཁུངས་སུ་ཡོད། མི་ཚང་མས་ཅི་ཞིག་འབྱུང་རྒྱུ་ཡིན་པ་མ་ཤེས་པར་ཚ་གི་ཚི་གིར་གྱུར། དུས་ཚོད་དེ་གནད་འགག་ཆེན་པོ་རེད། དེ་ནས་བཙན་འཛུལ་བྱས་སོང་། ང་ཚོས་ཨུ་རུ་སུའི་དམག་གིས་སྔོན་ལ་འཕུར་མདེལ་དང་མེ་སྒྱོགས་འཕངས། མཁའ་འབབ་དམག་དཔུང་བཏང་སྟེ་ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དམག་གིས་མཉམ་དུ་ཕྱོགས་ཡོངས་ནས་གཏོང་རྒོལ་བྱ་རྒྱུ་རེད་བསམས་བྱུང་།

ཡུཀ་རེན་གྱི་ནང་སྲིད་བློན་ཆེན་གྱི་ཁ་པར་གྲགས་ནས་གཉིད་དཀྲོགས། ཁོ་ཚོའི་མཐའ་མཚམས་སྲུང་དམག་གི་འགོ་ཁྲིད་ཀྱིས་ཨུ་རུ་སུའི་དམག་གིས་བྱང་ཤར་ཕྱོགས་ནས་དཔུང་འཇུག་བྱེད་ཀྱི་འདུག ཁོ་ཚོ་རྒྱལ་ས་ཀིབ་ཕྱོགས་སུ་ཡོང་གི་འདུག་ཅེས་བརྡ་བརྒྱབ། ནང་སྲིད་བློན་ཆེན་གྱིས་སྲིད་འཛིན་ཛེ་ལན་ཀི་སི་ཀིར་ཁ་པར་བཏང་ནས་བཙན་འཛུལ་འགོ་བཙུགས་སོང་ཞེས་སྙན་སེང་ཞུས།

༨ ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི

ང་ཡར་ལངས་ནས་གྱོན་གོས་གོན་ཞོར་དུ་རང་གི་བུ་ཕྲུག་གཉིས་དང་ཡུཀ་རེན་གྱི་བྱིས་པ་ཚོའི་མགོ་ཐོག་ཏུ་མེ་ཤུགས་འཕུར་མདེལ་འཕུར་གྱི་ཡོད་པ་ཞིག་སེམས་ལ་དྲན་བྱུང་། ད་ནི་འཆི་སྐྱོན་ཚབས་ཆེན་ཕོག་ཡོད་པ་གསལ་པོ་རེད་དྲན་བྱུང་།

༩ ཛེ་ལན་སི་ཀིའི་སློབ་སྟོན་པ་ཨ་ར་ཀ་མི་ཡ།

ངས་དྲང་པོར་བཤད་ན་བཙན་འཛུལ་འབྱུང་གི་རེད་བསམས་མ་བྱུང་། ཐོ་རེངས་ཀྱི་ཆུ་ཚོད་༤་པ་ཡས་མས་སུ་ང་ལ་སྲིད་འཛིན་ཛེ་ལན་སི་ཀའི་སྤྱི་ཁྱབ་འགན་འཛིན་ཡར་མག་གིས་ཁ་པར་བཏང་བྱུང་། ང་ནི་སྐབས་དེར་གཉིད་ཀྱང་ཡག་པོ་ཞིག་སད་མེད། ཁོང་གིས་ང་ལ་བཙན་འཛུལ་འགོ་བཙུགས་སོང་། འཕྲལ་དུ་ལས་ཁུངས་སུ་ཤོག་ཟེར་བྱུང་། ངས་ཁོང་གིས་ཅི་ཞིག་བཤད་ཀྱི་ཡོད་པའང་ཤེས་མ་བྱུང་། སྔ་དགོང་དེར་ང་ཚོས་བཙན་འཛུལ་བྱུང་ན་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྱི་འཆར་གཞི་བསྒྲིགས་ཡོད། དེ་ནས་འཆར་གཞི་དེ་ལག་ལེན་བསྟར་ནས་ང་ཚོ་ཡིབ་ཁང་དུ་སྤོས་པ་ཡིན། ང་ཚོ་རྦད་དེ་ཡིབ་ཁང་དུ་ལུས། ང་ཟླ་བ་གཅིག་གི་རྗེས་སུ་ཕྱི་ལ་ཐེངས་དང་པོ་ཐོན་པ་ཡིན།

༡༠ ཡུཀ་རེན་གྱི་རྒྱལ་ཡོངས་བདེ་སྲུང་དང་རྒྱལ་སྲུང་དྲུང་ཆེ་ཌན་ནི་ལོབ།

ང་ཚོས་ཐག་གཅོད་བྱ་དགོས་པ་ཚང་མ་འཕྲལ་དུ་བྱས་པ་ཡིན། སྲིད་འཛིན་ལས་ཁུངས་ལ་དང་པོ་འབྱོར་མཁན་དེ་ནང་སྲིད་བློན་ཆེན་རེད། ང་ཨང་གཉིས་པ་ཡིན། ང་ཆུ་ཚོད་༥་དང་སྐར་མ་༡༡་ལ་འབྱོར་སོང་། ཞི་འཇམ་གྱི་རྣམ་པ་ཞིག་ལྡན་ཡང་སྲིད་འཛིན་གྱི་འོག་འཇུག་དཀར་པོ་ཞིག་གྱོན་ཡོད་པ་ཁྱད་མཚར་ཞིག་མཐོང་བྱུང་།

༡༡ ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝན།

སྤྱིར་བཏང་བྱས་ན་འདི་འདྲའི་ཛ་དྲག་གི་སྐབས་སུ་ཛ་དྲག་དེར་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཐད་ཆུ་ཚོད་མང་པོར་གྲོས་སྡུར་བྱ་དགོས་ཀྱི་རེད། འདི་ལ་སྔོན་ནས་ལས་དོན་རྣམས་བསྒྲུབས་ཟིན་ཡོད། ང་ཚོས་ཆུ་ཚོད་༢༣་དང་ཆུ་ཚོད་༤༨། ཆུ་ཚོད་༧༢་དང་ཆུ་ཚོད་༩༦་གི་མཚམས་སུ་ཅི་ཞིག་བསྒྲུབ་དགོས་པ་རྣམས་ཐོ་བཀོད་ནས་གྲ་སྒྲིག་བྱས་ཡོད།།

༡༢ ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མེ་ལི།

ང་ཚོ་དངངས་སྐྲག་ཅང་ལངས་མ་སོང་། ང་ཚོ་དམག་མི་རེད། འཐབ་འཁྲུག་དང་ཛ་དྲག་གི་དུས་སུ་བཀོད་འདོམས་བྱས་པ་རྣམས་ཚུལ་བཞིན་ལག་ལེན་བསྟར་ནས་དངངས་སྐྲག་ལང་གི་མ་རེད། བཙན་འཛུལ་མ་བྱུང་གོང་གི་ཉིན་ཤས་དང་བདུན་ཕྲག་འགའ་ཤས་ཀྱི་སྔོན་ནས་ལས་དོན་མཐའ་དག་ཐག་གཅོད་བྱས་ཟིན་ཡོད། ཁོ་ཚོས་བཙན་འཛུལ་བྱས་མ་ཐག་ཏུ་འཆར་གཞི་རྣམས་ལག་ལེན་བསྟར་བ་ཡིན།

༡༣ ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན།

ང་ནི་སྐབས་དེར་རང་ཁྱིམ་དུ་ཡོད། དགོང་མོའི་ཆུ་ཚོད་༡༠་དང་ཕྱེད་ཀ་ཙམ་ཡིན་ས་ཡོད། ང་ལ་དྲུང་ཆེ་འོག་མའི་སྤྱི་ཁྱབ་འགན་འཛིན་གཞོན་པས་ཁ་པར་བཏང་སྟེ་ཨུ་རུ་སུས་བཙན་འཛུལ་འགོ་བཙུགས་སོང་། སྔོན་ལ་འཕུར་མདེལ་རྒྱག་གི་འདུག་ཟེར་བྱུང་། ང་ཚོ་མང་ཆེ་བར་རང་ཁྱིམ་དུ་དར་སྐུད་བརྟན་པོའི་ཁ་པར་འབྲེལ་ལམ་དང་བརྙན་ལམ་སོགས་བཙུགས་ཡོད། ངས་རྒྱལ་སྲུང་སློབ་སྟོན་པར་སྐད་ཆ་གང་འཚམ་ཞིག་བཤད། ངས་སྐད་ཆ་མང་ཆེ་བ་རྒྱལ་སྲུང་དྲུང་ཆེ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ། ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཅས་ལ་བཤད་པ་ཡིན།

༡༤ ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊིན།

ང་དང་བྷ་ལིན་ཁེན། དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ། རྒྱལ་སྲུང་སློབ་སྟོན་པ་བཅས་ཀྱིས་ཅི་ཞིག་འབྱུང་གི་ཡོད་པ་རྣམས་མཉམ་དུ་ཁ་པར་བཏང་སྟེ་སྲིད་འཛིན་ལ་སྙན་སེང་ཞུས་ནས་དུས་ཡུན་ཅི་ཙམ་འགོར་བའང་ཤེས་མ་བྱུང་།

དབྱིན་ཇིའི་སྲིད་བློན་ཛེ་ལན་སི་ཀིར་ཁ་པར་གཏོང་མཁན་དང་པོ་དེར་གྱུར།

༡༥ དབྱིན་ཇིའི་སྲིད་བློན་བྷོ་རི་སི་ཇཱོན་སན།

ང་ལ་ཛེ་ལན་སི་ཀིས་ཅི་ཞིག་ཟེར་གྱི་འདུག་ཟེར་ན་གང་ཅིའི་གནས་སྟངས་ཧ་ཅང་ཚབས་ཆེན་རེད། ལྕགས་ཁྲབ་འཁོར་ལོ་རྣམས་ཕྱོགས་འགའ་ཞིག་ནས་རྒྱལ་ས་ཀིབ་ཕྱོགས་སུ་ཡོང་གི་འདུག ཡུཀ་རེན་གྱི་དམག་གིས་འགོག་རྒོལ་བྱེད་ཀྱི་ཡོད། ཁོ་ཚོར་ཞུམ་པ་མི་འདུག ང་ཚོར་རོགས་སྐྱོར་དགོས་ཀྱི་འདུག་ཟེར་བ་ལས། ཁོང་གིས་དཀོན་མཆོག་མཁྱེན། ང་ཚོར་དཔུང་འཇུག་བྱེད་ཀྱི་འདུག ད་ཅི་ཞིག་བྱེད་དགོས་པ་རེད་ཟེར་གྱི་མི་འདུག ཛེ་ལན་སི་ཀིས་ང་ཚོར་མཚོན་ཆ་རོགས་རམ་དགོས་ཀྱི་འདུག ཇཱོན་སན། མཚོན་ཆ་རོགས་རམ་བཀོད་སྒྲིག་བྱ་ཐབས་ཞིག་གནང་རོགས་ཟེར་གྱི་འདུག

༡༦ སྲིད་འཛིན་བྷ་ཌན།

དུས་ཚོད་དེ་ཝ་ཤིང་ཊོན་གྱི་མཚན་མོ་ཧ་ཅང་འཕྱི་བོ་ཞིག་རེད། ཨུ་རུ་སུའི་གནམ་གྲུ་རྣམས་འཕུར། འཛམ་གླིང་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་རེད། ངས་དེ་གསལ་པོར་དྲན་གྱི་འདུག ངས་ཛེ་ལན་སི་ཀིར་ཁ་པར་བཏང་ནས་སྲིད་འཛིན་སྐུ་ཞབས། དེ་ཕྱོགས་སུ་གང་འདྲ་འདུག ངས་ཁྱེད་ཚོར་བསྒྲུབ་དགོས་པ་ག་རེ་འདུག ངས་རོགས་སྐྱོར་ཅི་ཞིག་བྱེད་དགོས་ཀྱི་འདུག་ཅེས་དྲིས་པ་ཡིན། ཁོང་གིས་འཛམ་གླིང་གི་འགོ་ཁྲིད་ཚོ་སྡུས། ཁོ་ཚོར་ཡུཀ་རེན་ལ་རྒྱབ་སྐྱོར་བྱོས་ཞེས་སྐུལ་ལྕག་གཏང་རོགས་གནང་ཟེར་བྱུང་། ལོ་གཅིག་གི་སྔོན་གྱི་མུན་ནག་གི་མཚན་མོ་དེར་འཛམ་གླིང་ཀུན་པོས་རྒྱལ་ས་ཀིབ་འཆོར་རྒྱུ་རེད། གཅིག་བྱས་ན་ཡུཀ་རེན་མེད་པར་འགྱུར་རྒྱུ་རེད་བསམས་པ་རེད།

༡༧ དབྱིན་ཇིའི་སྲིད་བློན་ཇཱོན་སན།

ང་ནི་ཛེ་ལན་སི་ཀིའི་ལྷོད་ཆ་དང་རྣམ་རིག་ལ་ཧང་སང་སོང་། ངས་ཁོང་ལ་ཡུཀ་རེན་གྱི་སྲིད་གཞུང་ནུབ་ཕྱོགས་ཀྱི་ལེ་ཝི་གྲོང་དུ་སྤོར། ཅི་ཞིག་བྱས་ཀྱང་ཁྱེད་རང་ཨུ་རུ་སུར་འཛིན་དུ་འཇུག་མི་ཉན། ཁྱོད་ནི་བཙན་རྒོལ་གྱི་མཚོན་དོན་དང་ཁྱོད་ཀྱི་འགོ་ཁྲིད་འོག་ཡུཀ་རེན་གྱིས་འཐབ་རྒོལ་བྱ་དགོས། རྒྱལ་ས་སྤོར་རྒྱུ་དེར་ང་ཚོས་རོགས་སྐྱོར་བྱ་དགོས་པ་འདུག་གམ་ཞེས་དྲིས་པ་ཡིན། ཁོང་གིས་ང་ཚོར་སྐྱོན་མེད། ང་ཚོར་མཚོན་ཆ་དགོས་ཀྱི་འདུག་ཟེར་བྱུང་།

འཇར་མན་ཎིའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷ་རུ་ནོ་ཁཱལ་སྐབས་དེར་ཡུཀ་རེན་གྱི་རྒྱལ་སའི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་ཅིང་། ཁོང་སྔ་ཉིན་དེར་ཡུཀ་རེན་གྱི་རྒྱལ་སར་འབྱོར་ནས་དམག་འཁྲུག་གི་ཉེན་ཁ་ཡོད་པ་ཤེས། ཁོང་གིས་འཕྲལ་དུ་གནམ་གྲུ་འཇར་མན་ཎིར་ཕྱིར་སློག་བྱས། དེ་ལྟར་བྱས་དོན་ནི་གནམ་གྲུ་དེར་གཏོར་རྒོལ་མི་འཕོག་པའམ། ཡང་ན་ཨུ་རུ་སུས་འཕྲོག་མི་ཐུབ་པའི་ཆེད་དུ་རེད།

༡༨ འཇར་མན་གྱི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷུ་རུ་ནོ་ཁཱལ།

ངས་ད་དུང་ཡང་ཐོ་རེངས་དེའི་གནམ་གཤིས་གསལ་པོར་དྲན་གྱི་འདུག གནམ་གཤིས་གྲང་མོ་དང་གནམ་ངོ་ཐང་སྟེ་འཇར་མན་ཎི་གཅིག་གྱུར་མ་བྱུང་གོང་གི་ཤར་བྷར་ལིན་གྱི་དྲི་མ་ལྟ་བུ་ཞིག་ཐུལ་གྱི་འདུག འཕུར་མདེལ་གྱིས་མཚམས་ཚིགས་མེད་པར་གཏོར་རྒོལ་བྱས་པ་དེ་འདྲ་ནི་མ་རེད། མཚན་མོ་དེར་འབར་མདེལ་འགའ་ཞིག་འཕངས་པའི་རྗེས་སུ་འཇམ་ཐིང་ངེ་རེད།

༡༩ ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག

ང་ཚོས་ཡུ་རོབ་ལ་འགྱུར་བ་ཐེབས་རྒྱུ་དང་ཡུ་རོབ་ཀྱི་དེང་རབས་ལོ་རྒྱུས་སུ་ཆེས་མུན་ནག་གི་དུས་སྐབས་ཤིག་ཤར། མི་ལ་འཆི་སྐྱོན་ཕོག་སྟེ་ཚབས་ཆེའི་སྡུག་ལ་སྦྱར་རྒྱུ་ཡིན་པ་ཤེས་བྱུང་། བཙན་འཛུལ་རྒྱ་ཆེ་བ་ཁོ་ནས་གཏོར་རྒོལ་ཕོག་སྟེ་མི་ལ་སྡུག་བསྔལ་ཚབས་ཆེན་དང་སྲོག་སྐྱོན་འཕོག་རྒྱུ་ཡིན་པ་གསལ་པོ་རེད། ང་ལ་ཁོང་ཁྲོ་དང་སྐྱོ་སེམས་གཉིས་ཀའི་ཚོར་བ་ཞིག་སྐྱེས་བྱུང་།

༢༠ ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི།

ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བསམ་ཡུལ་ལས་འདས་པའི་གཏོར་རྒོལ་དང་མི་ལ་གནོད་འཚེ་ཅི་ཞིག་འཕོག་རྒྱུ་ཡིན་མིན་གྱི་བློ་འཚབ་འོག་ནས་ཐར་དཀའ་བ་ཞིག་བྱུང་སོང་། ཕུ་ཊིན་གྱིས་ཡུཀ་རེན་ལ་དབང་བསྒྱུར་ནན་པོ་བྱེད་པར་དྲག་གནོན་ཅི་ཙམ་བྱ་རྒྱུ་ཡིན་པ་གསལ་པོ་རེད།

༢༡ པོ་ལན་ཌིའི་སྲིད་བློན་མོ་ར་ཝི་ཡེ་སི་ཀི

ངས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཅིག་གི་སྲིད་བློན་ལ་སྐད་ཆ་བཤད་པ་གསལ་པོར་དྲན་གྱི་འདུག སྔོན་ཆད་ངས་ཁོང་ལ་ཁ་བརྡ་ལན་མང་བྱས་མྱོང་། ཁོང་གིས་ཨུ་རུ་སུས་བཙན་འཛུལ་བྱེད་སྲིད་ཀྱི་མ་རེད་ཟེར། ངས་ཁོང་ལ་ད་ཁྱེད་རང་ང་ལ་ཡིད་ཆེས་ཀྱི་འདུག་གམ་ཞེས་དྲིས་པ་ཡིན། ཁོང་གིས་ཡིད་ཆེས་ཀྱི་འདུག ཡིད་ཆེས་ཆ་ཚང་ཡོད། འདི་ནི་ཡུ་རོབ་དང་འཛམ་གླིང་གི་ལོ་རྒྱུས་ལ་འགྱུར་བ་ཐེབས་པའི་ཉིན་མོ་ཞིག་ཡིན་པར་རྩོད་པ་མེད། འདི་ས་ཁམས་ཆབ་སྲིད་ཀྱི་གོ་རྟོགས་སད་པ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཡོད་ཟེར་བྱུང་།

༢༢ ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལེ་བྷ།

ང་གནམ་གྲུའི་ནང་དུ་ཡོང་གི་ཡོད། བུད་མེད་ཅིག་དང་མོའི་ཁྱོ་ག་གཉིས་མཉམ་དུ་བསྡད་འདུག བུད་མེད་དེ་ངའི་འཁྲིས་སུ་ཡོང་ནས་ང་ཚོར་རྒྱལ་ས་ཀིབ་གྲོང་ཁྱེར་དུ་ཕྲུ་གུ་༣་ཡོད། ཕྲུ་གུ་ཚོ་མ་མ་ཞིག་ལ་བཅོལ་ཡོད། ང་དང་ཁྱོ་ག་གཉིས་ཏུར་ཀི་ལ་གུང་སེང་དུ་ཕྱིན་ནས་ལོག་ཡོང་གི་ཡོད། ང་ཚོར་ལམ་སྟོན་ཞིག་གནང་རོགས། ང་ཚོ་ཝོར་སོ་ལ་བསྡད་ནས་མ་མ་དེར་ཕྲུ་གུ་རྣམས་ཁྲིད་ནས་པོ་ལན་ཌིར་ཤོག་ཟེར་དགོས་པ་རེད་དམ། ང་ཚོ་རྒྱལ་ས་ཀིབ་ལ་ལོག་དགོས་པ་རེད་ཅེས་དྲིས་བྱུང་། སྐབས་དེར་ང་བློན་ཆེན་ཞིག་ཡིན་པའི་ཆ་ནས་ཕྲག་སྟེང་དུ་འགན་འཁྲི་ལྕི་མོ་ཞིག་བབས་སོང་། བུད་མེད་དུ་སོང་ཤུལ་དུ་ངའི་སེམས་སུ་ཡུཀ་རེན་བ་ས་ཡ་མང་པོས་དམག་འཁྲུག་གི་དཀའ་སྡུག་མྱོང་གི་ཡོད་པར་བསྡུར་ན་ངའི་སེམས་ངལ་འདི་ཆུ་ཐིགས་ཙམ་ཞིག་རེད་བསམས་བྱུང་།།

༢༣ སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་ཨ་ར་ཀ་མཱི་ཡ།

ཉིན་དང་པོ་དེའི་མཚམས་ཤིག་ལ་སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོ་ཚང་མ་ཡིབ་ཁང་དུ་བསྐོངས་བྱུང་། སྐུ་སྲུང་བ་ཚོ་བརྩིས་ན་ཧ་ལམ་མི་༡༢༠་ཙམ་འདུག སྲིད་འཛིན་གྱིས་སང་ཉིན་ནས་ང་ཚོ་ཕྱི་ལ་ཐར་མིན་ཡང་མི་ཤེས། མི་ཚང་མར་སོ་སོའི་འཚོ་བ་རེ་ཡོད་པ་རེད། ཁྱེད་ཚོ་འདིར་འདུག་རྒྱུ་ཡིན་ནམ། ཡང་ན་བཙན་ས་ཞིག་ཏུ་འགྲོ་རྒྱུ་ཡིན་མིན་ཐག་ཆོད་ཟེར་བྱུང་། ང་ལ་སྐབས་དེ་རྨི་ལམ་ལྟ་བུ་ཞིག་ཏུ་གྱུར་སོང་། ང་ཕར་ཕྱོགས་ཀྱི་ཁང་པའི་ནང་དུ་ཕྱིན་ནས་ཆུང་མར་ཁ་པར་བཏང་སྟེ་ང་ཚོས་ཅི་ཞིག་བྱ་དགོས་མིན་ཐག་ཆོད་ཟེར་གྱི་འདུག་ཅེས་གྲོས་སྡུར་བྱས་པ་ཡིན། མོས་ང་ལ་རྩེད་མོ་དང་སྦྲགས་ནས་མ་འོངས་པར་ངས་ཕྲུ་གུ་ཚོར་ཁྱེད་ཚོའི་ཨ་ཕས་དཔའ་རྟགས་བཞག་ནས་བསྡད་པ་རེད་ཅེས་འགྲེལ་བཤད་རྒྱག་ཐུབ་ཀྱང་ཨ་ཕ་བྲོས་ནས་ཕྱིན་པ་རེད་ཅེས་འགྲེལ་བཤད་རྒྱག་ཐུབ་ས་མ་རེད་ཟེར་བྱུང་།།

༢༤ ཡུཀ་རེན་གྱི་རྒྱལ་སྲུང་སློབ་སྟོན་པ་ཌན་ནི་ལོབ།

ངས་ཉིན་དེར་སྲིད་འཛིན་ལ་ཁ་བརྡ་རིང་པོ་ཞིག་བྱས་པ་ཡིན། ངས་རང་གི་ལྟ་ཚུལ་རྣམས་སྲིད་འཛིན་ཞུས་ནས་དམག་འཁྲུག་དེ་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་སོགས་ཆ་ཚང་ཞུས་པ་ཡིན། ང་ཚོར་རོགས་སྐྱོར་བྱེད་མཁན་སུ་གཅིག་ཡོང་གི་མ་རེད། དེའི་རྒྱུ་མཚན་ནི་ང་ཚོས་གནས་སྟངས་ཤེས་མཁན་ཡོད་པ་མ་རེད། ང་ཚོའི་ལས་འགན་ནི་བདུན་ཕྲག་གཉིས་གསུམ་ཞིག་ལ་གཉའ་མ་ཆག་པར་དགྲ་ལ་འཐབ་རྒོལ་བྱ་རྒྱུ་དེ་རེད། དེ་ནས་རིམ་གྱིས་རོགས་སྐྱོར་ཡོང་གི་རེད། རོགས་སྐྱོར་བསླེབས་པའི་རྗེས་སུ་རོགས་སྐྱོར་མང་དུ་འགྲོ་ཡི་རེད། དེའི་རྗེས་སུ་ང་ཚོར་ཟླ་གྲོགས་རག་སྟེ་རྒྱལ་ཁ་ཆེན་པོ་ཞིག་འཐོབ་ངེས་རེད་ཅེས་ཞུས་པ་ཡིན། ཛེ་ལན་སི་ཀིས་ང་ལ་གཟབ་ནན་གྱིས་མཉན་རྗེས་ཁྱོད་ཀྱིས་བལྟས་ན་དེ་ལྟར་འབྱུང་གི་རེད་དམ་ཞེས་དྲིས་བྱུང་། ངས་ཁོང་ལ་ཝོ་ལོ་ཌི་མིར་ཨོ་ལེཀ་སན་ཌི་རོ་ཝི་ཆི། ང་ཚོར་གདམ་ཀ་གཞན་པ་ཡོད་པ་མ་རེད་གདའ་ཞེས་ཞུས་པ་ཡིན།

༢༥ ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊིན།

ང་ཚོས་སྔོན་དཔག་བྱས་པ་ལྟར་བྱུང་སོང་། ཁོ་ཚོས་དམིགས་པ་གཏོད་ས་གཙོ་བོ་དེ་རྒྱལ་ས་ཀིབ་རེད། དམག་དཔུང་ཕོན་ཆེན་ཞིག་ལྷོ་ཕྱོགས་ནས་ཡོང་སྟེ་བྱང་ཕྱོགས་དང་ནུབ་ཕྱོགས་སུ་སྐྱོད་ཀྱི་འདུག ཁོ་ཚོ་ཡང་མཐའ་མཇུག་རྒྱལ་ས་ཀིབ་དམིགས་ནས་བསྐྱོད་རྒྱུའི་རྣམ་པ་ཐོན་སོང་། དེ་ནི་ང་ཚོས་སྔོན་ནས་ཚོད་དཔག་ཐུབ་ཡོད། ད་ང་ཚོས་ཡུཀ་རེན་གྱི་དམག་གིས་འགོག་རྒོལ་ཅི་ཙམ་བྱེད་ཐུབ་རྒྱུ་ཡིན་མིན་དང་ཁོ་ཚོར་འགོ་ཁྲིད་ཅི་ཙམ་ཡོད་མེད་ཐད་བློ་འཚབ་བྱུང་སོང་།

༢༦ ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི།

ང་ཚོས་འཕྲལ་དུ་ཡུཀ་རེན་གྱི་དམག་གིས་འགོག་རྒོལ་དྲག་པོ་བྱས་ནས་ནུས་པ་ཐོན་གྱི་ཡོད་པ་མཐོང་གི་འདུག ཨུ་རུ་སུའི་དམག་གིས་ཁུངས་འཁྱོལ་རྒྱུ་མིན་པའི་རྟགས་མཚན་ཁག་ཅིག་ཐོན་སོང་བས་ང་ཚོ་ཡ་མཚན་སྐྱེས་བྱུང་།།