དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་འབྲུག་ཡུལ་དུ་འོས་བསྡུའི་འཕྲུལ་ཆས་སྤེལ།

འབྲུག་ཡུལ་གྱི་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དྲག་ཤོས་ཀུན་བཟང་དབང་འདུས།

༄༅།། ཐོག་མར་འབྲུག་ཡུལ་དུ་འོས་བསྡུའི་འཕྲུལ་ཆས་དར་སྤེལ་གཏོང་མཁན་ནི་དྲག་ཤོས་ཀུན་བཟང་དབང་འདུས་(Dasho Kunzang Wangdi)་ཡིན་ཞིང་། ཕྱི་ཟླ་༩་པའི་ཚེས་༢༣་ཉིན་རྒྱ་གར་གྱི་གཟའ་འཁོར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། དྲག་ཤོས་ཀུན་བཟང་དབང་འདུས་སན་ཊི་སི་ཊེ་ཧྥེན་(St Stephen College)་མཐོ་སློབ་ཏུ་སློབ་ཕྲུག་ཡིན་པའི་དུས་སུ་རྒྱ་གར་བ་ཤ་ཤི་ཐ་རུར་(Shashi Tharoor)་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོའི་འོས་མིར་ལངས། དྲག་ཤོས་ཀུན་བཟང་དབང་འདུས་ཀྱི་མི་ཚེའི་ནང་དུ་འོས་ཤོག་ཐེངས་དང་པོ་དེ་ཤ་ཤི་ཐ་རུར་ལ་འཕངས། ཁོང་རྒྱ་གར་དུ་ལན་མང་ཕེབས་ཏེ་རྒྱ་གར་གྱི་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་ལ་ཐུག་འཕྲད་བྱས་པའི་འབྲས་བུར་འབྲུག་ཡུལ་དུ་འོས་བསྡུའི་འཕྲུལ་ཆས་དར་ཁྱབ་བྱུང་། འབྲུག་ཡུལ་གྱི་རྒྱལ་པོ་རིམ་པའི་ལམ་སྟོན་དབུ་ཁྲིད་དང་རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་གི་རྒྱབ་སྐྱོར་ལྟར་འབྲུག་ཡུལ་དུ་འོས་བསྡུའི་འཕྲུལ་ཆས་དར་ནས་དམངས་གཙོར་གྱུར།།

དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་གསར་འགོད་པར་ང་འབྲུག་ཡུལ་གྱི་རྩིས་ཞིབ་འགན་འཛིན་ཡིན་པའི་དུས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེར་ཕྱིན་པ་ཡིན། ང་ནི་འོས་བསྡུའི་འཕྲུལ་ཆས་ལ་དགའ་མོས་དེ་ཙམ་ཡོད་པ་ཞིག་མིན། དེ་ལས་སྟབས་བདེའི་གློག་ཀླད་ཀྱི་རིགས་ལ་མོས་པ་ཡོད། ང་འབྲུག་ཡུལ་གྱི་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དུ་བསྐོས་ཏེ་རྒྱ་གར་དུ་འོས་སྦྱོང་ལ་བསྐྱོད། ངས་རྒྱ་གར་གྱི་འོས་བསྡུ་ཁག་གི་གྲུབ་འབྲས་རྣམས་འོས་བསྡུའི་འཕྲུལ་ཆས་ཀྱིས་འཕྲལ་དུ་གྲངས་བཤེར་བྱེད་ཐུབ་ཀྱི་ཡོད་པ་དངོས་སུ་མཐོང་སྟེ་འབྲུག་ཡུལ་དུ་འོས་བསྡུའི་འཕྲུལ་ཆས་དར་སྤེལ་གཏོང་རྒྱུའི་ཐག་བཅད་པ་ཡིན། ངས་འོས་བསྡུའི་འཕྲུལ་ཆས་༡༣༠་ཉོས་ནས་འབྲུག་པ་ཚོར་སྦྱོང་བརྡ་སྤྲད། དངོས་གཞིའི་འོས་བསྡུའི་ཆེད་དུ་འབྲུག་གཞུང་གིས་འོས་བསྡུའི་འཕྲུལ་ཆས་༤༠༠༠་ཉོས་པ་རེད། ཕྱིས་སུ་རྒྱ་གར་གཞུང་གིས་རོགས་སྐྱོར་ཡིན་ཞེས་རིན་དངུལ་རྣམས་སྐྱིན་ཚབ་སྤྲད་བྱུང་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

འབྲུག་གི་སྤྱི་ཡོངས་འོས་བསྡུ་ཟིན་རྗེས་འོས་ཤོག་བརྩི་ཞིབ་བྱེད་པར་གློག་རྡུལ་འོས་ཤོག་འཕེན་ཆས་ཤིག་སྒོ་འབྱེད་བྱས་པ།

གསར་འགོད་པས་༢༠༠༨་ལོར་འབྲུག་ཡུལ་དུ་དམངས་གཙོའི་འོས་བསྡུ་ཐེངས་དང་པོ་བྱས་པའི་སྐབས་སུ་འོས་བསྡུའི་འཕྲུལ་ཆས་དེ་རྣམས་བཀོལ་སྤྱོད་བྱས་སམ་ཞེས་དྲིས། དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་རྒྱལ་པོའི་དགོངས་པ་དང་ཁྲིམས་ཡིག་གི་དོན་ཚན་ཁག་རྩ་ཁྲིམས་ཀྱི་ཟིན་བྲིས་ནང་དུ་བཀོད་ནས་དམངས་གཙོའི་འོས་བསྡུ་ཐེངས་དང་པོ་བྱས་པ་རེད། རྒྱལ་པོ་མཆོག་ནས་དམངས་གཙོ་ལག་བསྟར་གནང་རྒྱུའི་ཐག་གཅོད་མཛད་པའི་རྗེས་སུ་གང་ཐད་དུ་ཇེ་མགྱོགས་སུ་ཕྱིན་སོང་། ང་རྒྱ་གར་དུ་འོས་སྦྱོང་ཐེངས་དང་པོར་བསླེབས་པའི་སྐབས་དེར་རྒྱ་གར་གྱི་དབུས་འོས་བསྡུ་ལྷན་ཁང་གི་ལས་སྣེ་ཚོར་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་ཐོབ། དེ་ནི་མིག་ཕྱེ་བ་ལྟར་གྱི་བློ་སྐྱེད་བྱུང་སྟེ་འབྲུག་ཡུལ་གྱི་འོས་བསྡུའི་ལམ་ལུགས་ཡར་རྒྱས་གཏང་རྒྱུའི་ཕན་ཐོགས་བྱུང་། ༢༠༠༨་ལོའི་ཕྱི་ཟླ་༣་པའི་ནང་འབྲུག་ཡུལ་དུ་དམངས་གཙོའི་ལམ་ནས་སྤྱི་ཡོངས་འོས་བསྡུ་བྱས་ཏེ་གྲོས་ཚོགས་འཐུས་མི་རྣམས་བདམས། འབྲུག་ཡུལ་དུ་དམངས་གཙོའི་གྲོས་ཚོགས་ཚུགས་པ་ནི་ལོ་རྒྱུས་ཀྱི་འགྱུར་མཚམས་ཤིག་རེད་ཅེས་ལན་བཏབ།།

གསར་འགོད་པས་འབྲུག་རྒྱལ་པོས་ཅིའི་ཕྱིར་དམངས་གཙོའི་ལམ་སྲོལ་གསར་གཏོད་མཛད་པ་རེད་ཅེས་དྲིས། དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་ངའི་སེམས་པར་མི་ཚོས་རྒྱལ་པོའི་གཞུང་ཞེས་གོ་ཐོས་བྱུང་བའི་དུས་སུ་སྲིད་དབང་གཅིག་སྡུད་ལམ་ལུགས་དང་བཙན་དབང་རིང་ལུགས་ཡིད་ལ་དྲན་གྱི་རེད། ལམ་ལུགས་དེ་དག་ལ་ལེགས་ཆ་གཏན་ནས་ཡོད་མི་སྲིད་བསམ་གྱི་ཡོད་ཤས་ཆེ། འབྲུག་རྒྱལ་པོའི་དགོངས་པ་ནི་དམངས་གཙོ་ལས་ལྷག་པར་མང་ཚོགས་ཀྱི་བདེ་སྡུག་གཙིགས་སུ་འཛིན་རྒྱུ་དེ་ཡིན་ཞིང་། ༡༩༧༤་ལོར་འབྲུག་རྒྱལ་པོའི་ཁྲི་སྟོན་མཛད་སྒོའི་སྐབས་སུ་ང་སྲི་ཞུ་བའི་གྲས་སུ་ཡོད། རྒྱལ་པོ་མཆོག་ནས་ཁྲི་སྟོན་མཛད་སྒོའི་ཐོག་ཏུ་གསུང་བཤད་གནང་བ་དེའི་ནང་དུ་མང་ཚོགས་མཉམ་ཞུགས་བྱ་དགོས་པ་དང་དཔལ་འབྱོར་རང་མགོ་ཐོན་དགོས། ང་རྒྱལ་པོ་མི་གཅིག་གིས་ཅི་ཡང་བསྒྲུབ་མི་ཐུབ། གཞི་རིམ་ནས་ཡར་རྒྱས་གཏོང་དགོས་ཞེས་གསུངས་སོང་། ངས་མང་ཚོགས་མཉམ་ཞུགས་བྱ་དགོས་ཟེར་བ་ནི་ཅི་ཞིག་ལ་གོ་དགོས་སམ་ཞེས་དྲན་མྱོང་། དེ་ནི་སྲིད་གཞུང་གིས་མང་ཚོགས་ལ་སྲི་ཞུ་ཇི་ལྟར་བསྒྲུབ་དགོས་མིན་གྱི་གོ་དོན་རེད་ཅེས་བསྟན།།

འབྲུག་ཡུལ་གྱི་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དྲག་ཤོས་ཀུན་བཟང་དབང་འདུས།

འོས་བསྡུའི་འཕྲུལ་ཆས་དེ་ཡིད་རྟོན་རུང་བ་ཞིག་རེད་དམ་ཞེས་དྲིས། དྲག་ཤོས་ཀུན་བཟང་དབང་འདུས་ཀྱིས་འོས་བསྡུའི་འཕྲུལ་ཆས་ལ་གཡོ་ཁྲམ་བྱ་ས་གཏན་ནས་མི་འདུག འོས་བསྡུའི་འཕྲུལ་ཆས་ལ་འགྱུར་བཅོས་གཏོང་དགོས་ན་ལྐོག་ཏུ་གཏོང་མི་ཐུབ། དེ་ལ་གསར་འགོད་པ་སོགས་ཚུད་པའི་མི་ཚང་མ་ཡོད་སར་འགྱུར་བཅོས་གཏོང་དགོས། འོས་བསྡུར་འབྲེལ་བ་ཡོད་པའི་ལས་ཁུངས་ཁག་གིས་འཕྲུལ་ཆས་དེ་ཚོར་དམ་ཕྲུག་མང་པོ་བརྒྱབ་སྟེ་ཕྱི་ཐུམ་གཡོགས་པ་དང་གཉིས་སུ་མེད། འབྲུག་ཡུལ་གྱི་རྩ་ཁྲིམས་སུ་སྲིད་དོན་ཚོགས་པ་ཁག་གིས་འགྲན་སྡུར་བྱ་དགོས་ཞེས་འཁོད། མི་དམངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཐུག་ན་ཕྱོགས་འགལ་ཚོགས་པས་སྲིད་གཞུང་གི་སྲིད་ཇུས་ཁག་ལ་ངོ་རྒོལ་བྱས་ན་དགེ་མཚན་མེད། སྲིད་དོན་ཚོགས་པ་ཁག་ལ་སྟོབས་ཤུགས་རྒྱས་ན་རྩ་དོན་ཡན་པོར་དོར་ནས་རང་གི་ཁེ་ཕན་འབའ་ཞིག་བསྒྲུབ་རྒྱུའི་ཉེན་ཁའང་འདུག ད་སྔ་འབྲུག་ཡུལ་དུ་དེ་འདྲ་བྱུང་མ་སོང་ཞེས་ལན་གླན།།

དྲག་ཤོས་ཀུན་བཟང་དབང་འདུས་ལ་འཛམ་གླིང་ཧྲིལ་པོ་བཙན་དབང་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་ཀྱི་འདུག་གམ། ཡང་ན་ད་དུང་ཡང་དམངས་གཙོའི་ལམ་ལུགས་ཉམས་དམས་སུ་མ་ཕྱིན་པར་རྒྱུན་འཁྱོངས་ཐུབ་ཀྱི་འདུག་ཅེས་དྲིས། ཁོང་གིས་འཛམ་གླིང་འདིར་དམག་འཁྲུག་མི་འབྱུང་བའི་ངེས་པ་མི་འདུག ཡིན་ནའང་དེ་འདྲའི་ཐབས་རྡུགས་ཤིག་མི་འབྱུང་བའི་རེ་བ་ཡོད། ད་ལྟ་བཙན་དབང་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་ཀྱི་ཡོད་པ་བདེན་པ་རེད། མི་དམངས་ཀྱིས་འགན་འཁྲི་བླངས་ནས་དམངས་གཙོའི་ལས་འགན་བསྒྲུབ་དགོས། མི་དམངས་ཀྱིས་ངེས་པར་དུ་འོས་ཤོག་འཕེན་དགོས། སྲིད་དོན་ཚོགས་པ་དེར་དགའ་མོས་མེད་ཀྱང་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་འོས་ཤོག་འཕེན་དགོས། སྲིད་གཞུང་ལ་སྐྱོན་བརྗོད་བྱ་དགོས་ན་འོས་ཤོག་འཕེན་དགོས། འོས་ཤོག་མ་འཕངས་ན་གཞན་གྱིས་ཅི་ཞིག་བཤད་པ་དེར་ཁྱོད་ཀྱིས་ངོས་ལེན་བྱས་པ་རེད་ཅེས་བཀྲལ།།

༢༠༢༤་ལོར་འབྲུག་ཡུལ་དུ་དམངས་གཙོའི་འོས་བསྡུ་ཐེངས་༤་པ་བྱས་ནས་མི་སེར་དམངས་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ། འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༤༧་གྱི་གདན་གྲངས་ཡོད་པ་དེའི་ཁོངས་ནས་མི་སེར་དམངས་གཙོ་ཚོགས་པར་གདན་གྲངས་༣༠་ཐོབ། བྷུ་ཊཱན་རྟེན་འབྲེལ་ཚོགས་པར་འཐུས་མི་༡༧་ཀྱི་གདན་གྲངས་ཐོབ་སྟེ་ཕྱོགས་འགལ་ཚོགས་པར་གྱུར། པྲོག་དབྱིབས་ནད་ཡམས་རྗེས་སུ་འབྲུག་ཡུལ་གྱི་མི་སེར་དམངས་གཙོ་ཚོགས་པས་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་དང་ན་གཞོན་ཚོར་ལས་ཀ་བཀོད་སྒྲིག་བྱེད་ཐུབ་ཅེས་ཁས་བླངས། འཛམ་གླིང་དངུལ་ཁང་གིས་འབྲུག་ཡུལ་གྱི་དཔལ་འབྱོར་ཉམས་ཆག་ཕྱིན་པ་སླར་གསོ་བྱ་རྒྱུ་འོས་བསྡུའི་རྩ་དོན་ཞིག་ཏུ་གྱུར་ཏེ་མི་སེར་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པ་རེད། འདས་པའི་ལོ་ལྔའི་རིང་འབྲུག་ཡུལ་གྱི་དཔལ་འབྱོར་བརྒྱ་ཆ་༡.༧་ལས་འཕེལ་རྒྱས་ཕྱིན་མི་འདུག འབྲུག་པའི་ན་གཞོན་ཚོར་རང་ཡུལ་དུ་ལས་ཀ་མེད་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོར་བྱེད་ཀྱི་ཡོད་པ་ནི་ཕུགས་སུ་དཀའ་ངལ་ཚབས་ཆེན་ཞིག་ཏུ་འགྱུར་ས་རེད་ཅེས་ནན་བརྗོད་བྱས་འདུག