གྷ་ཛའི་དམག་འཐབ་ཀྱི་ལོ་འཁོར་དུས་ཚིགས་ཉིན་ཧེཛ་བུ་ལས་ཨིས་རལ་ལ་གཏོར་རྒོལ་བྱས།

Your browser doesn’t support HTML5

གྷ་ཛའི་དམག་འཐབ་ཀྱི་ལོ་འཁོར་དུས་ཚིགས་ཉིན་ཧེཛ་བུ་ལས་ཨིས་རལ་ལ་གཏོར་རྒོལ་བྱས།

རེས་གཟའ་ཟླ་བའི་ཉིན་མོ་ནི་ལོ་གཅིག་གོང་ཧ་མཱས་དྲག་སྤྱོད་པས་ཨིས་རལ་ལ་གློ་བུར་དྲག་རྒོལ་བྱས་ཏེ་ལོ་གཅིག་འཁོར་བའི་དུས་ཚིགས་ཡིན་པ་དང་། རེས་གཟའ་ཟླ་བའི་ཞོགས་པ་ཨི་རན་གྱིས་རྒྱབ་གཉེར་བྱས་པའི་ཧེཛ་བུ་ལ་དྲག་སྤྱོད་རུ་ཚོགས་ཀྱིས་ཨིས་རལ་གྱི་གྲོང་ཁྱེར་ཆེ་ཤོས་གསུམ་པ་ཧེ་ཕཱ་ལ་མེ་ཤུགས་འཕུར་མདེལ་རིམ་པར་འཕེན་འདུག་པ་དང་། ད་ལམ་གྱི་གཏོར་རྒོལ་དེ་དག་ལོ་གཅིག་གོང་ཨིས་རལ་གྱིས་ཧ་མཱས་ལ་དྲག་པོའི་རྒོལ་རྡུང་བཏང་བ་དེར་ཡ་ལན་སློག་པ་ཡིན་ལུགས་བཤད་འདུག་ཅིང་། དེ་ནི་ཨིས་རལ་གྱིས་གྷ་ཛར་དམག་འཐབ་བྱས་པ་དེ་བཞིན་ད་ཆ་དཀྱིལ་ཤར་མངའ་ཁུལ་ནང་རྒྱ་ཆེར་ཁྱབ་བཞིན་པའི་མངོན་རྟགས་ཡིན་པ་རེད།

ཨིས་རལ་གྱིས་གྷ་ཛ་ནང་ཡོད་ཧ་མཱས་དང་དམག་འཐབ་བྱེད་བཞིན་པ་མ་ཟད། ཉེ་བའི་ཆར་ཧེཛ་བུ་ལའི་འགོ་ཁྲིད་ན་ས་རཱ་ལ་རྐྱེན་ལམ་དུ་བཏང་བ་ཐེ་བའི་ཁུལ་དེའི་དྲག་འཐབ་རུ་ཚོགས་ཁག་ལ་འཐབ་རྒོལ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ད་ཆ་ཨིས་རལ་གྱིས་ཧེཛ་བུ་ལ་དྲག་འཐབ་པའི་བརྟེན་གཞི་ལྷོ་ཕྱོགས་ལེ་བྷ་ནོན་ལ་དྲག་པོའི་བཙན་འཛུལ་བྱ་རྒྱུར་གྲ་སྒྲིག་ཨང་གསར་བྱས་འདུག་ཅིང། ཧེཛ་བུ་ལ་དྲག་འཐབ་རུ་ཚོགས་དེ་ནི་པེ་ལེས་ཐན་གྱི་དྲག་སྤྱོད་རུ་ཁག་ཧ་མཱས་ཡི་མཐུན་གྲོགས་ཀྱང་ཡིན་པ་རེད། ད་ལམ་ཧེཛ་བུ་ལས་ཨིས་རལ་གྱི་ལྷོ་ཕྱོགས་ཧེ་ཕཱ་གྲོང་ཁྱེར་ཐོག་ཕཱ་ཏཱ་གཅིག་མིང་ཅན་གྱི་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་ལུགས་གསལ་སྟོན་བྱས་པས་མ་ཚད་གྲོང་ཁྱེར་དེ་ནས་རྒྱང་ཐག་ཀི་ལོ་མི་ཀྲར་༦༥འི་སར་ཆགས་པའི་ཨིས་རལ་གྱི་གྲོང་ཁྱེར་ཏལ་ཨ་བིཝ་ཐོག་ཏུའང་མེ་ཤུགས་འཕུར་མདེལ་ཁག་ཅིག་འཕེན་པ་ཡིན་ཞེས་བཤད་འདུག དེའི་བར་ན་ཨིས་རལ་གྱི་ཉེན་རྟོག་པས་ཀྱང་ད་རེས་ཧེཛ་བྷུ་ལ་དྲག་འཐབ་པས་མཚོ་ཁའི་གྲོང་ཁྱེར་ཆེན་མོ་ཧེ་ཕཱར་མེ་ཤུགས་འཕུར་མདེལ་གྱི་རྒོལ་རྡུང་རིམ་པར་བཏང་བ་དེ་བདེན་པ་རེད་ཅེས་བཤད་འདུག དེ་དང་ཕྱོགས་མཚུངས་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ད་རེས་ཀྱི་དྲག་རྒོལ་དེ་ཚོའི་ནང་ཉུང་མཐར་མི་བཅུ་ལ་རྨས་སྐྱོན་བྱུང་ཡོད་སྐོར་གསལ་འདོན་བྱས་འདུག དེ་དང་ཕྱོགས་མཚུངས་ཨིས་རལ་གྱིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་ ད་རེས་ཧེཛ་བྷུ་ལས་ལེ་བྷ་ནོན་ནས་ཨིསི་རལ་གྱི་ཧེ་ཕཱ་གྲོང་ཁྱེར་ཐོག་མེ་ཤུགས་འཕུར་མདེལ་གྲངས་ལྔ་འཕེན་འདུག་པ་དང་། དེ་བཞིན་ཨིས་རལ་གྱིས་དེ་དག་བར་སྣང་དུ་བཀག་འགོག་བྱས་ཏེ་འཕུར་མདེལ་གྱི་ཆག་རོ་མང་པོ་ཞིག་ངོ་རྟགས་འཕྲོད་སྐོར་དང་། ད་རེས་ཀྱི་དོན་རྐྱེན་དེར་བསྐྱར་ཞིབ་བྱེད་ཀྱི་ཡོད་ཅེས་བཀོད་ཡོད་པ་རེད།

