འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་དེར་རྒྱ་གར་དོགས་འདྲོག

Foreign Secretary of Bhutan Aum Pema Choden and Vinay Mohan Kwatra, Foreign Secretary of India. Photo Credit: Indiainbhutan Twitter

༄༅།། ཕྱི་ཟླ་དང་པོའི་ཚེས་༡༠་ནས་༡༣་བར་དུ་རྒྱ་ནག་གི་ཁུན་མིང་གྲོང་ཁྱེར་དུ་རྒྱ་ནག་དང་འབྲུག་ཡུལ་གྱི་སྐུ་ཚབ་ཚོས་གྲོས་མོལ་ཐེངས་༡༡་པ་བྱས་ཤིང་། གྲོས་མོལ་དེ་རྒྱ་ནག་གི་བཙན་བཟུང་འོག་ཏུ་ཚུད་པའི་བོད་དང་འབྲུག་ཡུལ་གྱི་ས་མཚམས་ཁག་ཏུ་རྩོད་གཞི་ཡོད་པ་རྣམས་སེལ་ཐབས་ཀྱི་གྲོས་མོལ་ཐེངས་༢༥་པའི་གྲ་སྒྲིག་ཆེད་དུ་ཡིན་འདུག རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་ས་མཚམས་གྲོས་མོལ་ཐེངས་༢༥་པ་ནམ་བྱ་འཆར་ཡོད་མེད་ཀྱི་ཚེས་གྲངས་ཕྱིར་བསྒྲགས་མ་བྱུང་། ཕྱི་ཟླ་དང་པོའི་ཚེས་༡༨་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཀ་ཝ་ཏ་ར་ཉིན་གསུམ་ལ་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་རྒྱལ་སྲུང་མཉམ་འབྲེལ་དང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ཡར་རྒྱས། བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་འདྲེས་མཚམས་སུ་ཆགས་པའི་འབྲོག་ལམ་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བཅས་ལ་གྲོས་མོལ། འབྲུག་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཨོཾ་པདྨ་ཆོས་སྒྲོན་ནས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེར་སྣེ་ལེན་ཞུས། ཁོང་གིས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེའི་འཚམས་འདྲི་ནི་རྒྱུན་དུ་འབྲུག་དང་རྒྱ་གར་གྱི་མཐོ་རིམ་འགོ་ཁྲིད་ཚོ་ཕན་ཚུན་འཚམས་འདྲིར་བསྐྱོད་ཀྱི་ཡོད་པའི་ལམ་སྲོལ་ལ་མཐུན་གྱི་ཡོད། ད་ཐེངས་ཀྱི་འཚམས་འདྲི་འདི་འབྲུག་ཡུལ་དང་རྒྱ་གར་གྱི་འབྲེལ་བ་སྔར་ལས་ཡར་རྒྱས་གཏོང་རྒྱུར་གྲོས་མོལ་གྱི་གོ་སྐབས་བཟང་པོ་ཞིག་རེད་ཅེས་བསྟན།།

ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཀ་ཝ་ཏ་ར་ཕྱི་ཟླ་དང་པོའི་ཚེས་༡༨་ནས་ཚེས་༢༠་བར་དུ་ཉིན་གསུམ་ལ་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་ཏེ་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་དང་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅིང་། ཉམས་ཞིབ་པ་ཚོས་ཉེ་ཆར་རྒྱ་ནག་དང་འབྲུག་ཡུལ་གྱི་སྐུ་ཚབ་ཚོས་ཁུན་མིང་གྲོང་ཁྱེར་དུ་གྲོས་མོལ་བྱས་པར་རྒྱ་གར་དོགས་འདྲོག་ལངས། དེར་བརྟེན་ཕྱི་སྲིད་དྲུང་ཆེ་ཀ་ཝ་ཏ་ར་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་པ་རེད་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད། འབྲུག་ཡུལ་དང་རྒྱ་ནག་གིས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པ་ཞིག་ལ་མིང་རྟགས་བཀོད་ནས་ལོ་༡་དང་ཟླ་བ་༣་འདས། གཟའ་འཁོར་སྔོན་མར་རྒྱ་འབྲུག་གཉིས་ཀས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་གྱི་འབྲུ་དོན་ཁག་མྱུར་དུ་ལག་ལེན་བསྟར་རྒྱུའི་གྲོས་མོལ་བྱས་པ་དང་ཕྱོགས་གཉིས་ཀས་གྲོས་མོལ་ཡག་པོ་བྱུང་སོང་ཟེར་གྱི་འདུག རྒྱ་གར་གྱིས་འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་དེར་དོ་སྣང་གཟབ་ནན་བྱ་དགོས། རྒྱ་ནག་གི་དམག་དཔུང་འབྲོག་ལམ་ཁུལ་དུ་བསླེབས་པ་ནི་རྒྱ་གར་གྱི་ཤི་རི་གུ་རིའི་ཤུར་ལམ་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་ཞིང་། རྒྱ་ནག་གིས་འབྲུག་ཡུལ་གྱི་ས་ཆ་དང་མོན་ཡུལ་གྱི་ས་ཆ་ཁག་ཅིག་ཧམ་འཛིན་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་དགོས་ཞེས་གནས་ཚུལ་སྤེལ།།

Prime Minister of Bhutan Lotay Tshering talks with Chinese Ambassador to India Sun Weidong

འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་ཐེངས་༡༡་པའི་རྗེས་སུ་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོས་སྤེལ་བའི་ཐུན་མོང་གི་སྤྱི་བསྒྲགས་དེར་འབྲུག་དང་རྒྱ་ནག་གི་སྐུ་ཚབ་ཚོ་གྲོས་མོལ་ལྷུག་པོ་དང་ལྷག་བསམ་ཟོལ་མེད། གྲོས་མོལ་གྲུབ་འབྲས་ལྡན་པ་ཞིག་བྱུང་སོང་། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་གྱི་འབྲུ་དོན་ཁག་ཅིག་ཅར་དུ་ལག་ལེན་བསྟར་འཆར་ཡོད། པེ་ཅིང་དང་ཐིམ་ཕུ་གཉིས་ཀར་སྟབས་བདེ་བྱུང་བའི་དུས་སུ་ཕྱོགས་གཉིས་ཀྱི་ས་མཚམས་གྲོས་མོལ་ཐེངས་༢༥་པ་བྱ་རྒྱུ་ཡིན་ཞེས་བསྒྲགས། རྒྱ་ནག་ལྷག་བསམ་རྣམ་དག་ཡིན་པ་མཚོན་བྱེད་དུ་འབྲུག་ཡུལ་ལ་དངོས་ཟོག་ཁག་ཅིག་རོགས་སྐྱོར་སྤྲད་པ་དང་འབྲུག་ཡུལ་གྱིས་རྒྱ་ནག་གི་དངོས་ཟོག་རོགས་སྐྱོར་ལ་རྗེས་སུ་ཡི་རང་ཞུས། ཁུན་མིང་གྲོང་ཁྱེར་གྱི་གྲོས་མོལ་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མཚོ་ཁོངས་དང་ས་མཚམས་ལས་དོན་ཁང་གི་སྤྱི་ཁྱབ་འགན་འཛིན་ཧོང་ལེང་གིས་འགོ་ཁྲིད་པ་དང་འབྲུག་ཡུལ་གྱི་རྒྱལ་སྤྱིའི་ས་མཚམས་ལྷན་ཁང་གི་དྲུང་ཆེ་བཀྲ་ཤོ་ལེ་ཐོ་སྟོབས་ལྡན་ཐང་བྷིས་འགོ་ཁྲིད། རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་ཕྱོགས་གཉིས་ཀྱི་མཁས་པའི་ལྷན་ཚོགས་ཀྱི་ཚོགས་འདུ་ཁག་མང་དུ་གཏོང་རྒྱུ། རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་ས་མཚམས་གྲོས་མོལ་མྱུར་དུ་བྱ་དགོས་པའི་གྲོས་མཐུན་བྱུང་འདུག

གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཨེ་བྷི་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་འཚམས་འདྲི་ནི་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཀ་ཝ་ཏ་ར་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་པ་ཐེངས་གཉིས་པ་ཡིན་ཞིང་། ཁོང་༢༠༢༢་ལོའི་ཕྱི་ཟླ་༨་ནང་དུ་འབྲུག་ཡུལ་དུ་འཚམས་འདྲིར་ཐེངས་དང་པོ་ཕེབས། རྒྱ་གར་གྱི་ཉམས་ཞིབ་པ་ཚོས་འབྲུག་ཡུལ་གྱི་འགོ་ཁྲིད་ཚོས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེར་ཉེ་སྔོན་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་གྲོས་མོལ་བྱས་པའི་ནང་དོན་དང་གྲུབ་འབྲས། མ་འོངས་པའི་འཆར་གཞི། རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་དེ་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་གནད་འགག་ཅི་ཙམ་ཆེ་མིན་བཅས་ལ་ནང་མོལ་བྱ་དགོས། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་ཧིན་བོད་ས་མཚམས་དང་འབྲུག་བོད་ས་མཚམས་ཁག་ཏུ་དཔུང་འཛུལ་གྱིས་འཁྲུག་རྩོད་བསླངས་ནས་ཛ་དྲག་འབྱུང་གི་ཡོད་པ་ཞི་འཇམ་གཏོང་ཐབས་སུ་རྒྱ་གར་དང་འབྲུག་ཡུལ་གཉིས་ཀས་རྒྱ་ནག་ལ་གྲོས་མོལ་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེས་འབྲུག་ཡུལ་གྱི་འགོ་ཁྲིད་ཚོར་ལྡི་ལི་གསར་པས་ཁྱིམ་མཚེས་ཨང་དང་པོར་འཛིན་པ་དང་ཤར་ཕྱོགས་སུ་དམིགས་པའི་སྲིད་ཇུས་རྣམས་གསལ་བཀྲོལ་བྱ་གལ་ཆེ། རྒྱ་གར་གྱི་ཁྱིམ་མཚེས་ཨང་དང་པོར་འཛིན་པའི་སྲིད་ཇུས་ཁོངས་སུ་འབྲུག་ཡུལ་ཧ་ཅང་གནད་འགག་ཆེན་པོར་བརྩིས་ཡོད་པ་སྟོན་ཐབས་བྱ་དགོས་ཞེས་གནས་ཚུལ་སྤེལ་འདུག

རྒྱ་གར་གྱི་ཨེ་བྷི་པི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་འབྲོག་ལམ་ས་ཁུལ་བཙན་བཟུང་བྱས་ན་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་རྒྱུ་ཤིན་ཏུ་གསལ། གལ་སྲིད་དམག་འཁྲུག་ཆེན་པོ་ཞིག་ལངས་ཏེ་རྒྱ་ནག་གིས་ཤི་རི་གུ་རིའི་ཤུར་ལམ་བཅད་ཚེ། རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ལོགས་སུ་དགར་ཐུབ། རྒྱ་གར་གྱིས་འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་དེ་ཁ་ཕྱོགས་གང་དུ་འགྱུར་གྱི་ཡོད་མེད། རྒྱ་ནག་གིས་བོད་ཀྱི་ལྷོ་ཕྱོགས་ནས་ས་ཆ་ཁག་ཅིག་འབྲུག་ཡུལ་ལ་སྤྲད་དེ་གུ་བཤངས་བྱ་རྒྱུ་ཡིན་མིན་དང་འབྲུག་ཡུལ་གྱིས་རང་གི་ནུབ་ཕྱོགས་ནས་ས་ཆ་ཁག་ཅིག་རྒྱ་ནག་ལ་སྤྲད་ནས་གུ་བཤངས་བྱ་རྒྱུ་ཡིན་མིན་རྣམས་རྒྱ་གར་གྱིས་ངེས་པར་དུ་ཤེས་དགོས་ཞེས་ནན་བརྗོད་བྱས་འདུག ༡༩༦༡་ནས་འབྲུག་ཡུལ་དང་རྒྱ་གར་གཉིས་ཀྱིས་གྲོས་མཐུན་བཞག་སྟེ་འབྲུག་གི་བདེ་འཇགས་ལ་རྒྱ་གར་གྱིས་འགན་ལེན་བྱ་རྒྱུ་དང་འབྲུག་པའི་དམག་ལ་རྒྱ་གར་གྱིས་སྦྱོང་བརྡར་སྤྲོད་རྒྱུའི་ཐག་བཅད། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེས་རྒྱལ་སྲུང་དང་བདེ་འཇགས་ཀྱི་གནད་དོན་ཁོ་ན་མིན་པར་འབྲུག་ཡུལ་གྱི་ཆུ་ཤུགས་གློག་ཁང་ཁག་ནས་རྒྱ་གར་ལ་གློག་ཕྱིར་ཚོང་བྱ་རྒྱུ་དང་༢༠༢༥་ལོར་འགྲུབ་འཆར་ཡོད་པའི་ཁོ་ལོང་ཆུའི་ཆུ་ཤུགས་གློག་ཁང་ཆེན་མོ་ལེགས་གྲུབ་ཡོང་བར་རྒྱ་གར་དང་འབྲུག་ཡུལ་གཉིས་ཀས་འབད་བརྩོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་མོལ་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག