ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༣༡

འབྲུག་ཡུལ་གྱི་དཔལ་འབྱོར་སླར་གསོ་འོས་བསྡུའི་རྩ་དོན་དུ་གྱུར།


Bhutan Election
Bhutan Election

༄༅།། དེ་རིང་གཟའ་མིག་དམར་ཉིན་འབྲུག་ཡུལ་དུ་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུའི་ཐ་མའི་འོས་ཤོག་འཕངས། ཕྱི་ཟླ་དང་པོའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༨་ལོར་འབྲུག་ཡུལ་དུ་དམངས་གཙོའི་འོས་འདེམས་ཐེངས་དང་པོ་བྱས་ནས་བཟུང་། ད་ལོའི་འོས་བསྡུ་འདི་འབྲུག་ཡུལ་དུ་དམངས་གཙོའི་འོས་འདེམས་བྱས་པ་ཐེངས་༤་པ་རེད། འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་དང་གཞུང་གི་སྲི་ཞུ་བའི་སྤུས་ཚད་ཡར་རྒྱས། ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུ་སོགས་ཁས་ལེན་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་བྱ་རྒྱུ་ལོ་འདིའི་འོས་འདེམས་ཀྱི་རྩ་དོན་ཞིག་ཏུ་གྱུར་འདུག འཛམ་གླིང་ཡོངས་ལ་པྲོག་དབྱིབས་ནད་དུག་ཁྱབ་པའི་དུས་སུ་འབྲུག་ཡུལ་གྱིས་ཀྱང་ཕྱི་ལ་སྒོ་རྒྱ་བསྡམས། ཡུལ་སྐོར་སྤྲོ་འཆམ་དང་ཚོང་ལས་བཀག་ནས་དཔལ་འབྱོར་ཉམས་རྒུད་ཕྱིན་པ་རེད་ཅེས་གནས་ཚུལ་སྤེལ་འདུག

འབྲུག་ཡུལ་གྱི་དབུས་འོས་བསྡུ་
འབྲུག་ཡུལ་གྱི་དབུས་འོས་བསྡུ་

འབྲུག་ཡུལ་གྱི་དབུས་འོས་བསྡུ་ལྷན་ཁང་གིས་གཟའ་མིག་དམར་གྱི་ཞོགས་པའི་ཆུ་ཚོད་༨་པ་ནས་འོས་ཤོག་འཕེན་རྒྱུ་འགོ་འཛུགས་རྒྱུ་ཡིན། ཕྱི་དྲོའི་ཆུ་ཚོད་༤་པར་འོས་ཤོག་འཕེན་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན། གཟའ་ལྷག་པའི་ཉིན་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱེད་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ། འབྲུག་ཡུལ་ལ་མི་འབོར་འབུམ་༨་ལྷག་དང་མངའ་ཁོངས་ཀྱི་རྒྱ་ཁྱོན་ནི་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌི་དང་འདྲ། རྒྱ་གར་ནི་འབྲུག་ཡུལ་གྱི་ཚོང་གྲོགས་དང་དཔལ་འབྱོར་ལས་རིགས་ཀྱི་ཟླ་གྲོགས་ཨང་དང་པོ་ཡིན་པ་ལྟར་འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་ཀྱང་རྒྱ་གར་གྱིས་འགན་ལེན་བྱེད་ཀྱི་ཡོད་ཅིང་། འབྲུག་ཡུལ་ནི་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཚུད་ཀྱང་རྒྱ་ནག་ལ་ཕྱི་འབྲེལ་མ་ཚུགས། རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་ས་མཚམས་རྩོད་གཞི་ཁག་ལ་གྲོས་མོལ་བྱས་པར་རྒྱ་གར་དོགས་འདྲོག་ཆེན་པོ་ལངས། ཡིན་ནའང་རྒྱ་ནག་དང་འབྲུག་ཡུལ་གྱི་ས་མཚམས་གྲོས་མོལ་ལ་གྲུབ་འབྲས་ཐོན་མེད་པའི་གནས་ཚུལ་སྤེལ་འདུག

འབྲུག་ཡུལ་གྱི་མི་འབོར་ཁོངས་ནས་མི་གྲངས་འབུམ་ལྔ་ཡས་མས་ཤིག་འོས་ཤོག་འཕེན་ཆོག་པའི་ལོ་ཚོད་ལོན། རྒྱལ་ཡོངས་གྲོས་ཚོགས་ལ་གདན་གྲངས་༤༧་ཡོད་དེར་འབྲུག་ཡུལ་གྱི་མི་སེར་དམངས་གཙོ་ཚོགས་པ་དང་བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འཐུས་མི་༩༤་ཡིས་འགྲན་རྩོད་བྱས། ཁ་སྔོན་ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་འབྲུག་ཡུལ་དུ་སྔོན་འགྲོའི་འོས་བསྡུ་བྱས་པའི་སྐབས་སུ་མི་སེར་དམངས་གཙོ་ཚོགས་པ་དང་བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གཉིས་ལ་འོས་ཤོག་མང་བ་ཐོབ། འབྲུག་གཞུང་གིས་ཐ་མའི་འོས་བསྡུ་དེར་སྔོན་འགྲོའི་འོས་བསྡུའི་སྐབས་སུ་འོས་ཤོག་མང་བ་ཐོབ་པའི་སྲིད་དོན་ཚོགས་པ་གཉིས་འགྲན་ཞུགས་བྱ་དགོས། ཐ་མའི་འོས་བསྡུའི་སྐབས་སུ་འོས་ཤོག་མང་བ་ཐོབ་པའི་སྲིད་དོན་ཚོགས་པ་དེ་གཞུང་འཛིན་ཚོགས་པ་དང་འོས་ཤོག་ཉུང་བ་ཐོབ་པའི་སྲིད་དོན་ཚོགས་པ་དེ་ཕྱོགས་འགལ་ཚོགས་པ་བྱས་ནས་རྒྱལ་ཁབ་འཛིན་སྐྱོང་བྱ་དགོས་ཞེས་གཏན་འབེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ལོ་ན་༤༩་ལ་སོན་པའི་སྤུ་ན་ཁའི་འོས་ཤོག་འཕེན་མཁན་ཀརྨ་ཞེས་པ་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། འབྲུག་པ་མི་དམངས་ལ་གནད་དོན་གལ་འགངས་ཆེ་ཤོས་ནི་དཔལ་གོང་འཕེལ་དང་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ་དེ་རེད། མི་མང་ལས་མེད་པ་ཧ་ཅང་མང་པོ་ཡོད་པ་དང་ལས་ཀ་ཡོད་པ་ཚོའི་ཟླ་ཕོགས་ཀྱིས་མ་འདང་བར་ཁྱིམ་ཚང་གི་བཟའ་མི་རྣམས་གསོ་ཐུབ་ཀྱི་མི་འདུག་ཅེས་བསྟན། འབྲུག་ཡུལ་གྱི་ཆབ་སྲིད་ཉམས་ཞིབ་པ་བསོད་ནམས་ཚེ་རིང་གིས་སྔོན་མའི་འོས་བསྡུའི་སྐབས་སུ་སྲིད་དོན་ཚོགས་པ་ཁག་གིས་ཁས་ལེན་དམ་བཅའ་བྱས་པ་རྣམས་བསྒྲུབས་ཐུབ་ཡོད་པ་མ་རེད། དེར་བརྟེན་ད་ལོའི་འོས་འདེམས་སྐབས་སུ་སྲིད་དོན་ཚོགས་པ་ཁག་གིས་ཁས་ལེན་དམ་བཅའ་ཅི་ཙམ་བྱས་ཀྱང་མང་ཚོགས་ཀྱིས་དེ་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་ཀྱི་མི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