ཡང་གསལ་བསྒྲགས་དེའི་ནང་བཀོད་དོན་ལ་ ཨིས་རལ་གྱི་བྱང་ཕྱོགས་གྷ་ལི་ལིའི་ས་ཁུལ་གྱི་གྲོང་ཁྱེར་ཏི་བྷི་རིས་ཐོག་ལ་མེ་ཤུགས་འཕུར་མདེལ་གྲངས་༡༥འཕེན་གཏོང་བྱས་འདུག་ཀྱང་དེ་ཚོ་འགའ་ཤས་ཤིག་ས་ཐོག་ཏུ་ཕབ་འདུག་ཅེས་གསལ་ཡོད་པ་རེད། དེ་བཞིན་ཨིསི་རལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་བཤད་དོན་ལ་ ཏི་བྷི་རིས་ཐོག་ལ་མེ་ཤུགས་འཕུར་མདེལ་གཞན་ལྔས་གཏོར་རྒོལ་བྱས་འདུག་ཅེས་འགྲེལ་བརྗོད་བྱས་འདུག ཡང་ཉེན་རྟོག་པས་བཤད་ན་ ད་ལམ་གྱི་་དྲག་རྒོལ་དེས་ཁང་ཆེན་སོགས་ཁར་དབང་གཞན་ཁག་ལ་གནོད་སྐྱོན་བྱུང་ཡོད་ནའང་མི་ལ་འཆི་རྨས་ཀྱི་གནས་ཚུལ་འཚབ་ཆེ་བ་གང་ཡང་བྱུང་མེད་ལུགས་གསལ་སྟོན་བྱས་ཡོད་པ་རེད། དེ་ལྟར་ནའང་ ད་སྐབས་ཨིསི་རལ་གྱིས་གྷ་ཛ་ཙམ་མིན་པར་ རྒྱ་ཆེ་ས་ལེ་བྷ་ནོན་ནང་ཧེཛེ་བྷུ་ལ་དྲག་འཐབ་པ་དང་དེ་མིན་ཡེ་མན་ནང་གི་ཧུ་ཏི་དྲག་འཐབ་རུ་ཚོགས་སོགས་ལ་དྲག་རྒོལ་བྱས་དང་བྱེད་བཞིན་པ་དེས་ཨིས་རལ་གྱི་མཐུན་གྲོགས་ཨ་རི་དང་དྲག་འཐབ་དེ་ཚོར་མཐུན་འགྱུར་སྦྱོར་སྤྲོད་བྱེད་མཁན་ཨི་རན་གཉིས་ཀྱི་དབར་མ་འདོད་བཞིན་དམག་འཁྲུག་རྒྱག་དགོས་ཆགས་སྲིད་པའི་བློ་འཚབ་བྱེད་དགོས་གྱུར་ཡོད་པ་རེད།

རུའི་ཀྲར་དང་བྷི་བྷི་སི་གཉིས་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲི།