ཡུཀ་རེན་མྱུར་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་ཐབས་མ་རྙེད།

༄༅།། དེང་སྐབས་ཧྥ་རན་སིས་ཟླ་བ་༦་གི་རིང་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་དེའི་ལས་ཁུར་བཞེས་པའི་རེས་མོས་ཡིན་ཞིང་། མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༣་པའི་ཚེས་༡༠་དང་༡༡་གཉིས་ལ་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་༢༧་ཀྱི་འགོ་ཁྲིད་ཚོ་ཧྥ་རན་སིའི་གོང་མའི་ཕོ་བྲང་ཝྭར་སེལ་ལ་འཛོམས་ནས་ཡུཀ་རེན་འཕྲལ་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་དགོས་མིན་ལ་གྲོས་སྡུར་བྱས་འདུག ཨུ་རུ་སུའི་བཙན་འཛུལ་སྐབས་འདིར་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་ལ་དཔལ་འབྱོར་དང་མི་ཆོས་ལུགས་རིང་ལུགས། མཚོན་ཆ་སོགས་ཀྱི་རོགས་རམ་ལྡབ་གཅིག་མང་དུ་བཏང་ནས་རྒྱབ་སྐྱོར་བྱ་རྒྱུ་དེར་རྒྱལ་ཁབ་༢༧་གྱི་འགོ་ཁྲིད་ཚོ་བློ་ཁ་གཅིག་ཏུ་མཐུན། གཟའ་འཁོར་འདིར་སྲིད་འཛིན་ཛེ་ལན་སི་ཀིས་ཡུ་རོབ་མཉམ་འབྲེལ་གྱིས་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་ཅིག་བྱེད་ཀྱི་ཡོད་པ་བདེན་ན་ཡུཀ་རེན་མྱུར་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་དགོས་ཞེས་འབོད་སྐུལ་ཞུས། འོན་ཀྱང་ཁ་སང་དང་ཁས་ཉིན་གཉིས་ཀྱི་ཚོགས་འདུའི་ཐོག་ཏུ་ཡུཀ་རེན་མྱུར་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་རྒྱུ་དེར་ཚོགས་འཐུས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཤོག་ཁག་གཉིས་སུ་ཆད། ཁོང་ཚོས་ཉི་མ་གཉིས་ལ་གྲོས་སྡུར་བྱས་པའི་རྗེས་སུ་ཡུཀ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་འདུན་པ་བསྟན་པའི་མངོན་འདོད་ལ་ངོས་ལེན་ཡོད་ཅེས་ཡིག་ཐོག་ཏུ་བཀོད་ཀྱང་ཡུཀ་རེན་སྒྲིག་འཛུགས་དེའི་ཁོངས་སུ་འཇུག་རྒྱུའི་རྒྱུད་རིམ་མགོ་ཚུགས་མ་ཐུབ། ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་ཆལ་སི་མི་ཆིལ་གྱིས་ཡུཀ་རེན་ནི་ཡུ་རོབ་ཁྱིམ་ཚང་ཆེན་པོའི་ཁོངས་སུ་གཏོགས་པ་གསལ་པོ་རེད། ང་ཚོས་ཡུཀ་རེན་ལ་དཔལ་འབྱོར་དང་དངོས་པོ་སོགས་ཀྱི་རོགས་སྐྱོར་གང་ལེགས་སྤྲོད་པའི་གོ་སྐབས་འདི་དམ་འཛིན་བྱ་དགོས། ང་ཚོས་ཡུཀ་རེན་ལ་འབྲེལ་བ་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཤད།།

ད་སྔ་ཡུཀ་རེན་དང་ཡུ་རོབ་མཉམ་འབྲེལ་གྱིས་ཟུང་འབྲེལ་གྲོས་མཐུན་ཞིག་ལས་བཞག་མེད་ཅིང་། གྲོས་མཐུན་དེའི་འབྲུ་དོན་ཁག་ཏུ་ཡུཀ་རེན་གྱིས་རང་གི་ཁྲོམ་ར་རྣམས་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་སྒོ་འབྱེད་དགོས་པ་དང་ཡུ་རོབ་མཉམ་འབྲེལ་ལ་འབྲེལ་བ་དམ་ཟབ་འཛིན་རྒྱུ། ཡུཀ་རེན་གྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཁག་ལ་མིང་རྟགས་འགོད་རྒྱུ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དེང་རབས་ཅན་ལ་བསྒྱུར་དགོས་ཞེས་འཁོད། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ང་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་གོ་བརྡ་གསལ་པོ་ཞིག་སྤྲོད་དགོས་ཀྱི་འདུག དེ་རིང་ང་ཚོས་དམག་འཁྲུག་ནང་དུ་ཚུད་པའི་རྒྱལ་ཁབ་ཅིག་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་རྒྱུའི་ལས་དོན་མགོ་ཚུགས་ཐུབ་རྒྱུ་ཁག་པོ་རེད། དེ་བཞིན་ཡུཀ་རེན་ནམ་ཡང་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་རྒྱུ་མིན་ཞེས་སྒོ་བརྒྱབ་ན་དྲང་བདེན་ཞིག་མ་རེད་ཅེས་གཏམ་བཤད་བྱས་འདུག ནེ་དྷར་ལན་ཌིའི་སྲིད་བློ་རུ་ཐེས་སྲིད་འཛིན་ཛེ་ལན་སི་ཀིས་ཡུཀ་རེན་བྲེལ་མྱུར་གྱིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་དགོས་ཞེས་རེ་བ་བཏོན་པ་བསྒྲུབ་ཁག་པོ་རེད། ང་ཚོར་མྱུར་ལམ་ཞེས་པའི་ལས་དོན་སྒྲུབ་སྲོལ་ཞིག་མེད། ང་ཚོས་བྷོལ་ཁན་མངའ་ཁུལ་གྱི་ཨལ་བྷེ་ཎི་ཡ་དང་མེ་སེ་ཌོ་ཎི་ཡ་སོགས་ལའང་བལྟ་དགོས། རྒྱལ་ཁབ་དེ་དག་ཡུ་རོབ་མཉམ་འབྲེལ་གྱི་འོས་གཞིའི་ཁོངས་སུ་ཚུད་པར་ལོ་བཅུ་ཕྲག་གཅིག་ལྷག་སྒུག་ཡོད་པ་རེད། ང་ཚོས་ཡུཀ་རེན་ལ་དོན་དངོས་དང་མཐུན་པའི་རོགས་སྐྱོར་ཅི་ཞིག་བྱེད་ཐུབ་མིན་ལ་གྲོས་སྡུར་བྱ་དགོས། ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ནང་འདྲེན་བྱེད་ཀྱི་ཡོད་པ་རྣམས་ཅམ་འཇོག་བྱས་ནས་ཧོལ་རྒྱུག་བྱེད་མི་ཉན་ཞེས་ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་ཡུཀ་རེན་མྱུར་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་རྒྱུ་དེར་འཐད་པ་མེད་པའི་རྣམ་འགྱུར་བསྟན།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐུ་ཝེ་ཎི་ཡ་དང་སི་ལོ་ཝེ་ཎི་ཡ། ལཱ་ཊི་ཝི་ཡ་བཅས་ཀྱི་སྲིད་འཛིན་དང་སྲིད་བློན་ཚོས་ཡུཀ་རེན་རྒྱལ་ཁབ་༢༧་ཀྱི་སྒྲིག་འཛུགས་དེར་མྱུར་དུ་འཇུག་དགོས་ཞེས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། ལི་ཐུ་ཝེ་ཎི་ཡའི་སྲིད་འཛིན་ནོ་སེ་དྷས་དེ་རིང་ང་ཚོས་ཡུཀ་རེན་ལ་འོས་གཞིའི་རྒྱལ་ཁབ་ཀྱི་ཐོབ་ཐང་སྤྲོད་མི་ཐུབ་ཀྱང་གནད་དོན་འདིར་བསྐྱར་དུ་གྲོས་སྡུར་བྱ་དགོས་ཐུག་གི་རེད། ཡུཀ་རེན་གྱི་གནད་དོན་ལ་འབྲེལ་བ་ཡོད་པའི་གྲོས་གཞི་ཁག་གི་རྗོད་ཚིག་རྣམས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྐུལ། སི་ལོ་ཝེ་ཎི་ཡའི་སྲིད་བློན་གྱིས་ཀྱང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་མང་ཆེ་བར་སྔ་གཞུག་མ་གཏོགས་ཡུཀ་རེན་སྒྲིག་འཛུགས་འདིའི་ཁོངས་སུ་འཇུག་འདོད་ཡོད་པ་རེད། དུས་ཚོད་འགྲོ་རིམ་བཞིན་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་རྣམ་འགྱུར་གསལ་པོ་ཐོན་གྱི་འདུག ད་ཐེངས་ང་ཚོ་ཚད་དེར་སླེབས་མི་ཐུབ་ཀྱང་རྒྱས་འཛོམས་ཚོགས་ཆེན་ཐེངས་རྗེས་མའི་སྐབས་སུ་དེ་ལ་གྲོས་སྡུར་བྱེད་དགོས་ཐུག་ངེས་རེད། ཅིའི་ཕྱིར་ཞེ་ན་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་ཉེན་ཆེ་ཞེས་བཤད། ལཱ་ཊི་ཝི་ཡའི་སྲིད་བློན་གྱིས་ཡུཀ་རེན་ལ་ཡུ་རོབ་མཉམ་འབྲེལ་གྱི་སྒོ་མོ་ཕྱེ་ཡོད་པ་དང་ང་ཚོ་དམངས་གཙོའི་རྒྱལ་ཁབ་ཁག་གི་ཁྱིམ་ཚང་ཆེན་པོ་འདིར་ཡུཀ་རེན་འཇུག་འདོད་ཡོད་པའི་རྣམ་འགྱུར་སྟོན་དགོས། ད་ལྟའི་དུས་འདིར་ཡུཀ་རེན་ལ་རྣམ་འགྱུར་དེ་འདྲ་ཞིག་སྟོན་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་རེད། ཨུ་རུ་སུའི་ཡོང་འབབ་གཙོ་བོ་ནི་རྡོ་སྣུམ་དང་སོལ་རླངས་ཕྱིར་ཚོང་རེད། ཨུ་རུ་སུས་རྡོ་སྣུམ་དང་སོལ་རླངས་བཙོངས་ནས་ཉིན་ལྟར་ཡུ་སྒོར་(ཡུ་སྒོར་༡་ལ་ཨ་སྒོར་༡.༢༠)དུང་ཕྱུར་༦་རེའི་ཡོང་འབབ་ལེན་གྱི་འདུག གལ་སྲིད་ང་ཚོས་ཨུ་རུ་སུའི་རྡོ་སྣུམ་དང་སོལ་རླངས་མ་ཉོས་ན་ཕུ་ཊིན་གྱིས་དམག་འཁྲུག་རྒྱག་ཐུབ་ཀྱི་མ་རེད་ཅེས་བཤད།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་ཚོས་ཚོགས་འཐུས་རྒྱལ་ཁབ་ཁག་ལ་རང་གི་སྒྲིག་འཛུགས་འདིར་རྒྱལ་ཁབ་གསར་པ་ཞིག་འཇུག་དགོས་མིན་གྲོས་གཞི་བཏོན། ཚོགས་འཐུས་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་གསར་པ་དེར་འོས་གཞིའི་ཐོབ་ཐ་སྤྲོད་དགོས་པའི་སྤྱི་མོས་འབྱུང་བར་དུས་ཡུན་ལོ་༡་དང་ཟླ་བ་༣་ནས་ལོ་༡་དང་ཟླ་བ་༦་ཡས་མས་རེ་འགོར་གྱི་ཡོད་པར་མ་ཟད། ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་གསར་པ་དེ་ཚོགས་ཁོངས་སུ་འཇུག་རྒྱུའི་གྲོས་མཐུན་བྱུང་ཡང་རྒྱལ་ཁབ་གསར་པ་དེའི་ཁྲིམས་རྣམས་ཡུ་རོབ་མཉམ་འབྲེལ་གྱི་ཁྲིམས་ལ་མཐུན་པ་ཞིག་འགྱུར་བཅོས་གཏོང་དགོས་པས་དེ་ལ་གྲོས་སྡུར་བྱས་ནས་ལོ་མང་འགོར་གྱི་ཡོད་པའི་གནས་ཚུལ་ཐོན། ཁ་སང་གི་ཚོགས་འདུའི་ཐོག་ཏུ་ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་ཆལ་སི་མི་ཆིལ་གྱིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་པར་རྒྱུད་རིམ་དང་གོ་རིམ་ཞིག་ཡོད་པ་དེར་བརྩི་འཇོག་བྱ་དགོས་ཞེས་བཤད་པ་དེ་ལ་བལྟས་ཚེ། རྒྱལ་ཁབ་༢༧་གྱི་སྒྲིག་འཛུགས་དེར་ཡུཀ་རེན་མྱུར་ལམ་ཞིག་བརྒྱུད་ནས་ཞུགས་ཐབས་མེད་པ་གསལ་སྟོན་བྱུང་། འོན་ཀྱང་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་ཡུ་རོབ་རྒྱལ་ཁབ་ཁག་རིམ་བཞིན་ཨུ་རུ་སུའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ལ་བརྟེན་མི་དགོས་པ། རྡོ་སྣུམ་དང་སོལ་རླངས། ཉི་གློག་དང་རླུང་ཤུགས་སོགས་རང་ནུས་པའི་ཐོན་ཁུངས་གསར་པ་འཚོལ་རྒྱུ། ཨུ་རུ་སུ་དང་དེའི་ཨ་ཕྲུག་བྷེ་ལོ་རུ་སི་གཉིས་འཛམ་གླིང་གི་དངུལ་སྒོར་སྤྲོད་ལེན་བརྡ་འཕྲིན་ཁོངས་ནས་མཐར་སྐྲོད་བཏང་སྟེ་ཉེས་ཆད་སྣོན་མ་འགེལ་དགོས་པའི་གླེང་སློང་བྱུང་འདུག

ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོས་སྔར་བཞིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་འབད་བརྩོན་བྱེད་ཀྱི་མེད། ཕུ་ཊིན་གྱིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་པའི་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་ས་ཁུལ་གཉིས་ཀྱི་གནས་ཐོབ་ལ་གུ་བཤངས་བྱས་ནས་གྲོས་མོལ་བྱེད་ཆོག ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་འཕྲལ་དུ་ཚོགས་ཁོངས་སུ་འཇུག་རྒྱུའི་གྲ་སྒྲིག་མེད་པ་ཤེས་རྟོགས་བྱུང་བ་དང་ང་ཚོས་དེ་ལ་ཤུགས་སྣོན་རྒྱག་གི་མེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ནི་རྩོད་གླེང་ཅན་དང་ཨུ་རུ་སུ་ལ་གདོང་ཐུག་རྒྱག་རྒྱུ་དེར་སྐྲག་གི་འདུག ང་ནི་པུས་མོ་བཙུགས་ནས་ཞུ་བ་འཐེན་མཁན་གྱི་རྒྱལ་ཁབ་ཅིག་གི་སྲིད་འཛིན་བྱེད་འདོད་མེད་ཅེས་སྐད་སྒྱུར་ཞིག་བརྒྱུད་ནས་བཤད། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་མི་ཆོག ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུའི་མཐའ་མཚམས་བར་དུ་རྒྱ་བསྐྱེད་མི་ཆོག་ཅེས་དགོས་འདུན་བཏོན། ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱས་ནས་བཟུང་། འདས་པའི་ལོ་མང་རིང་བཏང་སྙོམས་སུ་གནས་པའི་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀས་རང་རང་གི་ལངས་ཕྱོགས་ལ་བསྐྱར་ཞིབ་བྱས་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་མིན་བསམ་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར། ད་ལྟ་ཧྥིན་ལན་བ་བརྒྱ་ཆ་༥༡་དང་སུད་ཌེན་བ་བརྒྱ་ཆ་༤༨་ཀྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་ཀྱི་འདུག་ཅེས་བསམ་ཚུལ་བཤད། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་མང་ཆེ་བས་ཉེན་ཁ་གསར་པ་ཞིག་མཐོང་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕུ་ཊིན་གྱིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་མཇུག་འབྲས་ཧ་ཅང་ཚབས་ཆེན་ཞིག་མྱོང་དགོས་ངེས་ཡིན་ཞེས་ཉེན་བརྡ་བཏང་འདུག