འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་འབྲུག་ཡུལ་གྱི་སྲིད་དོན་བཙོན་པ།

འབྲུག་ཡུལ་གྱི་སྲིད་བློན་གསར་པ་ཚེ་རིང་སྟོབས་རྒྱལ་

༄༅།། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབྲུག་ཡུལ་གྱི་སྲིད་བློན་གསར་པ་ཚེ་རིང་སྟོབས་རྒྱལ་ལ་རྒྱལ་ཁབ་དེའི་སྤྱི་དམངས་ཚོར་དཔལ་འབྱོར་དང་སྤྱི་ཚོགས་ཐོབ་ཐང་ཡོད་པ་གཅིག་མཚུངས་སྤྲོད་དགོས། འབྲུག་པ་མང་པོར་ཟས་གོས་གནས་མལ་སོགས་གཞི་རྩའི་འཚོ་བའི་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་དང་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་ནན་བསྐུལ་བྱས་འདུག གཟའ་འཁོར་འདིར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་མི་སེར་དམངས་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཕྱི་ཟླ་དང་པོའི་ཚེས་༢༥་ཉིན་སྲིད་བློན་གསར་པ་ཚེ་རིང་སྟོབས་རྒྱལ་གྱིས་ལས་ཁུར་དམ་བཅའ་བཞག འབྲུག་ཡུལ་གྱི་སྲིད་བློན་གསར་པས་ངེས་པར་དུ་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། དེང་སྐབས་འབྲུག་ཡུལ་གྱི་བཙོན་ཁང་ཁག་ཏུ་ཡོད་པའི་སྲིད་དོན་བཙོན་པ་༣༦་གི་མིང་ཐོ་ཞིག་བཏོན།།

འབྲུག་ཡུལ་གྱི་བཙོན་པ་དེ་ཚོར་མནར་གཅོད་བཏང་ནས་བཙན་གྱིས་ནག་ཉེས་ངོས་ལེན་བྱེད་དུ་བཅུག ཁོ་ཚོར་རྒྱལ་ཁབ་དགྲར་འཛིན་དང་རྒྱལ་བཙོན་ཞེས་མིང་བཏགས་ཏེ་མི་མང་པོར་ཚེ་བཙོན་གྱི་བཅད་ཁྲ་བསྒྲགས། སྲིད་དོན་བཙོན་པ་རྣམས་བཟའ་ཟླ་བུ་ཕྲུག་སོགས་ལ་ཐུག་འཕྲད་བྱེད་དུ་མི་འཇུག་པ་དང་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་མི་གཏོང་བ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱབ་འགལ་རེད་ཅེས་བསྟན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ཨེ་ལཱེན་ཕིར་སན་གྱིས་བཙོན་པ་ཁག་ཅིག་༢༠༠༨་ལོར་འབྲུག་ཡུལ་དམངས་གཙོར་གྱུར་པའི་སྐབས་ནས་བཙོན་དུ་ཚུད་འདུག ཁོ་ཚོར་ཁྲིམས་བཤེར་དྲང་སྙོམས་ཤིག་མ་ཐོབ་པར་ཚེ་གང་པོར་བཙོན་ཁང་དུ་འདུག་དགོས་པ་ནི་ཡ་ང་བ་ཞིག་རེད། དེ་ནི་འབྲུག་ཡུལ་གྱིས་རྩ་འཛིན་ལྟ་གྲུབ་ལ་མི་མཐུན། གདུག་རྩུབ་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་དེ་མཇུག་བསྡུས་ཏེ་སྲིད་དོན་བཙོན་པ་རྣམས་རང་རང་གི་བཟའ་ཟླ་ཚོར་རྩིས་སྤྲོད་བྱེད་པའི་དུས་སུ་བབ་འདུག་ཅེས་འབོད་སྐུལ་ཞུས།།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ཨེ་ལཱེན་ཕིར་སན་

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཞུའི་ནང་དུ་ཉེ་བའི་ལོ་ཤས་ཤིག་ནས་འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་འཇུག་སའི་བཙོན་ཁང་ཁག་གི་གནས་སྟངས་སྡུག་ཏུ་ཕྱིན་འདུག བཙོན་པ་ཚོར་རྒྱས་བཅད་ཀྱི་བཟའ་བཏུང་ཞིག་ལས་མེད་ཀྱང་ཟས་སྐལ་ཁག་ཅིག་ཉེན་རྟོག་པ་དང་བཙོན་སྲུང་བ་ཚོར་བཙོངས་ནས་སྨན་དང་གྱོན་གོས་ཉོ་དགོས་ཤིང་། འབྲུག་གཞུང་གིས་སྲིད་དོན་བཙོན་པ་དེ་ཚོར་སྨན་དང་གྱོན་གོས་མི་སྤྲོད་པ་དང་མལ་ཆས་དྲོན་པོ་ཡང་མེད་པར་འཁྱག་སྡུག་མྱོང་། འབྲུག་གཞུང་གིས་རྒྱལ་ཁབ་དགྲར་འཛིན་གྱི་ནག་ཉེས་བཙུགས་ནས་ལྕམ་སྒང་བཙོན་ཁང་དང་ར་སྦུག་ནང་བཙོན་ཁང་སོགས་སུ་བཅུག་ཡོད་པའི་སྲིད་དོན་བཙོན་པ་དེ་ཚོར་བཀག་ཉར་སྐབས་སུ་རྡུང་རྡེག་ཚབས་ཆེན་བཏང་སྟེ་མི་༤་ཛ་དྲག་གི་གནས་སུ་ལྷུང་། འབྲུག་གཞུང་ལ་ཉེས་ཡངས་བཏང་ནས་བཙོན་པ་གློད་གྲོལ་གཏོང་སྲོལ་ཡོད་པ་ལྟར་སྲིད་དོན་བཙོན་པ་རྣམས་གྲོལ་གྲོལ་གཏོང་དགོས་ཞེས་ནན་གྱིས་བསྐུལ།།

༢༠༠༨ ལོའི་ཟླ་བ ༡༡ པའི་ཚེས ༦ ཉིན་ཐེམ་ཕུ་རུ་འབྲུག་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་དང་འབྲུག་རྒྱལ་པོ་གསར་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་ཁྲི་འདོན།

༡༩༩༩་ལོར་འབྲུག་རྒྱལ་པོ་འཇིགས་མེད་སེངྒེ་དབང་ཕྱུག་གིས་ཚེ་བཙོན་གྱི་ཉེས་ཆད་ཕོག་པའི་སྲིད་དོན་བཙོན་པ་ཁག་ཅིག་ཚུད་པའི་བཙོན་པ་༤༠་ཐམ་པ་ཉེས་ཡངས་བཏང་ཞིང་། ༢༠༢༢་ལོར་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་སྲིད་དོན་བཙོན་པ་ཞིག་ལ་ཉེས་ཡངས་བཏང་སྟེ་གློད་གྲོལ་ཐོབ། འཛམ་གླིང་ཡོངས་སུ་འབྲུག་ཡུལ་ནི་བྱམས་བརྩེ་ལྡན་པ་དང་གཞན་གྱི་སྡུག་བསྔལ་ཤེས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། འབྲུག་གཞུང་གིས་རྒྱལ་ཡོངས་ཀྱི་བདེ་སྐྱིད་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུ་གཙིགས་སུ་བཟུང་སྟེ་སྙན་གྲགས་རྒྱས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབྲུག་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་གོང་བཀུར་བྱས་ནས་སྲིད་དོན་བཙོན་པ་རྣམས་དང་དེ་དག་གི་བཟའ་མི་ཚོ་སྡུག་བསྔལ་འོག་ནས་ཐར་དུ་འཇུག་དགོས་ཞེས་བཤད། འབྲུག་ཡུལ་གྱི་སྲིད་དོན་བཙོན་པ་མང་ཆེ་བ་བལ་པོ་ཡིན་པའི་གནས་ཚུལ་ཐོན་འདུག

ན་ནིང་ཕྱི་ཟླ་༩་པའི་ཚེས་༡༣་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབྲུག་གཞུང་ལ་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་དང་བཙོན་ཁང་ཁག་གི་གནས་སྟངས་ཡར་རྒྱས་གཏོང་དགོས། མ་དྷུ་ཀར་མོན་གྷེར་ཞེས་པའི་སྲིད་དོན་བཙོན་པ་ཞིག་གིས་ཆབ་སྲིད་ཀྱི་ཡིག་ཆ་བཀྲམ་ནས་ལོ་༢༩་ལ་བཙོན་དུ་ཚུད། ཁོ་པ་༢༠༢༣་ལོའི་ཕྱི་ཟླ་༨་པའི་ནང་གློད་གྲོལ་བཏང་བར་བསྔགས་བརྗོད་ཡོད། ད་དུང་བཙོན་ཁང་ཁག་ཏུ་ལུས་ཡོད་པའི་སྲིད་དོན་བཙོན་པ་ཚོར་བཟའ་བཏུང་འདང་ངེས་མེད་པ་དང་སྨན་བཅོས་ཚུལ་བཞིན་བྱེད་ཀྱི་མེད་པའི་དཀའ་ངལ་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སྲིད་དོན་བཙོན་པ་དེ་དག་གི་བདེ་སྡུག་ལ་སེམས་ཁྲལ་ཡོད། འབྲུག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བཏང་ནས་སྲིད་དོན་བཙོན་པ་དེ་རྣམས་བཙོན་དུ་བཅུག་ཡོད་པ་རེད་ཅེས་སྐྱོན་བཙུགས། དུས་རབས་སྔོན་མའི་ལོ་རབས་༩༠་པའི་ནང་འབྲུག་གཞུང་གིས་བལ་པོ་༩༠༠༠༠་ཡས་མས་ཤིག་མཐར་སྐྲོད་བཏང་བའི་སྲིད་ཇུས་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་ཁ་རྡུང་ཕོག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་མཱི་ནཀ་ཤི་གྷན་གུ་ལིས་

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་མཱི་ནཀ་ཤི་གྷན་གུ་ལིས་བཤད་པ་ལྟར་ན། འབྲུག་གཞུང་གིས་རྒྱལ་ཡོངས་བདེ་སྐྱིད་ཐོན་སྐྱེད་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་སྲིད་དོན་བཙོན་པ་ཚོར་ལྟ་སྐྱོང་བྱེད་སྟངས་ནི་དེའི་ལྡོག་ཕྱོགས་ཤིག་རེད། རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་སྲིད་དོན་བཙོན་པ་ཚོར་བྱམས་དང་སྙིང་རྗེ་བསྒོམས་ནས་ཉེས་ཡངས་གཏོང་དགོས། སྲིད་དོན་བཙོན་པ་དེ་རྣམས་དྲང་སྙོམས་མིན་པར་འཛིན་བཟུང་བྱས་པ་རེད་ཅེས་ནན་བརྗོད་བྱས་འདུག ༢༠༠༨་ལོར་འབྲུག་ཡུལ་གྱི་ཁྲིམས་ལུགས་སུ་སྐྱེ་བོ་གང་ཞིག་གིས་རྩ་བ་གསུམ་སྟེ། རྒྱལ་པོ་དང་རྒྱལ་ཁབ། མི་དམངས་བཅས་ལ་རྒྱབ་འགལ་བྱས་པ་དང་རྒྱབ་འགལ་བྱ་ཐབས་བྱས་པའི་ནག་ཉེས་ཐོན་ན་སྲིད་དོན་བཙོན་པར་བརྩི་དགོས་ཞེས་གཏན་དུ་ཕབ། རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣ་ཚོས་འབྲུག་གཞུང་ལ་སྲིད་དོན་བཙོན་པའི་གནས་སྟངས་གླེང་སློང་བྱས་ཚེ། འབྲུག་གཞུང་གིས་སྲིད་དོན་བཙོན་པ་དེ་འདྲ་ཞིག་མེད་ཅེས་ངོས་ལེན་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ལོ་ན་༥༧་ལ་སོན་པའི་མ་དྷུ་ཀར་མོན་གྷེར་ནི་བལ་པོ་ཞིག་ཡིན་པ་དང་ལོ་རབས་༩༠་པའི་ནང་འབྲུག་གཞུང་གིས་ཕྱིར་ཕུད་བྱས། ཡིན་ནའང་ཁོ་པ་འབྲུག་ཡུལ་དུ་ཕྱིར་ལོག་བྱས་ནས་བྷུ་ཊན་མི་དམངས་ཚོགས་པའི་ཆེད་དུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ། དེར་བརྟེན་༡༩༩༤་ལོའི་ཕྱི་ཟླ་༢་པའི་ནང་འབྲུག་པའི་དམག་གིས་འཛིན་བཟུང་བྱས་ནས་ཁྲིམས་ཁང་གིས་༣༡་ལ་བཙོན་འཇུག་བྱ་དགོས་པའི་ཁྲིམས་ཐག་བཅད། མ་དྷུ་ཀར་མོན་གྷེར་གྱིས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་བཤད་པ་ལྟར་ན། ཁོ་པ་འཛིན་བཟུང་བྱས་པའི་སྐབས་དེར་ལོ་༢༦་ཡིན་པ་དང་འབྲུག་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ནག་ཉེས་བཙུགས་བྱུང་ཟེར། སྔ་ལོ་མོན་གྷེར་གྱིས་འབྲུག་གི་དངུལ་ཊམ་༢༡༠༠༠་སྟེ། ཨ་སྒོར་༢༥༠་ཐམ་པའི་ཆད་པ་འཇལ་བས་བཙོན་བཀྲོལ་ཐོབ། ཁོ་པས་ང་ལྕམ་སྒང་བཙོན་ཁང་དུ་བཅུག་པ་དང་འབྲུག་གཞུང་གི་ལས་སྣེ་ཚོས་ང་ཚོར་རྒྱལ་བཙོན་ཞེས་འབོད། བཙོན་སྲུང་བ་ཚོས་ང་ཚོར་རྒྱལ་ཚོང་བ་ཞེས་འབོད། སྲིད་དོན་བཙོན་པ་ཚོར་གང་ཅིའི་ཐད་ནས་སྡང་ཟུག་ཆེན་པོ་འདུག་ཅེས་བཀྲལ།།

མ་དྷུ་ཀར་མོན་གྷེར་གྱིས་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་བཤད་པ་ལྟར་ན། འབྲུག་གཞུང་གིས་བཙོན་པ་རེར་ཟླ་བ་གཅིག་ལ་འབྲས་སྤྱི་རྒྱ་༢༠་སྤྲོད་ཀྱི་ཡོད་པ་སྤྱི་རྒྱ་༡༢་དང་གྲོ་ཕྱེ་སྤྱི་རྒྱ་༦་སྤྲོད་ཀྱི་ཡོད་པ་སྤྱི་༡.༥་ལ་བསྒྱུར། དྷ་ལི་(སྲན་མའི་རིགས)སྤྱི་རྒྱ་༣་ཡོད་པ་དེ་སྤྱི་རྒྱ་༢་ལ་བསྒྱུར་ནས་ཉུང་དུ་བཏང་སོང་། བཙོན་པ་ཚོར་བདུན་ཕྲག་རེར་ཤ་ཏོག་ཙམ་དང་སྔོ་ཚོད་སོས་ཅུང་ཙམ་སྤྲོད་ཀྱི་འདུག ང་གློད་གྲོལ་བཏང་བའི་སྐབས་དེར་བཙོན་ཁང་དུ་ཉུང་མཐའ་ཡང་སྲིད་དོན་བཙོན་པ་༤་ལུས་འདུག བཙོན་པ་གཅིག་ལ་རྡུག་རྡེག་ཕོག་ནས་སྒལ་པར་བཤགས་བཅོས་ཐེངས་གཉིས་བྱས་པ་རེད། སྲིད་དོན་བཙོན་པ་གཞན་པ་གསུམ་བདེ་ཐང་མེད་པར་རྟག་ཏུ་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱ་དགོས་ཀྱི་འདུག ཁོ་ཚོ་བདེ་ཐང་མེད་པའི་རྒྱུ་རྐྱེན་ནི་བཀག་ཉར་སྐབས་སུ་མནར་གཅོད་ཕོག་པ་དང་བཙོན་ཁང་གི་འཚོ་བ་ཞན་པའི་སྟབས་ཀྱིས་ཡིན་ཤེས་ཆེ་ཟེར། འབྲུག་གཞུང་གིས་སྲིད་དོན་བཙོན་པ་དེ་རྣམས་འབྲུག་པ་མིན། ཁོ་ཚོ་ཁྲིམས་འགལ་ཐོག་ཏུ་འབྲུག་ཡུལ་ཡོང་སྟེ་གཞིས་ཆགས་པའི་བལ་པོ་རེདད་འགྲེལ་བཤད་ཐ་དད་ཅིག་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག