གལ་ཏེ་རྒྱ་ནག་གིས་ཐའེ་ཝན་ཟླ་བསྒྲིལ་འདོད་ན་ཨུ་རུ་སུའི་ས་ཁོངས་འགའ་ལེན་དགོས།

ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་

Your browser doesn’t support HTML5

གལ་ཏེ་རྒྱ་ནག་གིས་ཐའེ་ཝན་ཟླ་བསྒྲིལ་འདོད་ན་ཨུ་རུ་སུའི་ས་ཁོངས་འགའ་ལེན་དགོས།

ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཞིག་ལ་བརྗོད་དོན་ལ་ གལ་ཏེ་རྒྱ་ནག་གིས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་འགྱུར་ལ་འདོད་ཀྱི་ཡོད་ན་དེ་སྔ་དུས་རབས་༡༩་ནང་རྒྱ་ནག་གི་རྒྱལ་རྒྱུད་མཐའ་མས་ཨུ་རུ་སུར་སྤྲད་པའི་ས་ཆ་ཡང་ཚུར་ལེན་དགོས་ཀྱི་རེད་ཅེས་གསུངས་འདུག

རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་བསྙོན་མེད་གཅིག་ཡིན་པ་དང་ཐེ་ཝན་རྒྱ་ནག་དང་ཆིག་སྒྲིལ་ཡོང་འགྱུར་དྲག་ཤུགས་ལག་བསྟར་བྱེད་དགོས་པའི་གནས་སྟངས་བྱུང་བ་ཡིན་ནའང་དེ་ལྟར་ལག་བསྟར་བྱ་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད། འོན་ཀྱང་ཐེ་ཝན་གྱིས་རྒྱ་ནག་དམར་ཤོག་གུང་ཁྲན་ཏང་ཟེར་བས་ཐེ་ཝན་ཐོག་ཉིན་གཅིག་ཀྱང་དབང་སྒྱུར་བྱེད་མྱོང་མེད་པ་དང་ཐེ་ཝན་གྱི་མ་འོངས་གནད་དོན་དེ་ནི་ཐེ་ཝན་མི་དམངས་ས་ཡ་༢༣་ཡོད་པ་རྣམས་ཀྱིས་ཐག་གཅོད་བྱ་རྒྱུ་ལས་རྒྱ་ནག་གུང་ཁྲན་ཏང་ལ་ཇུས་གཏོགས་མེད་ཅེས་བཤད་འདུག

ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེས་རེས་གཟའ་ཉི་མའི་ཕྱི་དྲོ་ཐེ་ཝན་གྱི་བརྙན་འཕྲིན་ལས་ཁང་ཞིག་གི་བཅར་འདྲིར་དང་ལེན་གནང་སྐབས་གསུངས་དོན། རྒྱ་ནག་གི་རྒྱལ་རྒྱུད་མཐའ་མས་ཨུ་རུ་སུ་དང་མཉམ་དུ་བཞག་པའི་ས་ཆའི་གྲོས་མཐུན་གྱི་ཐད་གླེང་སློང་གནང་ནས་༡༨༥༨ལོར་བཞག་པའི་གྲོས་མཐུན་དེར་ཨའི་ཀུན་གྲོས་མཐུན་ཞེས་བརྗོད་ཀྱི་ཡོད་པ་དང་། སྐབས་དེར་རྒྱ་ནག་གིས་རང་གི་ས་ཆ་རྒྱ་ཆེ་ཞིག་ཨུ་རུ་སུའི་རྒྱལ་པོར་སྤྲད་ཡོད་པ་དང་། ས་ཆ་དེ་དེང་སྐབས་ཨུ་རུ་སུའི་ཤར་ཕྱོགས་སུ་ཡོད། གྲོས་མཐུན་དེས་དེང་སྐབས་ཀྱི་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ཀྱི་རྣམ་པ་བཟོ་རྒྱུར་ཡང་ཕན་ཐོགས་ཆེན་པོ་བྱས་ཡོད།

རྒྱ་ནག་གི་ཆིང་རྒྱལ་རྒྱུད་ཀྱི་སྲིད་དབང་ཉམས་རྒུད་མཐའ་མར་སླེབས་སྐབས་ཐོག་མར་གྲོས་མཐུན་དེར་ཁས་ལེན་མ་བྱས་པར་ལོ་གཉིས་ཀྱི་རྗེས་སུ་དུས་རབས་བཅུ་དགུ་པའི་ནང་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་དང་བཞག་པའི་འདྲ་མཉམ་མ་ཡིན་པའི་གྲོས་མཐུན་ཁག་གི་གྲས་ཤིག་ཡིན་པ་རྒྱ་ནག་གིས་དེར་ཁས་ལེན་བྱས་ཡོད།

ཁོང་གིས་མུ་མཐུད་གསུངས་དོན་ལ་ རྒྱ་ནག་གིས་ཐེ་ཝན་ཐོག་རྒོལ་བརྡུང་དང་ཡང་ན་ཐེ་ཝན་རྒྱ་ནག་ལ་ཟླ་སྒྲིལ་བྱ་རྒྱུའི་དམིགས་ཡུལ་དེ་ནི་ཐེ་ཝན་གྱི་སྲིད་དོན་པ་ཞིག་དང་ཡང་ན་སྲིད་དོན་ཚོགས་པ་གཅིག་གིས་གང་བརྗོད་པ་དང་གང་བྱས་པ་དེ་མ་རེད་ལ་རྒྱ་ནག་གིས་ཐེ་ཝན་བཟུང་རྒྱུའི་དམིགས་ཡུལ་དེ་ཡང་ས་ཁོངས་གོང་བུ་གཅིག་གྱུར་གྱི་དོན་མིན། གལ་ཏེ་ས་ཁོངས་གོང་བུ་གཅིག་གྱུར་གྱི་དོན་དུ་ཡིན་ན་ཨུ་རུ་སུས་བཙན་བཟུང་བྱས་པའི་རྒྱ་ནག་གི་ས་ཆ་ཚུར་ལེན་གྱི་མེད་པ་གང་ཡིན་ནམ། ཨུ་རུ་སུ་ནི་དེང་སྐབས་སྟོབས་ཤུགས་ཤིན་ཏུ་ཞན་པོར་འགྱུར་བཞིན་ཡོད་ཅེས་གསུངས་ཡོད་འདུག སྲིད་འཛིན་ལའེ་ཆིང་ཏེས་གྲོས་མཐུན་དེ་ནི་རྒྱ་ནག་གི་རྒྱལ་རྒྱུད་མཇུག་ཤོས་དེས་མིང་རྟགས་བཀོད་པ་ཞིག་དང་གྲོས་མཐུན་དེར་ཨའི་ཀུན་ཞེས་འབོད་ཀྱི་ཡོད། རྒྱ་ནག་གིས་ཨུ་རུ་སུར་ས་ཆ་ཚུར་སྤྲོད་དགོས་པ་བརྗོད་ཐུབ་པ་ཞིག་ཡིན་ནའང་དེ་ལྟར་བརྗོད་ཀྱི་མེད། དེར་བརྟེན་ཐེ་ཝན་ཐོག་གི་བཙན་འཛུལ་དེ་ཡང་ས་ཁོངས་གུང་བུ་གཅིག་གྱུར་གྱི་རྒྱུ་མཚན་མིན་པ་ནི་གསལ་པོ་ཆགས་ཡོད་ཅེས་གསུངས་འདུག

ཐེ་ཝན་གྱི་སྲིད་འཛིན་གྱི་གཏམ་བཤད་ཐད་གསར་འགོད་པས་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་ཟེར་བར་ལན་འདེབས་དགོས་པའི་འབོད་སྐུལ་བྱས་པར་རྒྱ་ནག་གཞུང་གིས་ཐེ་ཝན་ནི་མནའ་སྔ་མོ་ནས་རྒྱ་ནག་གི་ས་ཆ་ཤིག་རེད་ཅེས་བཤད་འདུག

ཡང་སྲིད་འཛིན་ལའེ་ཆིང་ཏེས་རྒྱ་ནག་གིས་ཐའེ་ཝན་ཐོག་འཆར་གཞི་བཏིང་བའི་དམིགས་ཡུལ་ངོ་མ་ནི་རྒྱལ་སྤྱིའི་སྒྲིག་གཞི་དང་སྒྲིག་ལམ་གྱི་ལས་དོན་བྱེད་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་དེ་ཡིན་སྐོར་བཤད་འདུག རྒྱ་ནག་གི་དམིགས་ཡུལ་ངོ་མ་དེ་ནི་རྒྱལ་སྤྱིའི་གནས་བབ་ཀྱི་ཁྲོད་དབང་ཤུགས་ཆེ་ཤོས་ལ་འགྱུར་རྒྱུ་དང་ལྷག་པར་དུ་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་མངའ་ཁུལ་དུ་དབང་ཤུགས་ཆེ་ཤོས་སུ་འགྱུར་བ་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད་འདུག

རུའི་ཀྲར་གསར་ཁང་དང་ལྷོ་རྒྱ་ནག་སྔ་དྲོའི་གསར་འགྱུར་གཉིས་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།