རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ།  

༄༅།། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་སྤང་ལ་མེ་ཤོར་བ་ལྟར་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ལོ་སར་སྔུན་བསུའི་སྤྲོ་སྣང་སོགས་ཅི་ཡང་མེད་ཅིང་། ཕྱི་ཟླ་དང་པོའི་ཚེས་༩་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་ཕྱོགས་ཀྱི་ཧོ་ནན་ཞིང་ཆེན། ལུ་དབྱི་རྫོང་ནི་མི་འབོར་ས་ཡ་གཅིག་ཡོད་པའི་གྲོང་གསེབ་ས་ཁུལ་ཞིག་ཡིན་པ་དང་དུས་རྒྱུན་གྲོང་གསེབ་པ་ཚོས་བདུན་ཕྲག་གཅིག་གི་སྔོན་ནས་ལོ་སར་གྱི་དགའ་སྟོན་ཆེད་དུ་བ་དམ་གྱི་སྣུམ་བཙགས་དང་ཟས་རིགས་རྣམས་གཡོ་སྐོལ། ཕག་པ་དང་ངང་པ། ཁྱིམ་བྱ་སོགས་བཤས་ནས་ལོ་སར་གྱི་ཤ་རྣམས་གྲ་སྒྲིག ཁྱིམ་ཚང་ཁག་གི་སྒོ་དང་སྒེའུ་ཁུང་སོགས་ཤོག་དམར་ཐོག་ཏུ་གསེར་ཡིག་བྲིས་པའི་ཤིས་ཚིག་སྦྱར་སྲོལ་ཡོད་ཀྱང་ལོ་འདིར་ལུ་དབྱི་རྫོང་གི་གྲོང་གསེབ་ཁག་འཇམ་ཐིང་ངེ་དང་མི་མང་རྣམས་ཏོག་དབྱིབས་ནད་དུག་གི་རླབས་ཕྲེང་འོག་ཏུ་ཚུད། གྲོང་གསེབ་པ་ཚོ་གྲོ་ཞིང་བར་གྱི་རྐང་ལམ་བརྒྱུད་ནས་ཕྱོགས་གཅིག་ལ་གཤར། ཁོ་ཚོ་བསྐྱོད་ཡུལ་ནི་སྨན་པ་ཝང་ཅན་གྱི་སྨན་ཁང་ཆུང་ཆུང་དེ་ཡིན་པ་དང་སྨན་ཁང་དེ་ཏོག་དབྱིབས་ནད་དུག་འགོག་བཅོས་བྱ་ཡུལ་ཞིག་མིན་པར་མགོ་ནད་ཆམ་ནད་ལྟ་བུར་སྨན་བཅོས་བྱ་ཡུལ་ཞིག་ཡིན་འདུག རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཚབས་ཆེན་ཞིག་ཁྱབ་ཀྱི་ཡོད་པས་མི་རྣམས་རང་ཁྱིམ་དུ་འཛུལ་ཏེ་ཕྱི་རུ་འབུད་མི་ཕོད། སྨན་པ་ཝང་གིས་ངས་ནད་པ་འདི་འདྲ་མང་པོ་ཞིག་གཏན་ནས་མཐོང་མྱོང་མེད། ང་ཚོའི་གྲོང་ཚོ་འདིར་མི་༡༠༠༠་ཡས་མས་ཤིག་ཡོད། བདུན་ཕྲག་སྔོན་མར་ཧ་ལམ་ཁྱིམ་ཚང་རེ་རེ་ནས་མི་རེ་སྨན་བཅོས་བྱེད་དུ་བསླེབས་བྱུང་། ན་གཞོན་ཚོ་གྲོང་ཁྱེར་གྱི་བཟོ་གྲྭ་ཁག་ནས་གྲོང་གསེབ་ལ་ལོ་སར་དུ་བསླེབས་པའི་རྗེས་སུ་ནད་པ་ཇེ་མང་དུ་འགྲོ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་ཞེས་བློ་འཚབ་ཀྱི་གནས་སུ་གྱུར། ནད་པ་མང་བའི་རྐྱེན་གྱིས་སྨན་པ་ཝང་གི་སྨན་ཁང་ནས་ནད་པ་ཚོར་ཟུག་གཅོག་དང་ཚ་འཇོམས། གཉན་འཇོམས་ཀྱི་སྨན་རྣམས་སྟེར་རྒྱུ་མི་རྙེད། རྒྱ་ནག་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་ཏུ་སྨན་དང་སྨན་ཁབ་སོགས་འདང་ངེས་མེད་པའི་དཀའ་ངལ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

པེ་ཅིང་དང་ཧྲང་ཧེ། ཀོང་ཀྲུག་དང་ཁྲུང་ཆིང་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ནད་རླབས་འཕྱུར་ཟིན་ཡོད་ཀྱང་ཀྲེ་ཅང་དང་ཧྲན་ཏུང་། ཧུ་པེ་སོགས་རྒྱ་ནག་གི་ཞིང་ཆེན་ཇི་སྙེད་ཅིག་ལ་ཕྱི་ཟླ་དང་པོའི་ཟླ་དཀྱིལ་དུ་ནད་རླབས་འཕྱུར་རྒྱུའི་རྟགས་མཚན་ཤར། ཨ་རིའི་ཡེལ་སློབ་གྲྭ་ཆེན་མོའི་ན་རྒས་དང་སྤྱི་དམངས་འཕྲོད་བསྟེན་ཆེད་ལས་ཀྱི་ཟུང་འབྲེལ་སློབ་དཔོན་ཁྲེན་ཞིས་ཀྱིས་པེ་ཅིང་དང་ཧྲང་ཧེ་སོགས་ལ་མི་ཚང་མས་དོ་སྣང་བྱེད་ཀྱི་ཡོད་ཀྱང་དཀའ་ངལ་ངོ་མ་དེ་གཞི་རིམ་གྱི་གྲོང་གསེབ་ཁག་ཏུ་འབྱུང་ས་རེད། རྒྱ་ནག་གི་གྲོང་ཁྱེར་ཁག་ནས་མི་དུང་ཕྱུར་མང་པོ་གྲོང་གསེབ་ལ་ལོ་སར་དུ་སྐྱོད་ཀྱི་ཡོད་པས་ཚབས་ཆེའི་མཇུག་འབྲས་དེ་རྗེས་སུ་སྨིན་སྲིད། ས་གནས་ཀྱི་སྨན་ཁང་ལ་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་མཐུན་རྐྱེན་དང་སྨན་བཅོས་ཀྱི་ཉམས་མྱོང་མེད། རྒྱ་ནག་གཞུང་གིས་ས་གནས་ཀྱི་སྨན་ཁང་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་བྱེད་ཀྱི་མི་འདུག་ཅེས་བསྟན། རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་ནས་ས་གནས་སྲིད་གཞུང་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་དང་དབུགས་གཏོང་འཕྲུལ་ཆས། འཚོ་རླུང་སོགས་གྲ་སྒྲིག་བྱས་ནས་མི་མང་ལ་དུས་ཐོག་ཏུ་སྨན་བཅོས་བྱ་དགོས་ཞེས་བཀོད་ཁྱབ་བཏང་མོད། འོན་ཀྱང་སྨན་པ་ཝང་ལྟ་བུའི་གྲོང་གསེབ་ཀྱི་སྨན་ཁང་ཁག་ལ་གཞུང་གི་མཐུན་རྐྱེན་རོགས་རམ་གང་ཡང་མ་ཐོབ། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་མེད་པ་དང་ནད་པ་ཚོ་སྨན་ཁང་ཆེ་བ་ཞིག་ལ་སྟོན་དགོས་ན་དུས་ཡུན་སྐར་མ་༤༠་ཙམ་དུ་རང་ངོས་ནས་རླངས་འཁོར་གླས་ཏེ་ནད་པ་སྐྱེལ་དགོས་པའི་གནས་ཚུལ་ཐོན།།

བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ཀྱིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཡུན་ནན་ཞིང་ཆེན་གྱི་ཞིས་མེང་རྫོང་གི་རྒད་པོ་ལོ་༨༡་ལ་སོན་པའི་ཏིང་མིན་ཞེས་པ་ཞིག་ལ་ཕྱི་ཟླ་༡༢་པའི་ཟླ་མཇུག་ཏུ་ཏོག་དབྱིབས་ནད་དུག་འགོས། བཟའ་མི་ཚོས་ཆུ་ཚོད་གཅིག་དང་ཕྱེད་ཀར་རླངས་འཁོར་བཏང་ནས་རྒད་པོ་དེ་ཕུ་འར་སྨན་ཁང་དུ་བསྐྱལ་ཡང་སྨན་ཁང་དུ་ཉལ་ས་མེད་པར་ཉི་མ་གསུམ་གྱི་རྗེས་སུ་གྲོངས། ད་དུང་ཡང་པུར་ཁང་གི་ལས་སྣེ་ཚོ་རྒད་པོ་དེའི་ཕུང་པོ་ལེན་དུ་ཡོང་མེད་པ་དང་བཟའ་མི་ཚོས་དུས་ཡུན་ཅི་ཙམ་ལ་སྒུག་དགོས་པ་མ་ཤེས་པར་ལུས། རྒྱ་ནག་བྱང་ཕྱོགས་ཀྱི་ཧྲན་ཤི་ཞིང་ཆེན་ལ་མི་འབོར་ས་ཡ་༣༥་ཡོད་པ་དང་གཞུང་གི་ལས་སྣེ་ཚོས་སྐད་འཕྲིན་ནང་དུ་མི་དམངས་ལ་ཚ་འཇོམས་སྨན་རིན་མེད་དུ་སྤྲོད་ཀྱི་ཡོད་ཅེས་བསྒྲགས། ས་གནས་ཀྱི་སྨན་ཁང་ཁག་གིས་མི་རེར་ཚ་འཇོམས་སམ། ཟུག་གཅོག་རིལ་བུ་༦་ལས་སྤྲོད་མི་ཐུབ་པར་གྱུར། དེར་བརྟེན་རྒྱ་ནག་གི་གཞི་མང་ཚོགས་ཀྱིས་དྲྭ་ལམ་དུ་དངུལ་སྒོར་ཞལ་འདེབས་བསྡུས་ནས་ཚ་འཇོམས་ལས་འགུལ་སྤེལ། ཕྱི་ཟླ་༡༢་པའི་ཚེས་༢༩་ཡས་མས་སུ་གྲོང་ཚོ་༡༡༠་ཐམ་པའི་རྒན་རྒོན་༡༣༠༠༠་ལ་ཚ་འཇོམས་སྨན་མཁོ་སྤྲོད་ཐུབ། རྒྱ་ནག་གཞུང་གིས་དམ་དྲག་དང་གཞུང་འབྲེལ་གྱི་གཞི་གྲངས་གསལ་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་བཅས་ཀྱིས་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་ཛ་དྲག་ཆེ་ཆུང་ཤེས་རྟོགས་ཐུབ་དཀའ། རྒྱ་ནག་གི་པུར་སྲེག་ཁང་དེ་དག་གི་ཉིན་མཚན་མེད་པར་ཕུང་པོ་བསྲེགས་པ་དང་གྲོང་ཁྱེར་ཁག་ཏུ་ཤིང་དང་ཤོག་གུ རས་སོགས་ཀྱིས་བཟོས་པའི་རོ་སྒམ་དང་པུར་ཐུམ་རྣམས་བཙོང་རྒྱུ་མེད་པར་རིན་གོང་ལྡབ་༥་ལྷག་འཕར། རྒྱ་ནག་གི་མི་མང་དབུལ་ཕོངས་ཚོར་སྨན་བཅོས་ཀྱི་འགྲོ་གྲོན་མེད་པར་སྡུག་སྒོམ་རྒྱག་དགོས་པའི་གནས་ཚུལ་ཐོན།།

ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གཞུང་གཉེར་སྨན་ཁང་ཁག་ཏུ་ནད་པ་མང་དྲགས་པ་དང་འགྲོ་གྲོན་ཆེ་དྲགས་པའི་སྟོབས་ཀྱིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་འཕྲོད་བསྟེན་འགན་སྲུང་གི་སྨན་ཡོན་སྤྲོད་རྒྱུ་ཉུང་དུ་བཏང་བའམ། ཡང་ན་སྨན་ཡོན་གཏན་ནས་སྤྲོད་ཀྱི་མེད་པས་རྒྱ་ནག་གི་གྲོང་གསེབ་པ་ཚོས་སྨན་ཡོན་སྤྲོད་མ་ཐུབ་པར་དཀའ་ངལ་ནང་དུ་ཚུད། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཆེན་༡༤་ཡིས་མི་མང་ལ་རིན་མེད་དུ་ཏོག་དབྱིབས་ནད་དུག་འགོག་བཅོས་བྱ་རྒྱུ་མིན་པའི་ཐག་བཅད། ཧྲན་ཏུང་ཞིང་ཆེན་དང་ཀོང་ཀྲུག་གྲོང་ཁྱེར་གྱི་སྨན་ཁང་ཁག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚབས་ཆེན་ཚོར་རྒྱ་སྒོར་ཁྲི་ཚོ་༢་ལྷག་སྨན་ཡོན་ལེན་རྒྱུ་འགོ་ཚུགས། རྒྱ་ནག་གི་གྲོང་གསེབ་པ་ཚོར་མི་དམངས་ཤོག་སྒར་ཁྲི་ཚོ་༢་ནི་ཟླ་བ་༥་ཙམ་གྱི་གླ་ཕོགས་ཡིན་ཞིང་། གྲོང་གསེབ་པ་ཚོར་སྨན་ཡོན་སྤྲོད་རྒྱུ་མེད་པར་སྨན་བཅོས་བྱེད་ཀྱི་མེད་པས་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་ནད་མནར་དང་འཆི་སྐྱོན་འབྱུང་རྒྱུའི་ཉེན་ཁ་དེ་བས་ཀྱང་ཆེ། ནད་པའི་ལམ་གྲོན་དང་ནད་གཡོག་གི་འགྲོ་གྲོན་རྣམས་བསྡོམས་ན་ཉིན་ལྟར་ཁྱིམ་ཚང་རེར་སྨན་ཡོན་སོགས་ཀྱི་འགྲོ་གྲོན་རྒྱ་སྒོར་༥༠༠༠་ནས་༡༠༠༠༠་ཡས་མས་རེ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན། གའོ་ཞེས་པའི་བུ་ཞིག་གིས་ངའི་ཨ་ཕར་འཕྲོད་བསྟེན་འགན་སྲུང་མེད། སྨན་ཁང་གིས་ང་ཚོར་ཉིན་ལྟར་སྨན་ཡོན་འཁྱེར་ཤོག་ཅེས་འདེད་ཀྱི་འདུག ང་ལ་སྨན་ཡོན་སྤྲོད་རྒྱུ་མེད་པ་དང་སྨན་ཡོན་བཙལ་ས་ཞིག་མི་འདུག་ཅེས་གསར་འགོད་པར་སྡུག་སྐད་བརྒྱབ། དེ་བཞིན་ལོ་ན་༥༣་ལ་སོན་པའི་ཧོ་ནན་ཞིང་ཆེན་གྱི་ཞིང་པ་གའོ་ཧྲེང་ལི་ཞེས་པ་ཞིག་ལ་བདུན་ཕྲག་སྔོན་མར་ཏོག་དབྱིབས་ནད་དུག་འགོས་ནས་གཟའ་གྲིབ་ཕོག ཁོ་པ་སྨན་ཁང་དུ་བསྡད་ནས་ཉི་མ་གཉིས་ཀྱི་རྗེས་སུ་སྨན་ཡོན་རྒྱ་སྒོར་འབུམ་༡་དང་ཁྲི་ཚོ་ལྔ་འཁྱེར་ཤོག་ཅེས་སྨན་ཡོན་གྱི་བྱུང་འཛིན་སྤྲད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་སི་ཨེན་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གྲོང་གསེབ་པ་ཚོར་སྨན་ཡོན་སྤྲོད་རྒྱུ་མེད་པར་འཆི་བཞིན་ཡོད་ཀྱང་འབྱོར་ལྡན་པ་ཚོ་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་དུ་བསྐྱོད་ནས་ཕྱི་རྒྱལ་གྱི་སྨན་ཁབ་རྩེ་ཕུད་རྣམས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན། རྒྱལ་སྤྱིའི་བློ་འདྲི་ལམ་སྟོན་ཁང་གི་གཙོ་འཛིན་སམ་ར་ཌ་ཝན་གྱིས་རྒྱ་ནག་གི་འབྱོར་ལྡན་པ་ཚོ་སྔོན་ལ་ཧོང་ཀོང་དུ་སྨན་ཁབ་རྒྱག་གི་བསྐྱོད་རྒྱུ་ཡིན་པ་ཆོས་ཉིད་རེད། དེ་ནས་ཨེ་ཤིའི་རྒྱལ་ཁབ་ཁག་དང་ཨ་རི། ཡུ་རོབ་བཅས་ལ་བསྐྱོད་ངེས་རེད་ཅེས་བཀྲལ། རྒྱ་ནག་གི་ཧྲན་ཤི་ཞིང་ཆེན་གྱི་མི་ཞིག་གིས་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ང་ཧོང་ཀོང་ལ་མ་ཕྱིན་པར་ཡུན་རིང་ཕྱིན་སོང་། ང་གུང་སེང་ལ་འགྲོ་རྒྱུ་དང་ཞོར་དུ་སྨན་ཁབ་རྒྱག་ཐུབ། དེ་ནི་རྡོ་གཅིག་གིས་བྱིའུ་གཉིས་བསད་པ་མ་རེད་དམ། ངས་དུས་བཏབ་བྱས་ཟིན་པ་ཡིན་ཞེས་ཝི་པོ་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། ཧྲང་ཧེ་བ་ཞིག་གིས་ཝི་པོ་དྲྭ་ཚུགས་སུ་ང་ནི་དང་ཐོག་ཐེ་ལན་ཌིར་འགྲོ་འདོད་མེད། ཡིན་ནའང་ཐེ་ལན་ཌིར་ཕྱིན་ན་ཧྥེ་ཛར་དང་མོ་ཌེར་ན་བཅས་སྨན་ཁབ་རྩེ་ཕུད་གཉིས་ཀྱི་གང་རུང་ཞིག་རྒྱག་ཐུབ་ཀྱི་འདུག དེས་ན་ང་ཐེ་ལན་ཌིར་འགྲོའི་ཐག་བཅད་པ་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ། པེ་ཅིང་བ་ཞིག་གིས་རྒྱ་ནག་པ་ཚོར་སྨན་ཁབ་ཡག་ག་ཞིག་རྒྱག་འདོད་ཡོད་ན་ཐེ་ལན་ཌིར་འགྲོ་རྒྱུ་ནི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་རེད། ཐེ་ལན་ཌིར་རང་གི་འདོད་པ་ལྟར་སྨན་ཁབ་བདམས་གསེས་བྱས་ནས་རྒྱག་ཐུབ་ཀྱི་འདུག འདི་ནི་ཁེ་སང་འབའ་ཞིག་རེད་ཅེས་ཝི་པོ་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་བྲིས། རྒྱ་ནག་གི་འབྱོར་ལྡན་པ་ཁག་ཅིག་གིས་ཕྱི་ཟླ་༡༢་པའི་ཟླ་དཀྱིལ་ནས་ཨོ་མེན་དམིགས་བསལ་ས་ཁུལ་གྱི་སྨན་ཁང་ཁག་ཏུ་ཐོ་འགོད་བྱས་ནས་ཕྱི་རྒྱལ་གྱི་སྨན་ཁབ་རྒྱག་རྒྱུའི་འཆར་གཞི་བཀོད། མི་ཁག་ཅིག་ལ་ཕྱི་ཟླ་༢་པའི་ཟླ་དཀྱིལ་བར་དུ་མ་གཏོགས་སྨན་ཁབ་རྒྱག་རྒྱུའི་བང་རིམ་ཐེམས་ཀྱི་མེད་པ་དང་རྒྱ་ནག་གིས་བཟོས་པའི་སྨན་ཁབ་ཁག་ལ་ནད་འགོག་གི་ནུས་པ་ཞན། རྒྱ་ནག་གི་འགོ་ཁྲིད་ཚོ་དང་འབྱོར་ལྡན་པ་ཚོས་རྒྱལ་ནང་གི་སྨན་ཁབ་རྣམས་གཏན་ནས་རྒྱག་གི་མེད་པའི་གནས་ཚུལ་ཐོན་འདུག