ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༡/༢༢

ཧི་ཛི་བྷུ་ལཱའི་མཐོ་རིམ་འགོ་ཁྲིད་༧་བསད་པ་དེ་དག་སུ་སུ་རེད།


བྷ་ག་དྷཱ་རུ་ལེ་བྷ་ནོན་ཧེ་ཛི་བྷོ་ལཱའི་འགོ་གཙོ་ས་ཡེད་ཧཱ་སན་ན་སར་ལཱ་བསད་པའི་གསལ་བསྒྲགས་སྤེལ་རྗེས་མི་མང་གིས་ངོ་རྒོལ་བྱས།
བྷ་ག་དྷཱ་རུ་ལེ་བྷ་ནོན་ཧེ་ཛི་བྷོ་ལཱའི་འགོ་གཙོ་ས་ཡེད་ཧཱ་སན་ན་སར་ལཱ་བསད་པའི་གསལ་བསྒྲགས་སྤེལ་རྗེས་མི་མང་གིས་ངོ་རྒོལ་བྱས།

༄༅།། འདས་པའི་བདུན་ཕྲག་དེར་ཨི་སི་རལ་གྱིས་ལེ་བྷ་ནན་ལྷོ་ཕྱོགས་སུ་ཡོད་པའི་ཧི་ཛི་བྷུ་ལཱ་འཇབ་དམག་གི་མཐོ་རིམ་འགོ་ཁྲིད་བདུན་བསད། ཕྱི་ཟླ་༩་པའི་ཚེས་༣༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སྔོན་གཟའ་པ་སངས་ཉིན་ཨི་སི་རལ་གྱི་གནམ་དམག་གིས་འཕུར་མདེལ་འཕངས་ནས་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་ཧ་སན་ནེ་སི་རེ་ལཱ་(Hassan Nasrallah)་ལྔ་ལམ་དུ་བརྫངས། ཧ་སན་ན་སི་རེ་ལཱ་རྩ་མེད་བཏང་ནས་ཨི་སི་རལ་གྱི་དམག་དང་གསང་བའི་ལས་ཁུངས་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ། ཨི་རན་དང་ཨི་རཀ པ་ལི་སི་ཐན་བ་དང་སི་རི་ཡ། ཡེ་མན་གྱི་ཧུ་ཐི་གྱེན་ལོགས་པ་སོགས་ཀྱིས་ཧ་སན་ན་སི་ལེ་ལར་མྱ་ངན་བྱས་ནས་ཨི་སི་རལ་ལ་དགྲ་ལེན་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཧི་ཛི་བྷུ་ལཱ་འཇབ་དམག་ནི་དུས་རབས་སྔོན་མའི་ལོ་རབས་༨༠་པའི་ནང་དུ་ཚུགས། ཟླ་ཤས་གོང་ནས་སྒྲིག་འཛུགས་དེའི་མཐོ་རིམ་འགོ་ཁྲིད་ཚོ་གཅིག་རྗེས་གཉིས་མཐུད་དུ་ཨི་སི་རལ་གྱིས་བསད་ནས་ཅི་བྱ་གཏོལ་མེད་དུ་གྱུར།།

༡༩༩༢་ནས་ཧ་སན་ན་སི་རེ་ལཱའི་འགོ་ཁྲིད་འོག་ཧི་ཛི་བྷུ་ལཱ་ཤོག་ཁག་གིས་ཨི་སི་རལ་ལ་འཐབ་འཁྲུག་ཐེངས་འགའ་ཞིག་བརྒྱབ། ད་དུང་སྒྲིག་འཛུགས་དེ་ལེ་བྷ་ནན་གྱི་ཆབ་སྲིད་ལ་ཞུགས་ནས་རྒྱལ་ཁབ་ཀྱི་ལས་དོན་ཆེ་ཕྲ་ཁག་ལ་ཤུགས་རྐྱེན་ཐེབས། ༢༠༡༡་ལོར་སི་རི་ཡར་ནང་འཁྲུག་ལངས་པ་དང་ཧི་ཛི་བྷུ་ལཱའི་འཐབ་མོ་བ་ཚོས་སྲིད་འཛིན་ཨ་ས་ད་ལ་སྲུང་སྐྱོབ་བྱས་ནས་གྱེན་ལོག་པ་ཚོར་སྲིད་གཞུང་མགོ་རྟིང་སློག་ཏུ་མ་བཅུག དེ་བཞིན་ཧི་ཛི་བྷུ་ལཱ་ཤོག་ཁག་གིས་ཡེ་མན་གྱི་ཧུ་ཐི་གྱེན་ལོག་པ་དང་ཨི་རཀ་གི་ཤི་ཡ་ཆོས་རྒྱུད་ཀྱི་ཡུལ་དམག་ལ་རྒྱབ་སྐྱོར། ༢༠༠༠་ལོར་ཨི་སི་རལ་གྱི་དམག་དཔུང་ལེ་བྷ་ནན་གྱི་ལྷོ་ཕྱོགས་ནས་ཕྱིར་འཐེན་བྱས་ཏེ་ཧ་སན་སི་རེ་ལཱ་སྔར་ལས་དབང་ཐང་རྒྱས། ལེ་བྷ་ནན་གྱི་སུ་ཎི་ཆོས་རྒྱུད་ཀྱི་ཁ་ཆེ་དང་ཡེ་ཤུ་སོགས་ཀྱི་ཛི་བྷུ་ལཱ་ཤོག་ཁག་གིས་འཁྲུག་རྩོད་བསླངས་ནས་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག ཧི་ཛི་བྷུ་ལཱ་སྒྲིག་འཛུགས་ནི་ཨི་རན་གྱི་ལག་ཆ་ཞིག་ཏུ་གྱུར་འདུག་ཅེས་སྐྱོན་བཙུགས།།

ན་བིལ་ཀའོ་ཁུ་ནི་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་གཞོན་པ།
ན་བིལ་ཀའོ་ཁུ་ནི་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་གཞོན་པ།

ན་བིལ་ཀའོ་ཁུ་(Nabil Kaouk)་ནི་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་གཞོན་པ་ཡིན་ཞིང་། ཁོ་པ་ལོ་རབས་༨༠་པའི་ནང་དུ་ཧི་ཛི་བྷུ་ལཱའི་སྒྲིག་འཛུགས་ཁོངས་སུ་ཞུགས། ༡༩༩༥་ནས་༢༠༡༠་བར་དུ་ལེ་བྷ་ནན་ལྷོ་ཕྱོགས་ཀྱི་དམག་དཔུང་བཀོད་འདོམས་པའི་གོ་གནས་བཟུང་། ཁོ་པ་བརྙན་འཕྲིན་ནང་དུ་ཐོན་ནས་སྒྲིག་འཛུགས་དེའི་རྒྱབ་སྐྱོར་བ་དང་ཧི་ཛི་བྷུ་ལཱའི་འཇབ་དམག་བསད་པ་ཚོའི་ཕུང་པོ་དུར་འཇུག་སྐབས་སུ་གཏམ་བཤད་ཐེངས་འགའ་ཞིག་བྱས་མྱོང་། མི་ཚོས་ཧ་སན་ནེ་སི་རེ་ལཱའི་འཕྲོ་ནས་ན་བིལ་ཀའོ་ཁུ་སྒྲིག་འཛུགས་དེའི་འགོ་ཁྲིད་དུ་འགྱུར་རྒྱུ་རེད་ཅེས་གླེང་། ཁོ་པ་གཟའ་སྤེན་པའི་ཉིན་ཨི་སི་རལ་གྱིས་བསད། ཨིབ་ར་ཧིམ་ཨ་ཀིལ་(Ibrahim Akil)་ནི་ཧི་ཛི་བྷུ་ལཱའི་དྲག་གྲས་དམག་དཔུང་གི་མཐོ་རིམ་བཀོད་འདོམས་པ་ཞིག་ཡིན་པ་དང་ཨི་རལ་གྱི་ཁ་གཏད་དུ་ལངས། ༡༩༨༣་ལོར་རྒྱལ་ས་བྷེ་རུ་ཊའི་ཨ་རིའི་གཞུང་ཚབ་ཁང་ལ་གཏོར་རྒོལ་བྱེད་མཁན་གྲས་སུ་ཡོད་པར་མ་ཟད། ཨ་རི་བ་དང་འཇར་མན་པ་ཁག་ཅིག་བཙན་ཁྲིད་བྱས་མྱོང་།།

ཨ་ལི་ཀ་ར་ཀི་ནི་ཧི་ཛི་བྷུ་ལཱའི་གནད་ཡོད་མི་སྣ་ཞིག
ཨ་ལི་ཀ་ར་ཀི་ནི་ཧི་ཛི་བྷུ་ལཱའི་གནད་ཡོད་མི་སྣ་ཞིག

ཨཱ་མེ་ད་ཝེ་ཧེ་བི་(Ahmad Wehbe)་ནི་ཧི་ཛི་བྷུ་ལཱའི་དྲག་གྲས་དམག་དཔུང་གི་བཀོད་འདོམས་གཞན་ཞིག་ཡིན་པ་དང་སྒྲིག་འཛུགས་དེ་རྒྱ་བསྐྱེད་ནས་ལེགས་སྐྱེས་ཕུལ། ཁོ་པ་ཧ་སན་ན་སི་ལེ་ལཱའི་མཉམ་དུ་བསད། ཨ་ལི་ཀ་ར་ཀི་(Ali Karaki)་ནི་ཧི་ཛི་བྷུ་ལཱའི་གནད་ཡོད་མི་སྣ་ཞིག་ཡིན་རུང་ལོ་རྒྱུས་ཞིབ་ཕྲ་མི་རྙེད། མྷོ་མེ་ད་སུ་རོར་(Mohammad Surour)་ནི་ཧི་ཛི་བྷུ་ལཱའི་ཁ་ལོ་བ་མེད་པའི་འཕུར་གྲུ་དཔུང་སྡེའི་འགོ་ཁྲིད་ཡིན་པ་དང་ཨི་སི་རལ་གྱི་ས་ཐོག་ཏུ་རྒོལ་རྡུང་བྱ་ཡུལ་བཙལ། ཧི་ཛི་བྷུ་ལའི་མེ་ཤུགས་འཕུར་མདའ་དང་འཕུར་མདེལ་གྱིས་ཨི་སི་རལ་ལ་རྒོལ་རྡུང་བྱས། ཨིབ་ར་ཧིམ་ཀོ་བེ་སི་(Ibrahim Kobeissi)་ནི་ཧི་ཛི་བྷུ་ལཱའི་འཕུར་མདེལ་དཔུང་སྡེའི་འགོ་ཁྲིད་ཡིན་པ་དང་༢༠༠༠་ལོར་ཨི་སི་རལ་གྱི་བྱང་ཕྱོགས་ནས་འཇིའུ་གསུམ་བཙན་གྱིས་ཁྲིད། ལོ་བཞིའི་རྗེས་སུ་བཙོན་པ་རྗེས་ལེན་སྐབས་སུ་ཨི་སི་རལ་གྱི་མི་དེ་དག་གི་ཕུང་པོ་སྤྲད། ཁ་སྔོན་ཕྱི་ཟླ་༧་པའི་ནང་ཨི་སི་རལ་གྱིས་ཧི་ཛི་བྷུ་ལའི་དམག་དཔུང་བཀོད་འདོམས་པ་ཧྥའུ་ད་ཤུ་ཀར་བསད།།

ཨིབ་ར་ཧིམ་ཀོ་བེ་སི་ནི་ཧི་ཛི་བྷུ་ལཱའི་འཕུར་མདེལ་དཔུང་སྡེའི་འགོ་ཁྲིད་ཡིན་པ་
ཨིབ་ར་ཧིམ་ཀོ་བེ་སི་ནི་ཧི་ཛི་བྷུ་ལཱའི་འཕུར་མདེལ་དཔུང་སྡེའི་འགོ་ཁྲིད་ཡིན་པ་

ཕྱི་ཟླ་༩་པའི་ཚེས་༣༠་ཉིན་ཨི་སི་རལ་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༠༦་ནས་ཧི་ཛི་བྷུ་ལཱ་འཇབ་དམག་གི་འགོ་ཁྲིད་ཧ་སན་ན་སི་རེ་ལཱ་སྐུང་ནས་བསྡད། གཟའ་པ་སངས་ཉིན་ཨི་སི་རལ་གྱིས་འཐབ་འཛིང་གནམ་གྲུ་ཁག་གིས་ཧི་ཛི་བྷུ་ལཱ་འཇབ་དམག་གི་སྤྱི་ཁྱབ་བཀོད་འདོམས་ཁང་གི་ཐོག་ཏུ་འབར་མདེལ་༨༤་གཡུགས་ནས་ཧ་སན་ནེ་སི་རེ་ལཱ་ཚུད་པའི་མི་༢༠་ལྷག་བསད། ཁང་ཆེན་༦་ལེབ་ལེབ་ཏུ་བཏང་སྟེ་ཨི་སི་རལ་གྱིས་ལོ་བཅུ་ཕྲག་གསུམ་ལ་ཧ་སན་ན་སི་རེ་ལཱ་གསོད་ཐབས་བྱས་པར་འབྲས་བུ་སྨིན། ༡༩༩༢་ལོར་ན་སི་རེ་ལཱ་སྒྲིག་འཛུགས་དེའི་འགོ་ཁྲིད་དུ་བསྐོས། ༢༠༠༦་ལོར་ཨི་སི་རལ་དང་ཧི་ཛི་བྷུ་ལཱའི་དམག་འཁྲུག་ལངས། དུས་དེ་ནས་བཟུང་སྟེ་ཨི་སི་རལ་གྱིས་ན་སི་རེ་ལཱ་གསོད་ཐབས་ཐེངས་གསུམ་བྱས་ཀྱང་མ་གྲུབ། ན་སི་རེ་ལཱའི་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་སྟེ་དགོས་ངེས་ཀྱི་དུས་སུ་མ་གཏོགས་ཕྱི་ལ་མི་ཐོན། འདས་པའི་ལོ་༢༢་ཀྱི་རིང་ན་སི་རེ་ལཱ་ཕྱི་ལ་ཐོན་ནས་གཏམ་བཤད་ཐེངས་བཞི་ལྔ་ཞིག་ལས་བྱས་མྱོང་མེད་པའི་གནས་ཚུལ་ཐོན་འདུག

མི་ཚོས་ཧ་སན་ན་སི་རེ་ལཱ་གང་དུ་སྐུང་ཡོད་མེད་གསལ་པོ་ཞིག་ཤེས་ཀྱི་མེད་ཀྱང་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུ་ཊིའི་ལྷོ་ཕྱོགས་ཀྱི་ཌ་ཧི་ཡ་ས་གནས་སུ་སྐུང་ཡོད་པའི་ཚོད་དཔག་བྱས་ཤིང་། མི་སུ་ཞིག་ན་སི་རེ་ལཱར་ཐུག་འཕྲད་དུ་བསྐྱོད་དགོས་ན་རླངས་འཁོར་ནང་དུ་མིག་བཀབ་སྟེ་རྒྱལ་ས་བྷེ་རུ་ཊིའི་སྲང་ལམ་ཁག་ཏུ་ཡུན་རིང་ཁྲིད་རྗེས་ན་སི་རེ་ལཱའི་འཁྲིས་སུ་བསླེབས། ཁོ་པ་ལོ་འདིའི་ཕྱི་ཟླ་༥་པའི་ནང་ཨ་མ་གྲོངས་ཁར་སྨན་ཁང་དུ་ཐུག་འཕྲད་ལ་བསྐྱོད། དེའི་སྐབས་ཀྱི་བརྙན་ཐུང་ཞིག་ཉི་མ་འགའ་ཞིག་གི་རྗེས་སུ་ཕྱི་ལ་བཀྲམ། ལེ་བྷ་ནན་གྱི་སྦྱར་པང་ཁག་གི་ངོས་སུ་ན་སི་རེ་ལཱའི་མགོ་པར་སྦྱར་བ་དང་བརྙན་འཕྲིན་དང་རླུང་འཕྲིན་ཁག་ཏུ་སྔོན་ནས་སྒྲ་འཇུག་བྱས་པའི་གཏམ་བཤད་རྣམས་བསྒྲགས། ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ན་སི་རེ་ལཱ་ས་གནས་གཅིག་ཏུ་འདུག་གི་མེད་པ་དང་སྐུང་ཡུལ་འགའ་ཞིག་ཡོད་པ་ཤེས་ཀྱང་ས་འོག་གི་ཁང་པ་གང་གི་ནང་དུ་ཡོད་པ་ཏག་ཏག་ཅིག་མ་ཤེས། ཧི་ཛི་བྷུ་ལཱ་ནི་༡༩༧༩་ལོར་ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་པའི་རྗེས་སུ་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་དང་ན་སི་རེ་ལཱ་བསད་པའི་རྗེས་སུ་ཨི་རན་ལ་གྱོང་གུད་ཆེན་པོ་ཕོག

ཕྱི་ཟླ་༩་པའི་ཚེས་༣༠་ཉིན་དངུལ་རྩའི་ཚགས་པར་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། ཧི་ཛི་བྷུ་ལཱའི་འཐབ་མོ་བ་རྣམས་སི་རི་ཡའི་ནང་འཁྲུག་ལ་ཞུགས་ནས་ཨི་སི་རལ་གྱི་གསང་ཉུལ་ཚོས་སྒྲིག་འཛུགས་དེའི་འབྲེལ་བ་རྣམས་ཤེས་རྟོགས་ཐུབ་རྒྱུ་སྟབས་བདེ་རུ་སོང་། ཧི་ཛི་བྷུ་ལཱ་དང་སི་རི་ཡའི་འཇིགས་སྐུལ་ཚོགས་པ་ཁག་འབྲེལ་བ་ཆགས། སི་རི་ཡ་དང་ར་ཤི་ཡའི་གསང་བའི་ལས་ཁུངས་ལ་འབྲེལ་བྱུང་། ཧི་ཛི་བྷུ་ལཱའི་འཐབ་མོ་བ་བསད་པ་དེ་དག་གི་དུར་འཇུག་མཛད་སྒོ་དང་རྗེས་དྲན་ཚོགས་འདུ་སོགས་ཀྱིས་སྒྲིག་འཛུགས་དེའི་མཐོ་རིམ་འགོ་ཁྲིད་ཚོ་གང་དུ་སྐུང་ཡོད་མེད་ཆེ་ལོང་ཙམ་ཚོད་དཔག་ཐུབ། ལེ་བྷ་ནན་གྱི་མཐོ་རིམ་སྲིད་དོན་པ་ཟུར་པ་ཞིག་གིས་སི་རི་ཡར་འབྲེལ་བ་བྱས་ནས་ཧི་ཛི་བྷུ་ལཱའི་འགོ་ཁྲིད་ཚོ་གང་དུ་སྐུང་ཡོད་མེད་གཞན་ལ་ཤེས་རྟོགས་འབྱུང་དུ་བཅུག་པ་རེད། ཨི་སི་རལ་གྱི་སྡེ་ཤོག་༩༩༠༠་བ་ནི་དམག་དོན་གསང་བའི་ལས་ཁུངས་ཀྱི་གློག་ཆས་ཚན་པ་ཡིན་ཞིང་། ཁོ་ཚོས་དྲྭ་ལམ་གྱི་བརྙན་དང་བརྡ་འཕྲིན་སོགས་ལ་བརྟག་དཔྱད་བྱས་ནས་གནས་ཚུལ་རེ་རེ་བཞིན་བསྒྲུགས། མཐར་ཧི་ཛི་བྷུ་ལཱའི་འགོ་ཁྲིད་ན་སི་རེ་ལཱ་གང་དུ་སྐུང་ཡོད་མེད་རྩད་ཆོད་པ་རེད་ཅེས་བཀྲལ།།

ཨི་སི་རལ་གྱི་གནམ་དམག་གིས་འཕུར་མདེལ་འཕངས་ནས་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་ཧ་སན་ནེ་སི་རེ་ལཱ་བསད་པ་
ཨི་སི་རལ་གྱི་གནམ་དམག་གིས་འཕུར་མདེལ་འཕངས་ནས་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་ཧ་སན་ནེ་སི་རེ་ལཱ་བསད་པ་

ཧྥ་རན་སིའི་ཕེ་རི་སི་ཚགས་པར་ནང་དུ་ནེ་སི་རེ་ལཱ་ས་འོག་གི་ཁང་པའི་ནང་དུ་བསྐྱོད་ཀྱི་འདུག་ཅེས་ཨི་རན་བ་ཞིག་གིས་ཨི་སི་རལ་ལ་བརྡ་བསྐྱལ་བ་རེད་ཅེས་གསར་འགྱུར་ཐོན། གལ་སྲིད་ཕེ་རི་སི་ཚགས་པར་ནང་དུ་ཐོན་པའི་གནས་ཚུལ་དེ་བདེན་པ་ཡིན་ཚེ། ཨི་རན་གྱི་སྤྱི་ཚོགས་སུ་ཨི་སི་རལ་གྱི་གསང་ཉུལ་གྱིས་ཁེངས། ཨི་སི་རལ་གྱི་གསང་ཉུལ་ཚོས་ཧི་ཛི་བྷུ་ལཱའི་རྒྱབ་སྐྱོར་བ་མང་བའི་ཌ་ཧི་ཡ་ས་གནས་སུ་མིག་བཙུགས་ནས་བལྟས་བསྡད་ཡོད་པ་ར་འཕྲོད། ཨི་སི་རལ་གྱིས་གནམ་དམག་གིས་ཨ་རིས་བཟོས་པའི་F-15་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༨་བཏང་ནས་འཕུར་གྱི་ཡོད་པའི་བརྙན་འཐུང་ཞིག་ཕྱི་ལ་ཁྱབ། ཉམས་ཞིབ་པ་ཚོས་ཧི་ཛི་བྷུ་ལཱ་ཤོག་ཁག་གི་འགོ་ཁྲིད་ཧ་སན་ན་སི་རེ་ལཱ་བསད་པའི་འབར་རྫས་རྣམས་ཨ་རིས་བཟོས་པའི་BLU-109་ཡིན་པའི་རྟགས་མཚན་འདུག འབར་མདེལ་རེར་ལྕི་ཚད་རྒྱ་མ་༢༠༠༠་ཡོད་པ་དང་སྲིད་འཛིན་བྷ་ཌན་གྱིས་ཨི་སི་རལ་ལ་འབར་རྫས་དེ་དག་གྷ་ཛའི་ས་གནས་ཁག་ཏུ་འཕེན་མི་ཆོག་ཅེས་བཀག་ཀྱང་ཧི་ཛི་བྷུ་ལཱའི་འགོ་ཁྲིད་ཚོ་རྩ་མེད་གཏོང་བར་འཕེན་ཆོག་པའི་འཁྲོལ་ཆ་སྤྲད་པ་འདྲ་ཞེས་དཔྱད་བརྗོད་སྤེལ་འདུག

གླེང་སྟེགས།

XS
SM
MD
LG