༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་དྲངས་ནས་བཙན་འཛུལ་བྱེད་དུ་བཅུག་སྟེ་ཟླ་བ་གཉིས་འཁོར་གྲབས་ཡོད་ཅིང་། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མིར་ཉིན་ལྟར་བསད་རྨས་ཚབས་ཆེན་འཕོག་གི་མཚམས་མི་ཆད། རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུ་སྔོན་ཆད་བྱུང་མྱོང་མེད་པའི་གྲོགས་མེད་ཁེར་རྐྱང་དུ་ལུས། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་ཁག་ཅིག་དམག་འཁྲུག་དེར་འཐད་པ་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༢༠་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་དེ་ཚོས་ལྐོག་ཏུ་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཐག་གཅོད་བྱས་པ་ནི་ནོར་འཁྲུལ་ཞིག་རེད་ཅེས་སྐྱོན་བཙུགས། ཁོ་ཚོ་ཨུ་རུ་སུའི་དམག་དང་གསང་བའི་ལས་ཁུངས་ཁག གཞུང་གཉེར་ཚོང་ལས་ཁུངས་ཁག་གི་གནད་ཡོད་མི་སྣ་ཁག་ཅིག་ཡིན་རུང་མི་གྲངས་ཤིན་ཏུ་ཉུང་། ཨུ་རུ་སུའི་ཆབ་སྲིད་ལ་རྒྱུས་མངའ་ཟབ་མོ་ཡོད་པའི་ནང་ཁུལ་གྱི་མཐོ་རིམ་ལས་སྣེ་བཅུ་ཐམ་པས་དམག་འཁྲུག་བསླངས་ཏེ་ཨུ་རུ་སུར་ཇུས་ཉེས་དང་ཆག་སྒོ་ཆེན་པོ་ཞིག་བྱུང་སོང་། ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུ་ལོ་བཅུ་ཕྲག་འགའ་ཞིག་ལྟག་ལོག་རྒྱག་ཏུ་འཇུག་གི་འདུག་ཅེས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ད་ལྟའི་ཆར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ལག་ལེན་བསྟར་གྱི་ཡོད་པའི་དམག་འཁྲུག་གི་སྲིད་ཇུས་དེར་འགྱུར་བཅོས་གཏོང་རྒྱུ་ཁག་པོ་ཡིན་པ་དང་མི་དེ་དག་གིས་ཕུ་ཊིན་ལ་དངོས་སུ་ཁ་གཏད་གཅོག་ཐུབ་རྒྱུ་ཡང་དཀའ་མོ་རེད་ཅེས་གླེང་སློང་འབྱུང་གི་ཡོད་པའི་གནས་ཚུལ་སྤེལ་འདུག
ཨུ་རུ་སུའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཉུང་ཤས་དེ་ཚོས་ཕུ་ཊིན་ནི་སློབ་སྟོན་པ་མཁྲེགས་འཛིན་ཅན་གཉིས་གསུམ་ཞིག་གིས་ཁ་ལོ་སྒྱུར་གྱི་འདུག མཐོ་རིམ་གཞུང་འབྲེལ་མི་སྣ་གཞན་ཚོས་ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཕམ་གྱོང་བསམ་ཡུལ་ལས་འདས་པ་འཕོག་གི་འདུག་ཅེས་བཤོལ་འདེབས་བྱས་ཀྱང་ཕུ་ཊིན་གྱིས་གཏན་ནས་ཉན་གྱི་མི་འདུག་ཅེས་བཀྲལ། དམག་འཁྲུག་ལ་འཐད་པ་མེད་པའི་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཉུང་ཤས་དེ་དག་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཕུ་ཊིན་འུ་ཐུག་ན་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་སྲིད་ཅེས་ཉེན་བརྡ་བཏང་བ་དོན་དངོས་སུ་འགྱུར་སྲིད་པའི་བློ་འཚབ་སྐྱེས། ཕུ་ཊིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འཐབ་འཁྲུག་མ་བརྒྱབ་ཐབས་མེད་རེད། ཨ་རི་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་ཀྱི་ཡོད་པའི་དཀའ་ངལ་འོག་ནས་རྣམ་པར་རྒྱལ་ཐུབ་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་རྒྱལ་ཡོངས་ཀྱི་འབྱོར་ལྡན་པ་མང་ཆེ་བས་རྒྱབ་སྐྱོར་དང་མོས་མཐུན་གྱི་རྣམ་འགྱུར་བསྟན། ཨུ་རུ་སུའི་མི་དམངས་ཀྱང་གཞུང་གི་དྲིལ་བསྒྲགས་ལ་མགོ་འཁོར་ནས་དམག་འཁྲུག་དེར་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་དམག་འཁྲུག་རྒྱུན་སྐྱོང་བྱེད་ན་དཔལ་འབྱོར་ཉམས་ཉེས་དང་ཨུ་རུ་སུ་ལོ་མང་རིང་གྲོགས་མེད་ཁེར་རྐྱང་དུ་ལུས་ངེས་རེད། མཐར་ཨུ་རུ་སུ་སྟོབས་ཟད་ནུས་མེད་དུ་གྱུར་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་མི་ཐུབ་པའི་ཚད་དེར་ལྷུང་གི་རེད་ཅེས་བཤད། ཨུ་རུ་སུའི་ཕྱུག་བདག་འགའ་ཤས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་ཡུཀ་རེན་ལ་དམག་འཁྲུག་རྒྱག་གི་ཡོད་པ་འདིར་དགེ་མཚན་མི་འདུག་ཅེས་གླེང་། ཡིན་ནའང་ཕྱུག་བདག་མང་ཆེ་བ་ཕུ་ཊིན་ལ་སྐྲག་ནས་འཛེམ་ཟོན་མེད་པར་དམག་འཁྲུག་ལ་ངོ་རྒོལ་བྱེད་མི་ཕོད། ཨུ་རུ་སུའི་ཉེན་རྟོག་པ་ཚོས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མི་མང་ཁྲི་ཚོ་འགའ་ཞིག་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་ཡོད་པའི་གནས་ཚུལ་ཐོན།།
ཨུ་རུ་སུའི་དབུས་གཞུང་གིས་ཨ་སྒོར་ཐེར་འབུམ་༦༤༠་ཐམ་པ་ཕྱི་རྒྱལ་གྱི་དངུལ་ཁང་ཁག་ཏུ་གསོག་འཇོག་བྱེད་ཡོད་པ་རྣམས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཀག་སྟེ་ལེན་མི་ཐུབ་པར་གྱུར། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ལོ་བཅུ་ཕྲག་མང་པོར་ཨུ་རུ་སུར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་གློ་བུར་དུ་སྒོ་བརྒྱབ། ཨུ་རུ་སུས་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུ་ཅི་ཙམ་ཤུགས་ཆེ་རུ་བཏང་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དེ་ཙམ་གྱིས་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་ཤུགས་ཇེ་ཆེ། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཉུང་ཤས་དེ་དག་གིས་ནུབ་ཕྱོགས་པའི་ཉེས་ཆད་འདིས་ལོ་བཅུ་ཕྲག་གཉིས་ལྷག་ལ་ཕུ་ཊིན་གྱིས་དཔལ་འབྱོར་ཡར་རྒྱས་བཏང་ནས་མི་མང་གིས་ཚད་མཐོའི་འཚོ་བ་ཞིག་རོལ་གྱི་ཡོད་པ་མེད་པར་གཏོང་ཤས་ཆེ་ཞེས་འགོག་ཐབས་སུ་འབད། ཕུ་ཊིན་གྱིས་རང་ལ་མི་དམངས་ཀྱི་རྒྱབ་སྐྱོར་ཡོད་པ་དང་ཨུ་རུ་སུའི་གཟི་བརྗོད་སླར་གསོ་བྱེད་ཀྱི་ཡོད་པར་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ནས་དཀའ་བ་ཁྱད་གསོད། ཨུ་རུ་སུར་གནས་སྐབས་རིང་དཀའ་ངལ་འཕྲད་ཀྱང་གདོང་ལེན་བྱེད་ཐུབ་སྙམ་པའི་གདེང་ཚོད་བཅངས། ཨུ་རུ་སུ་རྒྱལ་ནང་གི་དངུལ་སྒོར་རྣམས་ཕྱི་ལ་འཁྱེར་དུ་མ་བཅུག་པ་དང་དངུལ་ལོར་རུ་བྷུལ་གྱི་འཛའ་ཐང་ཆག་པ་སླར་གསོ། ད་སྔ་ཨུ་རུ་སུའི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་ཞིག་མ་བྱུང་། ཨུ་རུ་སུའི་དངོས་ཟོག་གི་རིན་གོང་འཕར་གྱི་ཡོད་པ་གཅིག་པུས་ཕུ་ཊིན་གཉའ་གཅོག་མ་ཐུབ། ཕུ་ཊིན་གྱི་འཆར་གཞི་ལྟར་ཡུཀ་རེན་རྒྱལ་ཡོངས་ལེན་མ་ཐུབ་ཀྱང་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཌོན་བྷ་སི་མངའ་ཁུལ་ཧྲིལ་པོ་བཙན་འཕྲོག་བྱ་རྒྱུའི་རྣམ་པ་ཐོན། ད་ཐེངས་ཀྱི་དམག་འཁྲུག་འདི་ཕུ་ཊིན་དང་རྒྱལ་སྲུང་བློན་ཆེན་ཤོ་གུ དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གྷེ་ར་ས་མོབ་དང་ཨུ་རུ་སུའི་བདེ་འཇགས་ལྷན་ཁང་གི་དྲུང་ཆེ་པེ་ཊི་རུ་ཤེབ་སོགས་མི་ཉུང་ཤས་ཤིག་གིས་ཐག་བཅད། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་མང་ཆེ་བར་གྲོས་སྡུར་བྱས་མེད་པའི་གནས་ཚུལ་ཐོན་འདུག
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་བློས་ཐུབ་གྲོགས་པོ་མང་དག་ཅིག་གློ་བུར་དུ་འདས་གྲོངས་སུ་གྱུར་པ་དང་བཙོན་དུ་བཅུག ཁོ་ཚོ་སྤྱི་དམངས་ཀྱི་མིག་ལམ་དུ་མཐོང་རིག་མེད་པར་གྱུར། གཟའ་འཁོར་སྔོན་མར་ཕུ་ཊིན་གྱིས་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་གསང་ཉུལ་༡༥༠་འཛིན་ལྷག་བཟུང་། ཨུ་རུ་སུའི་མིག་མངས་རྩེད་འགྲན་པ་གྲགས་ཅན་ཀ་སི་པ་རོབ་ཀྱིས་ཡུཀ་རེན་གྱི་དམག་འཁྲུག་ལ་ཇུས་ཉེས་བྱུང་ནས་ཕུ་ཊིན་མགོ་རྟིང་སློག་རྒྱུའི་ཉེན་ཁ་འདུག ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་བཟུང་སྟེ་ཨུ་རུ་སུའི་དམག་མི་༢༡༠༠༠་ཡས་མས་ཤིག་གི་ཚེ་སྲོག་ཤོར་ཡོད་པ་རེད། ཁོ་ཚོའི་གྲས་སུ་དམག་སྤྱི་༨་དང་དམག་དཔུང་བཀོད་འདོམས་པ་༤༠་ལྷག་འདུག་ཅེས་བསྟན། ཨུ་རུ་སུའི་ཉམས་ཞིབ་མཁས་པ་རོ་བྷར་ཊི་ཨིང་ལི་ཤི་ཟེར་བ་ཞིག་གིས་ཚོང་ལས་ནང་ཚགས་གསར་ཁང་ལ་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་མིར་ཕམ་ཉེས་འབྱུང་གི་ཡོད་པའི་ལན་ཁག་རྣམས་གཤམ་འོག་གི་ལས་སྣེ་ཚོར་དཀྲི་ཡི་འདུག དེ་ནི་ཁོ་པར་བདེན་གཏམ་ཉན་འདོད་མེད་པའི་རྟགས་མཚན་རེད་ཅེས་བཤད། ལོ་ན་༦༢་ལ་སོན་པའི་ཨུ་རུ་སུའི་ཚོང་པ་སྐད་གྲགས་ཅན་དང་ཕུ་ཊིན་གྱི་སྡང་དགྲ་ནེབ་ཛི་ལིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་ཤོ་གུ་སྙིང་རྩ་འགག་ཡོད་པའི་གནས་ཚུལ་ཞིག་གོ་རྒྱུ་འདུག ད་ལྟ་རྒྱལ་སྲུང་བློན་ཆེན་ཤོ་གུ་སྨན་ཁང་དུ་མྱུར་སྐྱོབ་བྱེད་ཀྱི་ཡོད་ས་རེད། ཁོ་པར་འཆི་སྐྱོན་མ་བྱུང་ཡང་སྔར་བཞིན་ཕུ་ཊིན་གྱི་བློས་ཐུབ་ནང་ཚགས་ཤིག་ལ་འགྱུར་དཀའ། རྒྱལ་སྲུང་བློན་ཆེན་ཤོ་གུའི་སྙིང་རྩ་འགགས་པ་ནི་རང་བཞིན་གྱི་ན་ཚ་ཞིག་མ་རེད། ཕྱི་ཟླ་༤་པའི་ཚེས་༡༣་ཉིན་ཕུ་ཊིན་གྱིས་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོ་དྲྭ་ལམ་དུ་ཚོགས་འདུར་བསྐོངས་པའི་སྐབས་ཀྱི་རྒྱལ་སྲུང་བློན་ཆེན་ཤོ་གུའི་གཟུགས་བརྙན་དེ་རྫུན་མ་རེད་ཟེར་གྱི་འདུག་ཅེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།
ཉེ་དུས་ཤིག་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཤི་བའི་ཨུ་རུ་སུའི་དམག་མི་འདས་པོ་རྣམས་ཀྱི་ཕ་མ་སྤུན་མཆེད་དང་བཟའ་ཟླ། གྲོགས་པོ་གྲོགས་མོ་སོགས་ཀྱིས་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༡༩་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་མཚོ་ནག་མངའ་ཁུལ་དུ་ཨུ་རུ་སུའི་མཚོ་དམག་གི་གཙུག་རྒྱན་ལྟ་བུར་ངོས་འཛིན་བྱས་པའི་མོ་སི་ཀ་བྷ་དམག་གྲུ་དེར་གཏོང་རྒོལ་ཕོག་ནས་མཚོ་ནང་དུ་ཐིམ། དམག་གྲུའི་ནང་དུ་མཚོ་དམག་༥༠༠་ལྷག་ཡོད་པའི་ཁོངས་ནས་དམག་མི་༡༠༠་ལྷག་སྐྱོབ་ཐུབ་ཡོད་ཀྱང་དམག་མི་༤༠༠་ལྷག་འཆི་གསོན་ཅི་ཡིན་ཨུ་རུ་སུའི་གཞུང་གིས་གསལ་བཀྲོལ་བྱེད་ཀྱི་མེད་པས་ཕ་མ་དང་སྤུན་མཆེད། བཟའ་ཟླ་དང་ཉེ་འབྲེལ་སོགས་ཀྱིས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ཡུ་ལི་ཡ་ཚི་ཝོ་ཝ་ཞེས་པའི་ཨ་མ་ཞིག་གིས་ངའི་བུ་ལོ་༡༩་ཅན་དེ་མོ་སི་ཁ་བྷ་དམག་གྲུའི་ནང་དུ་ཡོད། ཁོ་པ་དམག་ཁྲལ་རྒྱུག་པར་མཚོ་དམག་ཁོངས་སུ་ཞུགས་པ་རེད། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ང་ཚོར་འགྲེལ་བཤད་ཅི་ཡང་རྒྱག་གི་མི་འདུག ངའི་བུ་ཏན་ཏན་ཤི་ཚར་བ་དེ་དག་གི་གྲས་སུ་ཡོད་ངེས་རེད་ཅེས་གསར་འགོད་པར་སྡུག་སྐད་བརྒྱབ། ཌི་མི་ཊི་རི་ཤེཀ་རེ་བེ་ཊི་ཞེས་པའི་ཨ་ཕ་ཞིག་གིས་ངའི་བུ་ཡེ་གྷོར་དམག་གྲུའི་ནང་གི་མ་བྱན་ཞིག་ཡིན། ངའི་བུ་གར་སོང་ཆ་མེད་དུ་གྱུར་པའི་ཐོ་གཞུང་དུ་འཁོད་འདུག སློབ་གྲྭ་ནས་དམག་ཁྲལ་རྒྱུག་གི་ཡོད་པ་ཞིག་གཡུལ་སར་གཏོང་ག་ལ་རུང་། རྒྱ་མཚོའི་ནང་དུ་གར་སོང་ཆ་མེད་དུ་གྱུར་པ་རེད་ཟེར་སྲོལ་ཞིག་ཡོད་དམ་ཞེས་དྲིས། ཡེ་གྷོར་གྱི་ཨ་མས་ང་སྨན་ཁང་དུ་ཕྱིན་པ་ཡིན། མེར་སྲེག་ཐེབས་ཏེ་ངོ་ཐག་ཆོད་དཀའ་བའི་མི་༢༠༠་ཡས་མས་ཤིག་གི་ཕུང་པོ་མཐོང་བྱུང་། ངའི་ཕུང་པོ་ཚང་མར་ཞིབ་ལྟ་བྱས་ནས་བཙལ་ཡང་ཡེ་གྷོར་གྱི་ཕུང་པོ་རྙེད་མ་སོང་། ངས་མཐོང་བ་ནི་ཕུང་པོ་༢༠༠་ཡས་མས་ཤིག་རེད། མོ་སི་ཀ་བྷ་དམག་གྲུའི་ནང་དུ་མི་༥༠༠་ལྷག་ཡོད་པ་རེད། མི་གཞན་རྣམས་གང་དུ་ཕྱིན་པ་རེད་ཅེས་འདྲི་རྩད་བྱས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག