རྒྱ་གར་གྱིས་ལ་དྭགས་ཤར་ཕྱོགས་སུ་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་ཟེར། 

ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་

༄༅།། རྒྱ་གར་གཞུང་ནས་ལ་དྭགས་ཤར་ཕྱོགས་ཀྱི་མཐའ་མཚམས་སུ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གང་ལེགས་བྱུང་ཡོད། འདས་པའི་ལོ་དགུའི་རིང་རྒྱ་གར་གྱི་དམག་དཔུང་འགྲེམ་འཇོག་དང་སྐྱེལ་འདྲེན་གྱི་ནུས་པ་ཆེ་རུ་ཕྱིན་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག ཕྱི་ཟླ་༨་པའི་ཚེས་༧་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་གསར་འགོད་པ་ཚོར་ལས་དོན་སྣ་མང་ཞིག་གི་ཐོག་ཏུ་དྲི་བ་དྲིས་ལེན་བྱས་པའི་སྐབས་སུ་འདས་པའི་ལོ་༣་གྱི་ནང་དུ་རྒྱ་དཀར་ནག་གཉིས་ཀས་གྲོས་མོལ་བྱས་ཏེ་ལ་དྭགས་ཤར་ཕྱོགས་སུ་འཁྲུག་རྩོད་འབྱུང་ཡུལ་ས་གནས་ཁག་༦་ཡོད་པ་དེའི་ཁོངས་ནས་ས་གནས་ཁག་༥་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མོལ་བྱས་ཏེ་གྲུབ་འབྲས་ཐོན་ཡོད། ང་ཚོས་འཁྲུག་རྩོད་འབྱུང་སའི་ས་གནས་གཞན་ཁག་ནས་ཀྱང་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་ཅེས་བཤད།།

རྒྱ་ནག་གིས་བོད་མཐོ་སྒང་དུ་དམག་དོན་ལ་མཁོ་བའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེནཔོ་གཉེར། ལྷག་པར་དུ་ཧིན་བོད་ས་མཚམས་སུ་རྒྱ་ལམ་དང་ཟམ་པ། ཕུག་ལམ་དང་གནམ་ཐང་། དམག་སྒར་དང་གྲོང་ཚོ་གསར་པ་སོགས་འཛུགས་སྐྲུན་བྱས་ནས་རྒྱ་གར་ལ་གནོན་ཤུགས་ཆེན་པོ་ཐེབས། ༢༠༢༣་ལོར་རྒྱ་གར་གཞུང་གིས་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་ཆེད་དུ་ཧིན་སྒོར་ཀ་རོ་(ཀ་རོ་གཅིག་ནི་བྱེ་བ་གཅིག་རེད)་༡༤༣༨༧་ཆོག་མཆན་བཀོད། ༢༠༡༣་ནས་༢༠༡༤་བར་དུ་རྒྱ་གར་གཞུང་གིས་མཐའ་མཚམས་ཀྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱེད་པར་ཧིན་སྒོར་ཀ་རོ་༧༨༨༢་འགྲོ་གྲོན་བཏང་བའི་གནས་ཚུལ་ཐོན་འདུག རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ཁག་ཏུ་ཧིན་སྒོར་ཀ་རོ་༣༠༠༠༠་འགྲོ་གྲོན་བཏང་ནས་རྒྱ་ལམ་རིང་ཚད་སྤྱི་ལེ་༡༨༠༠་ཅན་ཞིག་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད།།

ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་སྲིད་བློན་མོ་དྷིའི་གཞུང་ནས་ལོ་དགུའི་རིང་ས་མཚམས་སྲུང་སྐྱོབ་དང་དམག་དཔུང་གྲ་སྒྲིག རྒྱལ་སྲུང་ལ་མཁོ་བའི་མཐའ་མཚམས་ཀྱི་རྒྱ་ལམ་དང་ཟམ་པ། གནམ་ཐང་དང་ཕུག་ལམ་འཛུགས་སྐྲུན་བྱས་ཏེ་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད། རྒྱ་གར་གྱི་ཕྱོགས་འགལ་ཚོགས་པས་སྲིད་བློན་མོ་དྷིའི་གཞུང་གིས་ས་མཚམས་སྲུང་སྐྱོབ་ཡག་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག་ཅེས་སྐྱོན་བཙུགས། ཕྱི་སྲིད་བློན་ཇཱེ་ཤན་ཀར་གྱིས་མི་ཚོས་མཆན་བྲིས་ནས་སྐྱོན་བརྗོད་བྱ་རྒྱུ་སྟབས་བདེ་པོ་རེད། དོན་དམ་དུ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱས་ནས་དམག་དཔུང་དུས་ཐོག་ཏུ་འདྲེན་གཏོང་བྱེད་ཐུབ་རྒྱུ་དེ་གནད་འགག་ཆེན་པོ་རེད། ས་མཚམས་ཀྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་འཐུས་ཤོར་བཏང་བའི་མི་ཚོས་ས་མཚམས་སྲུང་སྐྱོབ་ལ་བློ་འཚབ་ཡོད་པའི་སྐད་ཆ་བཤད་པ་དགོད་བྲོ་བའི་གཏམ་ཞིག་རེད་ཅེས་དགག་པ་བརྒྱབ།།

India china

༢༠༢༠་ལོར་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་གདོང་ཐུག་བརྒྱབ་སྟེ་རྒྱ་གར་བའི་དམག་མི་༢༠་ཐམ་པ་དང་རྒྱ་དམག་༤་བསད་པའི་རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་གྲོས་གཞི་ཐེངས་འགའ་ཞིག་བཏོན། རྒྱ་གར་གཞུང་གིས་ཧིན་བོད་ས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་མ་ཐུབ་པར་པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་གཏོང་ཐབས་བྲལ། རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པའི་རྐྱེན་གྱིས་བལ་ཡུལ་དང་འབྲུག་ཡུལ། བངྒ་ལ་དང་འབར་མ་སོགས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འཁྲུག་རྩོད་བར་དུ་ཚུད། རྒྱ་དཀར་ནག་གི་དམག་དོན་དང་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་པར་ཕྱོགས་གཉིས་ཀས་བངྒ་ལ་དང་བལ་ཡུལ། འབྲུག་ཡུལ་དང་འབར་མ་བཅས་ལ་འཛུགས་སྐྲུན་རྒྱ་སྐྱེད་དང་དཔལ་འབྱོར་གྱི་འབྲེལ་བ་སྲ་བརྟན། གོང་འཁོད་རྒྱལ་ཁབ་དེ་དག་ལ་རོགས་སྐྱོར་གྱི་ལས་གཞི་མང་དུ་གཏོང་བཞིན་པའི་གནས་ཚུལ་ཐོན་འདུག

ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་ང་ཚོས་མི་མངོན་པའི་དགྲ་བོ་དེར་ཁ་གཏད་གཅོག་ཐུབ་པའི་གྲ་སྒྲིག་ངེས་པར་དུ་བྱ་དགོས། སྲིད་གཞུང་སྔོན་མ་ཁག་གིས་ས་མཚམས་ཀྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱས་མེད་པས་ཕྱི་ལོ་༢༠༠༠་ཡས་མས་ནས་ཧིན་བོད་ས་མཚམས་སུ་རྒྱ་ནག་གི་སྐོར་གཡེང་སྟོབས་ཤུགས་ཆེ་རུ་ཕྱིན་པ་རེད། རྒྱ་ནག་གིས་མཐའ་མཚམས་ཁག་ཏུ་རྒྱ་ལམ་དང་ཟམ་པ་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་འཁྲུག་རྩོད་བྱུང་བའི་རྗེས་སུ་རྒྱ་གར་གྱིས་རྒྱ་ལམ་དང་ཟམ་པ། ཕུག་ལམ་སོགས་འཛུགས་སྐྲུན་བྱས་ནས་དམག་དཔུང་མགྱོགས་མྱུར་ངང་འདྲེན་གཏོང་ཐུབ་པ་ཞིག་བྱུང་ཡོད། གལ་སྲིད་འཁྲུག་རྩོད་དེ་༢༠༡༤་ལོར་བྱུང་ཡོད་ན་གང་འདྲ་ཞིག་ཏུ་གྱུར་ཡོད་དམ། སྲིད་བློན་མོ་དྷིའི་གཞུང་གིས་མཐའ་མཚམས་སུ་འཛུགས་སྐྲུན་བྱས་པའི་ཞོར་དུ་ས་མཚམས་སུ་འཚོ་གནས་བྱེད་བཞིན་པའི་མི་དམངས་ཀྱི་འཚོ་བ་ཡང་ཡར་རྒྱས་བཏང་ཡོད་ཅེས་བཀྲལ།།

ལོ་འདིའི་ཕྱི་ཟླ་༢་པའི་ཚེས་༡༩་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གཞུང་ནས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་མཚམས་ཁག་ཏུ་དམག་དོན་ལ་མཁོ་བའི་འཛུགས་སྐྲུན་བྱས་ནས་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས། རི་སྐྱེས་སྲོག་ཆགས་དང་ས་མཚམས་ཀྱི་སྡེ་གྲོང་སོགས་ལ་བརྡབ་གསིག་ཆེན་པོ་འཕོག་གི་འདུག རྒྱ་གར་གྱི་དམག་མི་ཁྲི་ཚོ་༥་ལྷག་ས་མཚམས་སུ་བཀྲམ། སྔ་ལོ་རྒྱ་གར་གཞུང་གིས་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་འགྲོ་གྲོན་བརྒྱ་ཆ་༤༠་སྤར་འདུག ༢༠༢༡་ནས་༢༠༢༢་བར་དུ་རྒྱ་གར་གྱིས་ལ་དྭགས་ནས་མོན་ཡུལ་བར་དུ་ས་མཚམས་སུ་རྒྱ་ལམ་སྤྱི་ལེ་༦༧༦༣་འཛུགས་སྐྲུན་བྱས་པ་དེའི་ཁོངས་ནས་རྒྱ་ལམ་རིང་ཚད་སྤྱི་ལེ་༡༤༠༠་ཐམ་པ་ས་མཚམས་སུ་ཁེལ་ཡོད་ཅིང་། ད་དུང་རྒྱ་གར་གྱིས་ས་མཚམས་ཁག་ཏུ་ཕུག་ལམ་དང་གནམ་ཐང་། ཟམ་པ་༨༧་འཛུགས་སྐྲུན་བྱས་འདུག་ཅེས་གནས་ཚུལ་སྤེལ་འདུག