འབྲས་ལྗོངས་ཀྱི་གུ་རུ་གདོང་དམར་མཚེའུ་དང་དེའི་རྩོད་གཞི། 

འབྲས་ལྗོངས་ཀྱི་གུ་རུ་གདོང་དམར་མཚེའུ་

༄༅།། འབྲས་ལྗོངས་ཀྱི་གུ་རུ་གདོང་དམར་མཚེའུ་ནི་ཡུལ་ལྗོངས་མཛེས་ཤིང་མཁའ་རླུང་གཙང་མ། ས་ཆ་ཁ་ཁུ་སིམ་པོ་དང་རྒྱ་གར་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་པའི་ས་གནས་གྲགས་ཅན་ཞིག་ཏ་གྱུར་། ད་དུང་གུ་རུ་གདོང་དམར་མཚེའུ་ནི་ཆོས་ལུགས་གཉིས་ཀྱི་གནས་ཆེན་ཞིག་ཏུ་བརྩིས་ཏེ་ཆོས་ལུགས་དེ་དག་གི་རྗེས་འཇུག་པ་རྣམས་གནས་སྐོར་དུ་བསྐྱོད། འཛམ་གླིང་ཡུལ་གྲུ་གང་སར་རྫ་རི་མཐོན་པོ་དང་མཚོ། ཤིང་དང་ཆུ་མིག བྲག་རྡོ་སོགས་ལྷ་ཀླུ་གཞི་བདག་གི་བླ་རི་དང་བླ་མཚོ། བླ་ཤིང་དང་བླ་རྡོ་ཡིན་ཞེས་གནས་ཁྱད་པར་ཅན་དུ་སྲོལ་ཞིག་དར། མི་ཚོས་གནས་ཁྱད་པར་ཅན་དེ་དག་ལ་བྱིན་རླབས་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་ནི་འགྲོ་བ་མི་སྤྱི་མཚུངས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་བརྗོད་ཅི་དགོས། དེས་ན་འབྲས་ལྗོངས་ཀྱི་གུ་རུ་གདོང་དམར་མཚེའུ་ལའང་རང་གི་ཐུན་མོང་མ་ཡིན་པའི་གཏམ་རྒྱུད་དང་རྒྱབ་ལྗོངས། དེ་བཞིན་མཚེའུ་དེའི་བདག་དབང་ཐོག་ཏུ་རྩོད་པ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༡༩་ཉིན་རྒྱ་གར་གྱི་ཕྱི་ལྟོས་འགྲིམ་འགྲུལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲས་ལྗོངས་ཀྱི་ནང་པ་ཚོས་གུ་རུ་གདོང་དམར་མཚེའུ་ནི་སློབ་དཔོན་པདྨ་འབྱུང་གནས་ཏེ། གུ་རུ་པདྨ་སམ་བྷ་བ་དངོས་སུ་བྱོན་ནས་བྱིན་གྱིས་རླབས་པའི་གནས་མཆོག་ཅིག་ཡིན། དེ་ནི་ནང་པའི་གནས་ཆེན་ཞིག་ཡིན་པར་བཞེད། རྒྱ་གར་གྱི་སིག་རྒྱ་བོ་ཚོས་གུ་རུ་གདོང་དམར་མཚེའུ་ནི་སིག་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གུ་རུ་ན་ནག་གི་གནས་ཡིན། གུ་རུ་ན་ནག་གནས་དེར་བྱོན་ནས་བཞུགས་མྱོང་ཡོད་པ་དང་མཚེའུ་དེ་སིག་ཆོས་ལུགས་ཀྱི་གནས་མཆོག་ཅིག་ཡིན་ཟེར། དེང་སྐབས་གུ་རུ་གདོང་དམར་མཚེའུ་དེ་འབྲས་ལྗོངས་ཀྱི་ནང་པ་དང་རྒྱ་གར་གྱི་སིག་ཆོས་ལུགས་རྗེས་འཇུག་པ་སིག་རྒྱ་བོ་ཚོའི་རྩོད་གཞི་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

the Indian Army shows Indian soldiers of Trishakti corps celebrating the International Yoga Day at Gurudongmar Lake,

འབྲས་ལྗོངས་ཀྱི་གུ་རུ་གདོང་དམར་མཚེའུ་ནི་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཊི་༡༧༠༠༠་གི་ཡན་ཆད་དུ་ཆགས་ཡོད་པ་དང་གུ་རུ་གདོང་དམར་མཚེའུ་བར་དུ་གནས་སྐོར་བ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ཁ་ལོ་བ་རྣམས་བལ་པོ་ཡིན་ཞིང་། ཁོ་ཚོས་གུ་རུ་གདོང་དམར་མཚེའུ་ནི་ཕྱི་ལོའི་དུས་རབས་༨་པའི་ནང་དུ་བྱོན་པའི་ནང་པའི་སློབ་དཔོན་གུ་རུ་པདྨ་སམ་བྷ་བ་དང་ཕྱི་ལོའི་དུས་རབས་༡༥་པའི་ནང་དུ་བྱོན་པའི་སིག་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གུ་རུ་ན་ནག་གཉིས་ཀའི་གནས་ཆེན་རེད། མི་ལ་དད་པ་ཡོད་ན་ཁྱི་སོ་ལས་རིང་བསྲེལ་འཁྲུངས་ཟེར་བའི་དཔེ་ལྟར་སུ་ཞིག་གུ་རུ་གདོང་དམར་མཚེའུ་ལ་གནས་སྐོར་དུ་བསྐྱོད་ན་གུ་རུ་པདྨ་སམ་བྷ་བ་དང་གུ་རུ་ན་ནག་གཉིས་ཀྱི་བྱིན་རླབས་ཁྱད་མེད་དུ་འཇུག་གི་རེད་ཅེས་ཀུན་གྱི་རྣ་བར་སྙན་པ་དང་སུ་ལའང་ཕོག་ཐུག་གཏོང་མི་དགོས་པའི་འགྲེལ་བཤད་མཁས་པོ་ཞིག་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཕྱི་ལྟོས་འགྲིམ་འགྲུལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་ཤིག་ནས་འབྲས་ལྗོངས་ཀྱི་ནང་པའི་ཆོས་ལུགས་ཀྱི་འགོ་ཁྲིད་ཚོ་དང་སིག་ཆོས་ལུགས་ཀྱི་འགོ་ཁྲིད་ཚོས་གུ་རུ་གདོང་དམར་མཚེའུ་དེའི་བདག་དབང་དང་མཚོ་འགྲམ་དུ་ཆོས་ལུགས་གང་ལ་ལྷ་ཁང་འཛུགས་སྐྲུན་བྱེད་ཆོག་པའི་ཐོབ་ཐང་ཡོད་མེད་ཐད་རྩོད་པ་བྱུང་ནས་ཁྲིམས་ལ་གཏུགས། ད་ལྟ་གུ་རུ་གདོང་དམར་མཚེའུ་དང་དེའི་མཐའ་འཁོར་གྱི་ས་ཆའི་བདག་དབང་ཐོག་ཏུ་ནང་པ་དང་སིག་རྒྱ་བོ་ཚོ་ཁ་མཆུ་ཐུག རྒྱ་གར་གྱི་མངའ་སྡེ་གཞན་དང་མ་འདྲ་བར་འབྲས་ལྗོངས་སུ་ནང་པ་ཤུགས་ཆེན་པོ་ཡོད་པར་མ་ཟད། འབྲས་ལྗོངས་ལ་གནའ་སྔ་མོ་ནས་ནང་ཆོས་དར་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག རྒྱ་གར་གྱི་ས་གནས་ཁག་ཏུ་ཁ་ཆེ་དང་ཧིན་རྡུ། ཧིན་རྡུ་དང་ཡེ་ཤུ་སོགས་ལ་འཁྲུག་རྩོད་འབྱུང་གི་ཡོད་ཀྱང་ནང་པ་དང་ཆོས་ལུགས་གཞན་གྱི་བར་དུ་རྩོད་པ་འབྱུང་རྒྱུ་ཤིན་ཏུ་དཀོན། གལ་སྲིད་གུ་རུ་གདོང་དམར་མཚེའུ་དེའི་བདག་དབང་ཐག་གཅོད་ཡག་པོ་ཞིག་མ་བྱུང་ཚེ། འབྲས་ལྗོངས་སུ་ནང་པ་དང་སིག་རྒྱ་བོའི་ཆོས་དད་པ་ཚོར་འགལ་ཟླ་འབྱུང་སྲིད་ཅེས་ཉམས་ཞིབ་པ་ཚོས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
༢༠༡༨་ལོའི་ཕྱི་ཟླ་དང་པོའི་ཚེས་༩་ཉིན་རྒྱ་གར་གྱི་གསར་འགྱུར་འབྲེལ་ཐག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༩༧་ལོར་རྒྱ་གར་གྱི་དམག་ཁོངས་སུ་ཡོད་པའི་པན་ཇབ་ཀྱི་མདའ་ཤོག་༢༠་པས་གུ་རུ་གདོང་མར་མཚེའུ་འགྲམ་དུ་སིག་གི་ཆོས་ལུགས་ཀྱི་ལྷ་ཁང་ཞིག་བཞེངས། ༢༠༡༧་ལོའི་ཕྱི་ཟླ་༨་པའི་ནང་དུ་འབྲས་ལྗོངས་བ་ཚོས་གུ་རུ་གདོང་དམར་མཚེའུ་འགྲམ་གྱི་སིག་ཆོས་ལུགས་ཀྱི་ལྷ་ཁང་དེ་བཤིག གུ་རུ་གདོང་དམར་ཞེས་པའི་ཚིག་དོན་ནི་ཞལ་རས་དམར་པོ་དང་སྐུ་དྲག་པོ་ཡིན་པའི་གོ་དོན་རེད། ཕྱི་ལོའི་དུས་རབས་༨་པའི་ནང་སློབ་དཔོན་རིན་པོ་ཆེས་འབྲས་ལྗོངས་སུ་གསང་བསྔགས་ཀྱི་བསྟན་པ་དར་སྤེལ་མཛད། གུ་རུ་གདོང་དམར་མཚེའུ་ནི་གུ་རུ་པདྨ་སམ་བྷ་བའི་གནས་ཆེན་ཞིག་ཡིན་པ་ལས་སིག་ཆོས་ལུགས་ལ་འབྲེལ་བ་ཅི་ཡང་མེད་ཅེས་རྩོད་པ་འཕངས། སིག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་ང་ཚོས་༡༩༩༧་ནས་གུ་རུ་གདོང་དམར་མཚོ་འགྲམ་དུ་ལྷ་ཁང་བཞེངས་པ་ཡིན། ང་ཚོས་ལོ་རྒྱུས་ལ་ཁུངས་གཏུགས་ནས་ལྷ་ཁང་བཞེངས་པ་ཡིན་ཞེས་ཁ་མཆུའི་ཡིག་ཆའི་ནང་དུ་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲས་ལྗོངས་ཀྱི་ནང་པ་ཚོས་གུ་རུ་པདྨ་སམ་བྷ་བ་བོད་ནས་རྒྱ་གར་དུ་ཕྱིར་ལོག་གནང་བའི་ལམ་དུ་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་རྡོ་རྗེ་ཉི་མ་ཞེས་བའི་ས་གནས་དེར་མཚེའུ་ཞིག་ཡོད་པ་དེའི་འགྲམ་དུ་བཞུགས། ཕྱིས་སུ་མཚེའུ་དེར་གུ་རུ་གདོང་དམར་ཞེས་མིང་ཐོགས་པའི་བཤད་རྒྱུན་འཇགས། མཚོ་དེ་ལོ་ཧྲིལ་པོར་འཁྱག་ལ་འབྱར་ནས་ས་གནས་དེའི་མི་ཟོག་གཉིས་ཀར་ཆུ་མེད་པར་དཀའ་ངལ་ཕྲད། ཡུལ་མི་ཚོས་སློབ་དཔོན་རིན་པོ་ཆེར་གསོལ་བ་བཏབ་པ་དང་གུ་རུ་རིན་པོས་ཕྱག་མཛུབ་ཅིག་མཚོ་ནང་དུ་བྲན་པས་མཚེའུ་དེའི་ཟུར་ཆ་ཞིག་དགུན་གྱི་དུས་སུའང་འཁྱག་པས་མ་བསྒྲིབས། དེ་ནས་བཟུང་སྟེ་ས་གནས་དེའི་ཡུལ་མི་རྣམས་གུ་རུ་གདོང་དམར་མཚེའུ་ལ་གནས་སྐོར་དུ་བསྐྱོད་རྒྱུ་མགོ་བརྩམས། འབྲས་ལྗོངས་ཀྱི་རྣམ་རྒྱལ་བོད་རིག་པའི་ཞིབ་འཇུག་ཁང་གིས་གུ་རུ་གདོང་དམར་མཚེའུ་ནི་ནང་པའི་གནས་ཆེན་ཞིག་ཡིན་པའི་ཐག་བཅད། དེའི་རྗེས་སུ་རྒྱ་གར་གྱི་སིག་རྒྱ་བོའི་དམག་མི་ཚོས་བཞེངས་པའི་ལྷ་ཁང་དེ་ཉིད་ལ་ཆེན་དགོན་པའི་འཛིན་སྐྱོང་འོག་ཏུ་རྩིས་སྤྲོད་བྱ་དགོས་བྱུང་བ་རེད་ཅེས་གནས་ཚུལ་སྤེལ་འདུག