༄༅།། རྒྱ་གར་གྱི་ཧེ་དྷ་ར་བྷ་དྷའི་ཡུལ་མི་མྷོ་མེ་དཱ་ཨབ་སན་ཞེས་པ་ཞིག་ཨུ་རུ་སུའི་གླས་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་སར་བསད། བདུན་ཕྲག་སྔོན་མར་རྒྱ་གར་གྱི་སུ་ར་ཏ་གྲོང་ཁྱེར་གྱི་ཡུལ་མི་ཧ་མིལ་མན་གུ་ཀི་ཡ་ཞེས་པ་ཞིག་ཀྱང་ཡུཀ་རེན་གྱི་དམག་སར་བསད་པའི་གནས་ཚུལ་ཐོན། ཕྱི་ཟླ་༣་པའི་ཚེས་༧་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་གིས་ཨེག་སི་དྲྭ་ཚིགས་སུ་ལོ་ན་༣༠་ཐམ་པར་སོན་པའི་རྒྱ་གར་བ་མྷོ་མེ་དཱ་ཨབ་སན་ལ་སྲོག་སྐྱོན་ཕོག་འདུག ང་ཚོས་འདས་པོ་དེའི་བཟའ་མི་རྣམས་དང་ཨུ་རུ་སུའི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོར་འབྲེལ་བ་བྱེད་ཀྱི་ཡོད། རྒྱ་གར་གཞུང་ཚབ་ཁང་གིས་འདས་པོ་དེའི་ཕུང་པོ་རང་ཡུལ་དུ་འཕྲོད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ།།
རྒྱ་གར་གཞུང་ཚབ་ཁང་གི་འཕྲིན་ཐུང་དེར་མྷོ་མེ་དཱ་ཨབ་སན་ལ་མེ་མདའི་མདེའུ་ཕོག་ནས་རྨས་སྐྱོན་བྱུང་སྟེ་དྲག་སྐྱེད་མ་བྱུང་བར་གྲོངས་པ་རེད་ཅེས་འཁོད། ཡིན་ནའང་རྒྱ་གར་བ་དེ་ཇི་ལྟར་རྨས་པ་དང་ཨུ་རུ་སུའི་གླས་དམག་ཁོངས་སུ་སུས་བསྡུས་མིན། རྒྱ་གར་བ་གླས་དམག་དེ་ཡུཀ་རེན་གྱི་དམག་སར་དུས་ཡུན་ཅི་ཙམ་བསྡད་ཡོད་མེད་བཅས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་ཁ་མ་ཐོན། ཧེ་དྷ་ར་བྷ་དྷའི་རི་དམར་བྷ་ཛར་གྷ་ཊི་ཁུལ་དུ་གནས་འཁོད་ཨབ་སན་གྱི་བཟའ་མི་ཚོ་སེམས་སྡུག་གིས་མནར་ནས་གཏམ་ངན་དེ་བདེན་པོ་ཡིན་པར་ཡིད་མ་ཆེས། ཨབ་སན་གྱི་སྤུན་མཆེད་མྷོ་མེ་དཱ་ཨིམ་རན་་གྱིས་རྒྱ་གར་གཞུང་ཚབ་ཁང་ལ་ཡིག་ལན་བྲིས་ནས་ངའི་སྤུན་མཆེད་ཤི་བའི་དཔང་རྟགས་ཅི་ཞིག་ཡོད། ང་ཚོས་དྲྭ་ལམ་གྱི་འཕྲིན་ཐུང་ཞིག་ལ་ཡིད་ཆེས་ཇི་ལྟར་བྱེད་ཐུབ། ཁྱེད་ཚོར་ཨུ་རུ་སུའི་དམག་གིས་ཡི་གེ་སྤྲད་བྱུང་ངམ། ངའི་སྤུན་མཆེད་ཤི་བའི་དཔང་ཡིག་གམ། ཡང་ན་ཨུ་རུ་སུའི་དམག་གིས་སྤྲད་པའི་དཔང་ཡིག་སྟོན་རྒྱུ་ཡོད་དམ་ཞེས་དྲིས།།
ཕྱིས་སུ་ཨིམ་རན་གྱིས་རྒྱ་གར་དུས་བབ་ཚགས་པར་གྱི་གསར་འགོད་པར་ང་ལ་མོ་སི་ཀོར་བཅའ་སྡོད་རྒྱ་གར་གཞུང་ཚབ་ཁང་གིས་ཁ་པར་འབྱོར་བྱུང་། ངའི་སྤུན་མཆེད་དམག་སར་བསད་པ་ངེས་གཏན་བྱེད་ཀྱི་འདུག ཨབ་སན་ཨུ་རུ་སུའི་གླས་དམག་ཁོངས་སུ་བསྡུ་མཁན་བར་པ་དེས་ངའི་སྤུན་མཆེད་གསོན་གནས་ཡིན་པ་དང་བདུན་ཕྲག་རྗེས་མའི་གཟའ་མིག་དམར་བར་དུ་འཚོ་གནས་ཡིན་པའི་དཔང་རྟགས་ཤིག་རག་ཐབས་བྱ་རྒྱུ་ཡིན་ཟེར་བྱུང་ཞེས་བཀྲལ། ཁ་སྔོན་ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་ཨབ་སན་གྱིས་བཟའ་མི་ཚོར་ཁ་པར་ཞིག་བཏང་བ་དེ་ནས་བཟུང་སྟེ་གོ་ཐོས་མེད་པར་གྱུར། ཁོ་པའི་ཤུལ་དུ་ཆུང་མ་དང་ལོ་གཅིག་ཡས་མས་རེའི་ཕྲུ་གུ་གཉིས་ལུས་ཡོད་ཅིང་། ཨབ་སན་གྱི་བཟའ་མི་ཚོས་བར་པ་ཞིག་གིས་ཨབ་སན་ལ་རྒྱལ་ས་མོ་སི་ཀོར་སྐྱེལ་འདྲེན་ལས་རོགས་ཀྱི་ལས་ཀ་ཞིག་འདུག ཟླ་བ་རེར་གླ་ཕོགས་ཧིན་སྒོར་འབུམ་༡་དང་ཕྱེད་ཀ་རེ་སྤྲོད་འདུག་ཅེས་མགོ་སྐོར་བཏང་ནས་ཁྲིད་པ་རེད་ཅེས་སྐྱོན་བཙུགས།།
ཨིམ་རན་གྱིས་ངའི་སྤུན་མཆེད་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་འབྱོར་བའི་རྗེས་སུ་དམག་གི་མཉམ་དུ་མདུན་སར་བསྐྱོད་དགོས་ཟེར་འདུག ཐོག་མར་དེར་ཁོ་པར་མགོ་སྐོར་བཏང་ནས་བཙན་གྱིས་དམག་སར་ཁྲིད་པ་རེད། གཉིས་པ་དེར་ཨབ་སན་ལ་དགོས་ངེས་ཀྱི་དམག་སྦྱོང་དང་འཐབ་འཁྲུག་གི་མཐུན་རྐྱེན་རྣམས་མ་སྤྲད་པར་སྲོག་མགོ་མ་ཐོན་པ་རེད། ཨབ་སན་ནི་ཚོང་ལས་སློབ་སྦྱོང་བྱས་ནས་ཧེ་དྷ་ར་བྷ་དྷ་གྲོང་ཁྱེར་དུ་སྐྱེས་པའི་གྱོན་གོས་འཚོང་མཁན་ཞིག་ཡིན་ཞེས་སྨྲས། ཨབ་སན་དང་འདྲ་བར་རྒྱ་གར་གྱི་ཏེ་ལན་གྷ་ན་མངའ་སྡེ་དང་ཀསྨིར། ཀར་ན་ཊ་ཀ་སོགས་མངའ་སྡེ་ཁག་གི་ཕོ་གསར་ཚོ་གླ་ཕོགས་དང་ལས་ཀའི་གོ་སྐབས་ལ་ཧབ་ལངས་ནས་ཨུ་རུ་སུའི་གླས་དམག་ཁོངས་སུ་ཞུགས། ཨུ་རུ་སུའི་དམག་ལ་གླས་དམག་བསྡུ་མཁན་བར་པ་ཚོས་མི་རེའི་ལག་ནས་བར་ཚ་ཧིན་སྒོར་འབུམ་༣་དང་ཕྱེད་ཀ་རེ་བླངས། ཁོ་ཚོས་རྒྱ་གར་བ་ཕོ་གསར་དེ་ཚོར་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་ལ་འཐབ་འཁྲུག་རྒྱག་ཏུ་བསྐྱོད་དགོས་པ་རེད་ཅེས་སྐད་ཆ་ཚིག་གཅིག་བཤད་མེད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་དུས་བབ་ཚགས་པར་ལ་སླར་ཡང་གནས་ཚུལ་ཐོན་པ་ལྟར་ན། ཨབ་སན་ལ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན་པའི་རྗེས་སུ་ཏེ་ལན་གྷ་ན་མངའ་སྡེའི་ཕོ་གསར་ལོ་ན་༢༢་ལ་སོན་པའི་མྷོ་མེ་སུ་ཧྥི་ཡན་ཟེར་བ་ཞིག་ཨུ་རུ་སུའི་གླས་དམག་ཁོངས་སུ་ཞུགས་ཏེ་བཟའ་མི་ཚོར་བློ་འཚབ་བྱུང་། སུ་ཧྥི་ཡན་གྱི་སྤུན་མཆེད་སལ་མན་(Salman)་གྱིས་ངས་རང་གི་སྤུན་མཆེད་དང་ཨུ་རུ་སུའི་གླས་དམག་ཁོངས་སུ་ཞུགས་ཡོད་པའི་རྒྱ་གར་བ་རྣམས་རང་ཡུལ་དུ་ལེན་ཐབས་བྱ་དགོས་ཞེས་གཞུང་འབྲེལ་མི་སྣ་ཚོར་འབོད་སྐུལ་ལན་མང་ཞུས་པ་ཡིན། ང་ཚོའི་འབོད་སྐུལ་ལ་ཉན་འཇོག་བྱེད་མཁན་སུ་ཡང་མི་འདུག་ཅེས་འཁང་ར་བཤད། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་གར་བྱང་ཕྱོགས་ཀྱི་ཕོ་གསར་ཁག་ཅིག་གིས་ང་ཚོར་མགོ་སྐོར་བཏང་ནས་ཨུ་རུ་སུའི་དམག་ཁོངས་སུ་བཅུག་པ་རེད། རྒྱ་གར་གཞུང་གིས་ང་ཚོ་རང་ཡུལ་དུ་ལེན་ཐབས་བྱོས་ཞེས་འབོད་སྐུལ་གྱི་སྙན་ཐུང་ཞིག་བཟོས་ཏེ་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་ལ་བསྐུར།།
ལྡི་ལི་གསར་པ་བརྙན་འཕྲིན་ཁང་གིས་བརྙན་ཐུང་དེ་དྲྭ་ལམ་དུ་བཀྲམ་པ་དང་རྒྱ་གར་བ་༧་ཁང་ཆུང་ནག་ཁུང་ཞིག་གི་ནང་དུ་འདུས། ཁོ་ཚོས་ཨུ་རུ་སུའི་དམག་ཆས་གྱོན་ནས་གདོང་ལ་ངལ་དུབ་ཀྱི་ཉམས་ཤིག་ཤར། ཁོ་ཚོ་ན་ནིང་ཕྱི་ཟླ་༡༢་པའི་ཚེས་༢༧་ཉིན་ཨུ་རུ་སུར་ཕྱི་ལོ་གསར་པའི་དགའ་སྟོན་གྱི་སྤྲོ་འཆམ་དུ་བསྐྱོད། ཕྱི་ལོ་གསར་པའི་རྗེས་སུ་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལོ་རུ་སིར་ལྟ་སྐོར་དུ་བསྐྱོད་རྒྱུའི་གྲོས་ཁ་མཐུན། རྒྱ་གར་བ་ཧར་ཤཱ་ཞེས་པ་ཞིག་གིས་ང་ཚོ་ཡུལ་སྐོར་སྤྲོ་འཆམ་སྣེ་ཤན་པ་ཞིག་གིས་བྷེ་ལོ་རུ་སིར་འཁྲིད་དགོས་ཟེར་བྱུང་། ང་ཚོས་བྷེ་ལོ་རུ་སིར་བསྐྱོད་ན་ཐོངས་མཆན་ཞུ་དགོས་པ་ཤེས་མ་བྱུང་། ང་ཚོ་བྷེ་ལ་རུ་སིར་བསླེབས་པའི་རྗེས་སུ་སྣེ་ཤན་པས་ང་ཚོའི་ལག་ནས་དངུལ་སྒོར་འཐོལ་པ་བླངས། ཁོ་པ་གར་སོང་ཆ་མེད་དུ་བརླགས་ཏེ་ང་ཚོ་བདག་མེད་དུ་བསྐྱུར་ནས་བྷེ་ལོ་རུ་སིའི་ཉེན་རྟོག་པའི་ལག་ཏུ་ཐེབས་སོང་ཞེས་འགྲེལ་བཤད་བརྒྱབ།།
ཧར་ཤཱས་བརྙན་ཐུང་དེའི་ནང་དུ་ང་ཚོ་བྷེ་ལོ་རུ་སིའི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཨུ་རུ་སུར་རྩིས་སྤྲོད་བྱས་བྱུང་། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ང་ཚོར་གླས་དམག་ཁོངས་སུ་ཞུགས་དགོས་པའི་གན་རྒྱ་ཞིག་ལ་མིང་རྟགས་འགོད་དུ་བཅུག་སྟེ་ཡུཀ་རེན་ལ་བཏང་སོང་ཞེས་བྱུང་རིམ་རྣམས་གསལ་བཀྲོལ་བྱས་འདུག ལྡི་ལི་གསར་པ་བརྙན་འཕྲིན་ཁང་གིས་ཧར་ཤཱའི་བཟའ་མི་ཚོར་འབྲེལ་བ་བྱས་པ་དང་ཧར་ཤཱའི་ཨ་མས་ངའི་བུ་ཕྱི་རྒྱལ་ལ་ལས་ཀ་འཚོལ་དུ་ཕྱིན་པ་རེད། ཁོ་ཚོ་ཨུ་རུ་སུའི་དམག་མིས་འཛིན་བཟུང་བྱས་ནས་གླས་དམག་ཁོངས་སུ་མ་ཞུགས་ན་ལོ་༡༠་ལ་བཙོན་འཇུག་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་འདུག ངའི་བུ་ལ་བཙན་གྱིས་དམག་སྦྱོང་སྤྲད་ནས་ཡུཀ་རེན་ལ་དམག་འཁྲུག་རྒྱག་ཏུ་བཏང་བ་རེད། ངས་རྒྱ་གར་གཞུང་ལ་ཧར་ཤཱ་རང་ཡུལ་དུ་ལེན་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག
ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༩་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རན་དྷིར་ཇཱེ་ས་ཝལ་གྱིས་རྒྱ་གར་བ་༢༠་ཡས་མས་ཤིག་ཨུ་རུ་སུའི་གླས་དམག་ཁོངས་སུ་ཞུགས་ཡོད་ས་རེད། ཁོ་ཚོ་ཡུཀ་རེན་གྱི་དམག་ས་ཁག་ནས་རང་ཡུལ་དུ་ཕྱིར་ལོག་བྱེད་མ་ཐུབ་པར་ལུས་འདུག ང་ཚོས་རང་གི་སྤྱི་དམངས་དེ་རྣམས་ལེན་ཐབས་བྱེད་ཀྱི་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཨུ་རུ་སུའི་གླས་དམག་ཁོངས་སུ་ཞུགས་ཡོད་པའི་རྒྱ་གར་བ་ཚོས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་ང་ཚོར་གླ་ཕོགས་ཆེན་པོ་དང་ཨུ་རུ་སུའི་སྤྱི་དམངས་ཐོབ་ཐང་རག་གི་རེད་ཅེས་བར་པ་ཚོས་མགོ་སྐོར་བཏང་ནས་ཁྲིད་ཡོང་བ་རེད། ང་ཚོ་སྔ་ཙམ་གླས་དམག་ཁོངས་ནས་ཕྱིར་ལོག་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་ཡང་ནས་ཡང་དུ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་དམག་དོན་མི་སྣ་ཁག་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ལས་སྣེ་ཚོར་འབྲེལ་བ་བྱེད་ཀྱི་ཡོད་ཅེས་བཤད་འདུག
རྒྱ་གར་གཞུང་དང་ཨུ་རུ་སུ་གཉིས་ཀས་རྒྱ་གར་བ་དེ་རྣམས་ཨུ་རུ་སུའི་དམག་གིས་བསྡུས་ནས་ཡུཀ་རེན་ལ་དམག་འཁྲུག་རྒྱག་ཏུ་བཏང་བ་ཡིན་མིན་ངེས་གཏན་བྱེད་ཀྱི་མེད་ཅིང་། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པས་ང་ཚོས་མི་དམངས་ལ་དམག་འཁྲུག་ལངས་ཡོད་པའི་རྒྱལ་ཁབ་ཁག་ཏུ་བསྐྱོད་མི་ཉན་ཞེས་ཁ་ཏ་བྱེད་ཀྱི་ཡོད་ཅེས་བསྒྲགས། རྒྱ་གར་ནི་ཡུན་རིང་གི་ཨུ་རུ་སུའི་མཐུན་གྲོགས་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པས་ཡུཀ་རེན་ལ་བཙན་འཛུལ་བྱུང་བར་ཡོངས་གྲགས་སུ་ཁ་རྡུང་མ་བཏང་བར་མ་ཟད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ཀྱང་རྒྱ་གར་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ནང་འདྲེན་བྱ་རྒྱུ་མཚམས་མ་བཞག རྒྱ་གར་གྱིས་དངོས་ཟོག་ཁག་ཀྱང་ཨུ་རུ་སུར་བཙོངས་ནས་ཚོང་འབྲེལ་རྒྱུན་བསྐྱངས། ཨུ་རུ་སུའི་དམག་གིས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་དང་བལ་ཡུལ། ཀུ་པ་དང་རྒྱ་གར་གྱི་སྤྱི་དམངས་དབུལ་ཕོངས་རྣམས་དམིགས་འབེན་དུ་བཟུང་ནས་བསྡུ་སྐོང་བྱེད་ཀྱི་ཡོད་པའི་གནས་ཚུལཐོན་འདུག