༄༅།། ཉེ་ཆར་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་གི་བརྡ་འབྱོར་འཕྲུལ་ཆས་ཕེ་ཇཱེར་དང་ཝོ་ཀི་ཊོ་ཀི་ཁ་པར་ནང་གི་གློག་རྫས་བཀད་ནས་མི་༣༩་བསད་པ་དང་མི་༣༠༠༠་ཡས་མས་ཤིག་རྨས། ཕྱི་ཟླ་༩་པའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གིས་བརྡ་འབྱོར་འཕྲུལ་ཆས་སོགས་བཀོལ་ཆས་ཀྱི་རིགས་རྣམས་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱ་དགོས། བརྡ་འབྱོར་འཕྲུལ་ཆས་གཅིག་པུ་མིན་པར་ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གིས་བཀོལ་སྤྱོད་བྱེད་བཞིན་པའི་བརྡ་འཕྲིན་ཡོ་ཆས་ཡོད་དོ་ཅོག་ལ་བརྟག་དཔྱད་བྱེད་ཀྱི་ཡོད། ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གི་བཀོལ་ཆས་མང་ཆེ་བ་རྒྱལ་ནང་དུ་བཟོས་པའམ། ཡང་ན་རྒྱ་ནག་དང་ར་ཤི་ཡ་ནས་ནང་འདྲེན་བྱས་པ་རེད་ཅེས་ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གི་མཐོ་རིམ་ལས་སྣེ་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་གླེང་མོལ་བྱས་འདུག
ཨི་རན་གྱི་འགོ་ཁྲིད་ཚོས་ཨི་སི་རལ་གྱི་གསང་ཉུལ་རྣམས་སིམ་འཛུལ་བྱེད་ཀྱི་ཡོད་པ་དང་ཨི་རན་བ་ཚོར་དངུལ་སྒོར་སྤྲད་ནས་གསང་བའི་ལས་དོན་སྒྲུབ་ཏུ་འཇུག་གི་ཡོད་པའི་ཉེན་ཁ་ཆེ་རུ་ཕྱིན་སོང་ཟེར། མིང་འདོན་མ་བྱས་པའི་ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གི་མཐོ་རིམ་ལས་སྣེ་དེས་ང་ཚོས་ཁ་ཆེའི་གསར་བརྗེ་སྲུང་དམག་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་ཀྱི་ཡོད། འབྲིང་རིམ་དང་མཐོ་རིམ་གྱི་དམག་དཔོན་ཁག་ཅིག་ལ་དོགས་པ་བྱུང་སྟེ་དམག་དཔོན་དེ་ཚོར་ཨི་རན་གྱི་ནང་ཁུལ་དང་ཕྱི་རྒྱལ་གྱི་དངུལ་ཁང་ཁག་ཏུ་དངུལ་སྒོར་ཅི་ཙམ་ཡོད་མེད། དམག་དཔོན་དེ་དག་དང་བཟའ་ཟླ་བུ་ཕྲུག་སོགས་གང་དུ་འགྲུལ་སྐྱོད་བྱས་ཡོད་མེད་བཅས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་བསྒྲགས། ཨི་རན་གྱི་ཕྱི་སྲིད་དང་རྒྱལ་སྲུང་། ནང་སྲིད་ལྷན་ཁང་བཅས་ལ་གསར་འགོད་པས་དེའི་སྐོར་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་།།
བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཧི་ཛི་བྷུ་ལཱ་འཇབ་དམག་གི་བརྡོ་འབྱོར་འཕྲུལ་ཆས་ཕེ་ཇཱེར་སྟོང་ཕྲག་མང་པོ་དུས་གཅིག་ཏུ་བཀད། གཟའ་ལྷག་པའི་ཉིན་ཝོ་ཀི་ཊོ་ཀི་ཁ་པར་བཀད་ནས་མི་ལ་བསད་རྨས་ཚབས་ཆེན་ཕོག ལེ་བྷ་ནན་གྱི་གཞུང་དང་ཧི་ཛི་བྷུ་ལཱ་གཉིས་ཀས་ཨི་སི་རལ་རྒོལ་རྡུང་དེའི་རྒྱབ་ཏུ་འདུག་ཅེས་ལན་ཁག་དཀྲིས། ཨི་སི་རལ་གྱིས་ཡིན་དང་མིན་གྱི་ལན་འདེབས་གང་ཡང་མ་བྱས། ཨི་རན་ལ་ཁ་ཆེའི་གསར་བརྗེ་སྲུང་དམག་༡༩༠༠༠༠་ལྷག་ཡོད་པ་དེ་དག་གིས་ཕན་ཚུན་འབྲེལ་བ་ཇི་ལྟར་བྱེད་ཀྱི་ཡོད་མེད་གསལ་པོར་མ་བཤད་ཀྱང་གནས་སྐབས་རིང་གསང་ཡིག་གི་བརྡ་འཕྲིན་འཕྲུལ་ཆས་ཀྱི་མ་ལག་ཅིག་བཀོལ་སྤྱོད་བྱེད་ཀྱི་ཡོད། ཨི་རན་གྱི་དབང་འཛིན་པ་ཚོར་བློ་འཚབ་ཆེན་པོ་བྱུང་སྟེ་ཧི་ཛི་བྷུ་ལཱ་འཇབ་དམག་ལ་འབྲེལ་བ་བྱས་ནས་འབར་རྫས་ཁག་ཅིག་བླངས། ཨི་རན་གྱི་མཁས་པ་ཚོས་ཧི་ཛི་བྷུ་ལཱ་འཇབ་དམག་གི་ཕེ་ཇཱེར་དང་ཝོ་ཀི་ཊོ་ཀི་ཁ་པར་ནང་གི་འབར་རྫས་ལ་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་བཀྲལ།།
ཨི་རན་གྱི་མཐོ་རིམ་ལས་སྣེ་གཞན་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ཚོས་བློ་འཚབ་བྱ་ཡུལ་གཙོ་བོ་ནི་ཨི་རན་གྱི་རྡུལ་ཕྲན་དང་འཕུར་མདེལ་གྱི་ལས་གྲྭ་ཁག་གི་སྲུང་སྐྱོབ་ཡིན། ལྷག་པར་དུ་ས་འོག་གི་ལས་གྲྭ་ཁག་ལ་སེམས་ཁྲལ་ཡོང་གི་འདུག ཡིན་ནའང་ན་ནིང་ནས་ལས་གྲྭ་དེ་དག་གི་སྲུང་སྐྱོབ་དམ་དུ་བཏང་ཡོད། ད་ལྟ་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་གི་སྲུང་སྐྱོབ་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་དམ་དུ་བཏང་ཡོད་པ་རེད། ལེ་བྷ་ནན་གྱི་ཧི་ཛི་བྷུ་ལའི་ཕེ་ཇཱེར་དང་ཝོ་ཀི་ཊོ་ཀི་ཁ་པར་བཀད་པའི་རྗེས་སུ་ཨི་རན་གྱི་འཕུར་མདེལ་ལས་གྲྭ་ཁག་གི་སྲུང་སྐྱོབ་སྔར་ལས་དམ་དུ་བཏང་ཡོད་ཅེས་བཤད། ༢༠༢༣་ལོར་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ལ་ཨི་སི་རལ་གྱིས་གཏོར་བརླག་བྱ་ཐབས་བྱས་པ་རེད། ལོ་ཤས་གོང་དུ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ཚན་རིག་པ་ཁག་ཅིག་ཀྱང་ཨི་སི་རལ་གྱིས་ལྐོག་གསོད་བྱས་པ་རེད་ཅེས་ཡོངས་གྲགས་སུ་གྱུར།།
ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་ནི་ཆབ་སྲིད་དང་དམག་དོན། དཔལ་འབྱོར་གྱི་སྟོབས་ཤུགས་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་ཞིང་། སྒྲིག་འཛུགས་དེ་ཨི་རན་གྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིའི་བཀོད་འདོམས་འོག་ཏུ་ཚུད། ༡༩༧༩་ལོར་ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ཏེ་ལྷ་བླའི་དབང་བསྒྱུར་ལམ་ལུགས་ཤིག་དར། ཨི་རན་གྱི་ཆོས་ལུགས་དབང་འཛིན་པ་ཚོར་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཁ་ཆེའི་གསར་བརྗེ་སྲུང་དམག་བཙུགས། དེང་སྐབས་ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་ལ་གནམ་དམག་དང་མཚོ་དམག སྐམ་དམག་གི་དཔུང་སྡེ་ལོགས་སུ་ཡོད་ཅིང་། ཨི་རན་གྱི་རྒྱལ་སྲུང་མཚོན་ཆའི་ལས་རིགས་ཁག་ལ་ཁ་ཆེའི་གསར་བརྗེ་སྲུང་དམག་གི་ཤུགས་རྐྱེན་ཐེབས། ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གིས་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་དང་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག སི་རི་ཡའི་གཞུང་དང་ཡེ་མེན་གྱི་ཧུ་ཐི་གྱེན་ལོག་པ། ཨི་རན་གྱི་ཁ་ཆེའི་ཡུལ་དམག་བཅས་ལ་དངུལ་སྒོར་དང་མཚོན་ཆ། འཕྲུལ་རིག་ལག་རྩལ་དང་སྦྱོང་བརྡར་སྤྲད།།
ཁ་ཆེའི་གསར་བརྗེ་སྲུང་དམག་གི་མཐོ་རིམ་ལས་སྣེ་དེས་ཨི་རན་གྱི་དམག་གིས་ཝོ་ཀི་ཊོ་ཀི་ཁ་པར་ཚུད་པའི་གསང་ཡིག་གི་བརྡ་འཕྲིན་ཡོ་བྱད་སྣ་མང་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད་ཀྱང་བརྡ་འཕྲིན་འཕྲུལ་ཆས་ཀྱི་རིགས་དང་ལས་རྟགས་རྣམས་མ་འདྲ་བ་རེད། ཨི་རན་གྱི་དམག་གི་བརྡ་འཕྲིན་ཡོ་བྱད་ཁག་ཅིག་རྒྱལ་ནང་དུ་བཟོས་པ་དང་ཕྱེད་ཀ་ཕྱི་རྒྱལ་ནས་ནང་འདྲེན་བྱས་པ་རེད། ཨི་རན་གྱི་དམག་གིས་ལོ་བཅུ་ཕྲག་གཉིས་ཀྱི་སྔོན་ནས་བརྡ་འབྱོར་འཕྲུལ་ཆས་ཕེ་ཇཱེར་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པར་མ་ཟད། ཨི་རན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་པའི་རྗེས་སུ་རྒྱལ་་ནང་གི་རྒྱལ་སྲུང་བཟོ་ལས་ཡར་རྒྱས་བཏང་སྟེ་དམག་གི་བརྡ་འཕྲིན་ཡོ་བྱད་རྣམས་ཕྱི་རྒྱལ་ལ་རེ་མི་དགོས་པ་ཞིག་ཏུ་གྱུར་ཡོད། སྔོན་ཆད་ཨི་རན་གྱིས་རྒྱ་ནག་དང་ར་ཤི་ཡ། ཉི་ཧོང་སོགས་ནས་བརྡ་འཕྲིན་ཡོ་ཆས་ཁག་ཅིག་ནང་འདྲེན་བྱས་པ་ཡིན་ཞེས་བསྟན།།
ཕྱི་ཟླ་༩་པའི་ཚེས་༢༣་ཉིན་གསར་འགྱུར་༡༨་པ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཨི་རན་གྱི་སྲིད་འཛིན་འདས་པོ་ཨིབ་ར་ཧིམ་ར་ཡེ་སི་དང་ཨི་རག་གི་གྲོས་ཚོགས་ཀྱི་ཚོགས་གཙོ་གཉིས་ཐུག་འཕྲད་བྱས་པའི་སྐབས་སུ་སྲིད་འཛིན་ར་ཡེ་སིའི་ཅོག་ཙེའི་ཐོག་ཏུ་ཕེ་ཇཱེར་ཞིག་བཞག་ཡོད་པའི་འདྲ་པར་དེ་ཕྱི་ལ་ཁྱབ། དེར་བརྟེན་ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༡༩་ཉིན་ཨི་རན་གྱི་སྲིད་འཛིན་རེ་ཡེ་སི་གནམ་གྲུ་བརྡབས་ནས་སྲོག་སྐྱོན་བྱུང་བ་ནི་བརྡ་འབྱོར་འཕྲུལ་ཆས་ཕེ་ཇཱེར་གློག་རྫས་བཀད་ནས་བསད་པར་སྣང་ཞེས་སྦིར་གཏམ་བསྒྲག་རྒྱུ་མགོ་བརྩམས། ཨི་རན་གྱི་གྲོས་ཚོགས་འཐུས་མི་ཨཱ་མེ་ད་བྷ་ཁ་ཤ་ཡེ་ཤི་ཨར་ཌེ་སི་ཏ་ནིས་(Ahmad Bakhshayesh Ardestani)་སྲིད་འཛིན་ར་ཡེ་སིའི་བརྡ་འབྱོར་འཕྲུལ་ཆས་ཕེ་ཇཱེར་དང་ཧི་ཛི་བྷུ་ལཱ་འཇབ་དམག་གི་ཕེ་ཇཱེར་རྣམས་འདྲ་པོ་འདུག བརྡ་འབྱོར་འཕྲུལ་ཆས་ཕེ་ཇཱེར་གྱི་གློག་རྫས་ནང་གི་འབར་རྫས་བཀད་ནས་སྲིད་འཛིན་ར་ཡེ་སི་བཀྲོངས་པ་ཡིན་སྲིད་ཅེས་ཨི་རན་གྱི་གསར་འགྱུར་ལས་ཁང་ཞིག་གི་གསར་འགོད་པ་བཤད།།
ཨི་རན་གྱི་གྲོས་ཚོགས་འཐུས་མི་དེས་སྲིད་འཛིན་ར་ཡེ་སི་དང་ཧི་ཛི་བྷུ་ལཱ་འཇམ་དམག་གི་ཕེ་ཇཱེར་དེ་གཅིག་པ་མིན་རུང་དོགས་པ་བྱ་དགོས་པ་ཞིག་རེད། ཨི་རན་གྱིས་ཧི་ཛི་བྷུ་ལཱ་འཇབ་དམག་ལ་ཕེ་ཇཱེར་ཉོ་རོགས་བྱས་པ་འདྲ། དེས་ན་ཨི་རན་གྱི་གསང་བའི་ལས་ཁུངས་ཁག་གི་ལས་འགན་འཐུས་ཤོར་ཕྱིན་ཡོད་མེད་ཐད་ཞིབ་འཇུག་བྱ་དགོས་ཞེས་ནན་གྱིས་བསྐུལ། ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གིས་སྲིད་འཛིན་ར་ཡེ་སིའི་ཐད་འཕུར་གནམ་གྲུ་དེ་གནམ་གཤིས་ཡག་པོ་མེད་པར་བརྡབས་སྐྱོན་བྱུང་བ་རེད། ཨི་རན་གྱི་བདེ་འཇགས་ཚན་པ་ཁག་གིས་དེ་ལ་ཞིབ་འཇུག་གང་ལེགས་བྱས་པ་ཡིན། ང་ཚོས་སྲིད་འཛིན་ར་ཡེ་སིའི་གནམ་གྲུ་དེ་བརྡབས་སྐྱོན་བྱུང་བ་མིན་པའི་དཔང་རྟགས་ཕྲ་མོ་ཙམ་ཡང་རྙེད་མ་བྱུང་ཞེས་འགྲེལ་བརྗོད་བྱས་འདུག
གླེང་སྟེགས།