ཨུ་རུ་སུ་དམར་ཤོག་གི་འགོ་ཁྲིད་མཐའ་མ་གྷོར་བྷ་ཆོབ་འདས་གྲོངས།

FILE - Soviet President Mikhail Gorbachev waves from the Red Square tribune during a Revolution Day celebration, in Moscow, Soviet Union, Nov. 7, 1989.

༄༅།། ཨུ་རུ་སུ་དམར་ཤོག་གི་འགོ་ཁྲིད་མཐའ་མ་གྷོར་བྷ་ཆོབ་ལོ་ན་༩༡་ཐོག་ཏུ་མོ་སི་ཀོའི་སྨན་ཁང་ཞིག་ཏུ་སྙུང་གཞིའི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག 

༄༅།། ཨུ་རུ་སུ་དམར་ཤོག་གི་འགོ་ཁྲིད་མཐའ་མ་གྷོར་བྷ་ཆོབ་ལོ་ན་༩༡་ཐོག་ཏུ་མོ་སི་ཀོའི་སྨན་ཁང་ཞིག་ཏུ་སྙུང་གཞིའི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༣༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དབུས་སྨན་ཁང་གི་ལས་སྣེ་ཚོས་མཱི་ཁེལ་གྷོར་བྷ་ཆོབ་ཡུན་རིང་གི་སྙུང་གཞིའི་སྟབས་ཀྱིས་མདང་དགོང་སྐུ་ཚེའི་འཕེན་པ་རྫོགས་སོང་ཞེས་གསལ་བསྒྲགས་སྤེལ། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ང་ཚོས་སང་ཉིན་གྷོར་བྷ་ཆོབ་དམ་པ་དེའི་བཟའ་མི་ཉེ་དུ་ཚོར་ཐུགས་གསོའི་གློག་འཕྲིན་ཞིག་གཏོང་ཆར་ཡོད་ཅེས་ཨིན་ཊར་ཧྥེཀ་སི་གསར་འགྱུར་ལས་ཁང་ལ་བཤད་འདུག

འཛམ་གླིང་གི་འགོ་ཁྲིད་ཚོས་འཕྲལ་དུ་གྷོར་བྷ་ཆོབ་དམ་པ་དེར་མྱ་ངན་དང་མཛད་རྗེས་ལ་བསྔགས་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་འགོ་ཚུགས། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨུ་རུ་སུའི་མང་ཚོགས་ཀྱིས་ལོ་མང་རིང་དཀའ་སྡུག་མྱངས་པའི་རྗེས་སུ་གྷོ་བྷ་ཆོབ་ཀྱིས་ཁ་ཙམ་མིན་པར་གུ་ཡངས་དང་བཅོས་བསྒྱུར། ཨུ་རུ་སུའི་མི་དམངས་མདུན་སྐྱོད་ཀྱི་ལམ་ཕྱོགས་སུ་ཁ་ལོ་བསྒྱུར་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལ་ཝོན་ཌེར་ལེ་ཡེན་གྱིས་གྷོར་བྷ་ཆོབ་ལ་༡༩༩༠་ཐམ་པ་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་མ་ཟད། ཁོང་གིས་ཡུ་རོབ་གླིང་ལ་རང་དབང་གི་སྒོ་མོ་ཕྱེ་པ་རེད་ཅེས་བསྔགས་བརྗོད་ཞུས། དབྱིན་ཇིའི་སྲིད་བློན་བྷོ་རི་སི་ཇཱོན་སན་ནས་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པར་སྐྱོན་བརྗོད་དང་གྷོར་བྷ་ཆོབ་ཀྱིས་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་དེར་གུ་ཡངས་བཏང་ནས་ཕྱི་ལ་སྒོ་མོ་ཕྱེ་པ་ནི་ཀུན་གྱི་མིག་དཔེར་བལྟ་འོས་ཞེས་བསྒྲགས།།

གྷོར་བྷ་ཆོབ་དམ་པ་དེའི་མཛད་རྗེས་ཆེ་ཤོས་ནི་ཨུ་རུ་སུ་དམར་ཤོག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བཅོས་བཏང་སྟེ་དམངས་གཙོའི་ཕྱོགས་སུ་བསྐྱོད། ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་ཉུང་འཕྲིའི་གྲོས་མཐུན་བཞག འཇར་མན་ཎི་ཤར་ནུབ་གཉིས་གཅིག་གྱུར་བྱེད་དུ་བཅུག་སྟེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གྲང་དམག་ལངས་ཡོད་མཇུག་བསྒྲིལ་མོད། འོན་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལྟ་བུའི་མི་རིགས་རིང་ལུགས་པ་ཚོས་གྷོར་བྷ་ཆོབ་ནི་ཨུ་རུ་སུའི་དམར་ཤོག་རྒྱལ་ཁབ་ཆེན་པོ་དེ་ཁ་གཏོར་གཏོང་མཁན་དང་ནུབ་ཕྱོགས་པའི་རྒྱུག་ཁྱི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ༢༠༠༥་ལོར་སྲིད་འཛིན་ཕུ་ཊིན་གྱིས་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་འཐོར་ཕྱིན་པ་ནི་དུས་རབས་༢༠་པའི་ས་ཁམས་ཆབ་སྲིད་ལ་དོ་ཕོག་བྱུང་བའི་ཆག་སྒོ་བླ་ན་མེད་པ་དེ་རེད་ཅེས་བཀྲལ། ༢༠༡༨་ལོར་ཕུ་ཊིན་གྱིས་ངས་སྒྲུབ་ཐུབ་ན་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་འཐོར་འགྲོ་རུ་འཇུག་ས་མ་རེད་ཅེས་གཏམ་བཤད་བྱས་ཤིང་། ད་ལོ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་རྗེས་སུ་གྷོར་བྷ་ཆོབ་ཀྱིས་འཛམ་གླིང་འདིར་སླར་ཡང་གྲང་དམག་གསར་པ་ཞིག་ལང་གི་འདུག་ཅེས་བློ་འཚབ་ཆེན་པོས་གླེང་སློང་བྱས་འདུག ཨུ་རུ་སུའི་གུ་ཡངས་ཚོགས་པའི་འགོ་ཁྲིད་ཟུར་པ་གྷེ་རི་གྷོ་རི་ཡབ་ལིན་སི་ཀིས་ང་ཚོའི་དུས་སྐབས་འདིར་གྷོར་བྷ་ཆོབ་ལྟར་ཨུ་རུ་སུ་དང་འཛམ་གླིང་མི་མང་དུང་ཕྱུར་མང་པོར་རང་དབང་སྤྲད་ནས་ཤུགས་རྐྱེན་ཐེབས་ཐུབ་ཡོད་པའི་འགོ་ཁྲིད་ནི་ཧ་ཅང་གི་ཉུང་ཉུང་ཅེས་བཤད།།

ཨ་རིའི་ཁར་ཎི་གྷི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཨན་ཌི་རེ་ཀོལ་སི་ནི་ཀོབ་ཀྱིས་གྷོར་བྷ་ཆོབ་དམ་པ་དེའི་སྐུ་ཚེ་ཧྲིལ་པོར་རང་དབང་གི་དོན་དུ་འཐབ་རྩོད་བྱས་ཀྱང་ཕུ་ཊིན་གྱིས་ནུས་པ་ཐོན་པའི་སྒོ་ནས་གྲུབ་འབྲས་དེ་རྣམས་རྨེག་མེད་དུ་བཅོམ་པ་རེད་ཅེས་བསྟན། ཨ་རིའི་ཨམ་ཧེར་ཛི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཝི་ལིམ་ཐུབ་མན་གྱིས་གྷོར་བྷ་ཆོབ་ནི་མི་བཟང་པོ་དང་ཚུལ་མཐུན་ཞིག་ཡིན་ཞིང་། ཁོང་གི་ཞན་ཆ་ནི་ཨུ་རུ་སུ་ལྟ་བུའི་རྒྱལ་ཁབ་ཅིག་ལ་འགོ་ཁྲིད་དགོས་པ་དང་མི་ཚུལ་མཐུན་ཡིན་རྒྱུ་མང་དྲགས་པས་རེད་ཅེས་བཤད། ༡༩༨༩་ལོར་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་སྐབས་སུ་གྷོར་བྷ་ཆོབ་ཀྱིས་དྲག་གནོན་བྱ་རྒྱུར་འཛེམས། དེར་བརྟེན་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་ཡོད་པའི་རྒྱལ་ཕྲན་བཅོ་ལྔས་གཅིག་རྗེས་གཉིས་མཐུད་དུ་རང་བཙན་གསལ་བསྒྲགས་བྱས་ནས་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་འཐོར་དུ་སོང་། ཨུ་རུ་སུའི་གུ་ཡངས་ཀྱི་རླུང་འཕྲིན་ཁང་ཞིག་གི་འགོ་ཁྲིད་ཨ་ལིཀ་སེ་ཝེ་ནེ་ཌིཀ་ཏོབ་ཀྱིས་གྷོར་བྷ་ཆོབ་སྐུ་ཚེ་མ་ཟིན་པར་ང་ཚོ་ད་ཕྲུག་ལྟར་ལུས་ཡོད་ཅེས་སྨྲེ་སྔགས་ཏོན། རླུང་འཕྲིན་ཁང་དེས་ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཨུ་རུ་སུའི་གཞུང་གིས་སྒོ་བརྒྱབ། གྷོ་བྷ་ཆོབ་ཀྱི་ཕུང་པོ་རྒྱལ་ས་མོ་སི་ཀོའི་ནོ་ཝོ་ཌེ་ཝི་ཆི་དུར་ཁྲོད་དུ་༡༩༩༩་ལོར་འདས་གྲོངས་སུ་གྱུར་པའི་ཆུང་མ་འདས་པོའི་འཁྲིས་སུ་དུར་འཇུག་འཆར་ཡོད་པའི་གནས་ཚུལ་ཐོན་འདུག