Bhutan Election
Bhutan Election

ཕྱི་ཟླ་དང་པོའི་ཚེས་༩་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་དངུལ་ཁང་གི་སྙན་ཐོའི་ནང་དུ་འདས་པའི་ལོ་ལྔའི་རིང་འབྲུག་ཡུལ་གྱི་དཔལ་འབྱོར་བརྒྱ་ཆ་༡.༧་ལས་འཕེལ་རྒྱས་ཕྱིན་མི་འདུག ན་གཞོན་ལས་མེད་པའི་དཀའ་ངལ་ཇེ་ཆེ་དང་འབྲུག་ཡུལ་གྱི་ཤེས་ཡོན་ཅན་དང་གཞུང་གི་སྲི་ཞུ་བ། སྨན་པ་དང་སྨན་ཞབས་པ། དགེ་རྒན་སོགས་ཨོ་གླིང་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏན་སྡོད་གཞིས་ཆགས་སུ་ཕྱིན་ཏེ་འབྲུག་ཡུལ་ལ་ཆེད་ལས་པ་མེད་པར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས། ༢༠༢༤་ལོའི་འབྲུག་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་རྩ་དོན་ནི་དཔལ་འབྱོར་སླར་གསོ་དང་མི་དམངས་ལ་ལས་ཀ་བཀོད་སྒྲིག ཡུལ་སྐོར་སྤྲོ་འཆམ་སོགས་ཀྱི་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུ་བཅས་ལ་དམིགས་པ་གཏད། ལྷག་པར་དུ་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་དགེ་ལེགས་ཕུག་ཏུ་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་གྲོང་རྡལ་གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན། གྲོང་རྡལ་དེ་ཧི་མ་ལ་ཡའི་ལྗོངས་སུ་ནག་རྫས་དུད་རླངས་མེད་པ་དང་སྐྱེ་ཁམས་ལ་འཕྲོད་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

འབྲུག་ཡུལ་གྱི་མི་སེར་དམངས་གཙོ་ཚོགས་པ་དང་བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གཉིས་ཀྱི་འོས་བསྡུའི་རྩ་འཛིན་སྤྱི་བསྒྲགས་དེ་དག་ཧ་ཅང་གི་འདྲ་པོ་ཡོད་པ་སྟེ། སྲིད་དོན་ཚོགས་པ་གཉིས་ཀས་འབྲུག་ཡུལ་གྱི་ཨ་སྒོར་ཐེར་འབུམ་༣་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཡིན། ༢༠༢༢་ལོའི་ཕྱི་ཟླ་༩་ནང་འབྲུག་གཞུང་གིས་ཕྱི་ལ་སྒོ་མོ་ཕྱེ་ཡང་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་སླར་གསོ་མ་ཐུབ་པར་ལུས་འདུག འབྲུག་ཡུལ་གྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་ཞིག་ཡུལ་སྐོར་སྤྲོ་འཆམ་དང་ཆུ་ཤུགས་གློག་ཁང་ཁག་ནས་ཐོན་པའི་གློག་རྣམས་རྒྱ་གར་ལ་བཙོངས་པའི་རིན་འབབ་ཡིན་ཞིང་། ཐ་མའི་འོས་བསྡུར་ཞུགས་པའི་སྲིད་དོན་ཚོགས་པ་གཉིས་ཀས་འབྲུག་ཡུལ་གྱི་ཞིང་ལས་ཡར་རྒྱས་དང་ནག་རྫས་དུད་རླངས་བཀག་ནས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། སྲིད་དོན་ཚོགས་པ་གཉིས་ཀས་འབྲུག་ཡུལ་ལ་ཕྱི་རྒྱལ་ནས་མ་རྩ་འཛུགས་མཁན་འགུགས་ཐབས་བྱ་རྒྱུ་དང་ཕྱི་དངུལ་ཕུགས་གསོག་བྱ་རྒྱུ་ཡིན་ཞེས་ཁས་བླངས།།

འབྲུག་ཡུལ་གྱི་དབུས་དངུལ་ཁང་གིས་༢༠༢༢་ལོའི་ཕྱི་ཟླ་༡༠་པའི་ཟླ་མཇུག་དེར་འབྲུག་གཞུང་གིས་ཕུགས་གསོག་བྱས་པའི་ཕྱི་དངུལ་ཨ་སྒོར་དུང་དུང་ཕྱུར་༧་དང་བྱེ་བ་༦་ཡས་མས་ཤིག་ཡོད། ༢༠༢༣་ལོའི་ཕྱི་ཟླ་༡༠་པའི་ཟླ་མཇུག་དེར་འབྲུག་གཞུང་ལ་ཕྱི་དངུལ་ཕུགས་གསོག་བྱས་ཡོད་པའི་ཨ་སྒོར་དུང་ཕྱུར་༦་དང་བ་༧་མ་ཟིན་ཙམ་ཞིག་ལས་མི་འདུག་ཅེས་བསྒྲགས། ཉམས་ཞིབ་པ་མང་ཆེ་བས་འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་གཉིས་ཀྱིས་དཔལ་འབྱོར་ཡར་རྒྱས་དང་ཕྱི་དངུལ་ཕུགས་གསོག་བྱེད་ཐུབ་རྒྱུ་ཁག་པོ་རེད། ༢༠༠༨་ནས་བཟུང་སྟེ་འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་ཞིག་ལས་དུས་གཉིས་པར་འདེམས་ཐོན་བྱུང་མྱོང་ཡོད་པ་མ་རེད། དེའི་རྒྱུ་རྐྱེན་ནི་སྲིད་དོན་ཚོགས་པ་ཁག་གིས་སྲིད་གཞུང་འཛིན་སྐྱོང་བྱས་པའི་སྐབས་སུ་འོས་བསྡུའི་དྲིལ་བསྒྲགས་དང་ཁས་ལེན་བྱས་པ་རྣམས་བསྒྲུབས་མ་ཐུབ་པས་རེད་ཅེས་བཀྲལ། སྲིད་དོན་ཉམས་ཞིབ་བསོད་ནམས་ཚེ་རིང་གིས་སྲིད་དོན་ཚོགས་ཁག་གིས་མང་ཚོགས་གོ་རྟོགས་སད་ཡོད་པ་དང་བླུན་པོ་ཆུ་སྣ་གར་ཁྲིད་མིན་པ་ཤེས་ཀྱི་ཡོད་པ་རེད་ཅེས་བཤད།།

བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ནི་༢༠༢༢་ལོ་གསར་དུ་བཙུགས་པ་དང་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་དྲག་ཤོས་པདྨ་ཚེ་དབང་ཡིན་ཞིང་། འབྲུག་ཡུལ་གྱི་མི་སེར་དམངས་གཙོ་ཚོགས་པ་ནི་༢༠༠༧་ལོར་དྲག་ཤོས་ཚེ་རིང་སྟོབས་རྒྱལ་གྱིས་བཙུགས། ༢༠༡༣་ལོར་འབྲུག་ཡུལ་གྱི་མི་སེར་དམངས་གཙོ་ཚོས་པར་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་༢༠༡༨་བར་དུ་སྲིད་གཞུང་བསྐྱངས། ཉེ་ཆར་འབྲུག་ཡུལ་གྱི་སྔོན་འགྲོའི་འོས་བསྡུར་འབྲུག་ཕུན་སུམ་ཚོགས་པ་དང་འབྲུག་མཐུན་འབྲེལ་ཚོགས་པ། འབྲུག་མཉམ་རུབ་ཚོགས་པ་དང་བྷུ་ཊཱན་རྟེན་འབྲེལ་ཚོགས་པ། མི་སེར་དམངས་གཙོ་ཚོགས་པ་བཅས་ཁྱོན་བསྡོམས་སྲིད་དོན་ཚོགས་པ་ལྔ་འོས་བསྡུར་ཞུགས། འབྲུག་ཕུན་སུམ་ཚོགས་པ་དང་འབྲུག་མཐུན་འབྲེལ་ཚོགས་པ། འབྲུག་མཉམ་རུབ་ཚོགས་པ་༣་ལ་འོས་ཤོག་གྲངས་མང་མ་ཐོབ་པར་དངོས་གཞིའི་འོས་བསྡུར་ཞུགས་མ་ཐུབ་པར་གྱུར། འབྲུག་ཡུལ་གྱི་དམངས་གཙོའི་འོས་བསྡུ་ཐེངས་བཞི་པ་འདིར་མི་མང་འོས་ཤོག་འཕེན་མཁན་ཁག་ཅིག་སྤྱི་ལེ་འགའ་ཞིག་ལ་རྐང་ཐང་དུ་བསྐྱོད་ནས་འོས་ཤོག་འཕངས། ཉམས་ཞིབ་པ་ཚོས་འབྲུག་མི་སེར་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་སྟེ་སྲིད་གཞུང་འཛིན་རྒྱུའི་ཚོད་དཔག་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG