རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་རྒྱུའི་ཐག་བཅད།

རྒྱ་ནག་ཨན་ཧུད་མངའ་སྡེའི་ཤར་ཕྱོགས་ཧྥུ་ཡན་གྲོང་ཁྱེར་གྱི་སྤྱི་གླིང་ཞིག་ཏུ་རྒན་རྒོན་འགའ་ཞིག་གིས་ངལ་གསོ་བཞིན་པའི་སྐབས་སུ།

༄༅།། རྒྱ་ནག་གི་སྐྱེས་པ་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་དེ་ལོ་༦༣་དང་བུད་མེད་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་དེ་ལོ་༥༨་ལ་སྤར་རྒྱུའི་ཐག་བཅད། འདི་ནི་༡༩༧༨་ནས་བཟུང་སྟེ་རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་བ་ཐེངས་དང་པོ་ཡིན་ཞིང་། ཕྱི་ཟླ་༩་པའི་ཚེས་༡༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་རྒྱུའི་སྲིད་ཇུས་གསར་པ་ཞིག་གཏན་དུ་ཕབ། དེ་སྔ་རྒྱ་ནག་གི་སྐྱེས་པ་ལས་བྱེད་པ་ཚོ་ལོ་༦༠་དང་བུད་མེད་ལས་བྱེད་པ་ཚོ་ལོ་༥༠་སྟེང་དུ་རྒས་ཡོལ་ལ་འགྲོ་ཆོག་ཅིང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་མི་འབོར་འཕེལ་རྒྱས་མ་བྱུང་། ད་ལྟ་རྒྱ་ནག་ཏུ་ལོ་༦༠་བརྒལ་བའི་མི་གྲངས་དུང་ཕྱུར་༣་ལྷག་ཟིན་ཡོད་པས་ཡོལ་གྱི་ལོ་ཚད་མ་སྤར་ཐབས་མེད་དུ་གྱུར།།

ཨོ་གླིང་གི་ཝིཀ་ཊོ་རི་ཡ་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་མི་འབོར་དང་དཔལ་འབྱོར་ཉམས་ཞིབ་པ་ཕེང་ཤུག་ཅན་(Xiujian Peng)་གྱིས་བཤད་པ་ལྟར་ན། རྒྱ་ནག་ཏུ་རྒས་ཡོལ་ལ་འགྲོ་མཁན་མི་གྲངས་ཇེ་མང་དང་རྒས་ཕོགས་སྤྲོད་དགོས་པའི་མི་འབོར་འཕར། དེས་ན་རྒས་ཡོལ་གྱི་ལོ་ཚད་སྤར་ནས་རྒྱ་ནག་ལ་རྒན་རྒོན་མང་དྲགས་པ་དང་ན་གཞོན་ལས་རྩོལ་བ་ཉུང་དྲགས་ཏེ་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པའི་དཀའ་ངལ་སེལ་ཐབས་འཚོལ་དགོས་པར་གྱུར་པ་རེད། ལོ་རབས་༥༠་པའི་ནང་དུ་གཏན་འབེབས་བྱས་པའི་རྒས་ཡོལ་གྱི་ལོ་ཚད་ནི་སྐབས་དེར་མིའི་ཆ་མཉམ་ཚེ་ཚད་ལོ་༤༠་ཡས་མས་ཤིག་ཡིན་པར་གཞི་བཅོལ་བ་རེད་ཅེས་བསྟན། ད་ལྟའི་རྒས་ཡོལ་གྱི་ལོ་ཚད་གསར་པ་འདི་ཕྱི་ཟླ་དང་པོ་ནས་ལག་ལེན་བསྟར་རྒྱུ་དང་མིའི་སྐྱེས་ཚེས་ལ་གཞིགས་ནས་རྒས་ཡོལ་དུ་གཏོང་རྒྱུའི་ལམ་སྲོལ་གསར་པ་ཞིག་ཚུགས།།

རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་རྒྱུའི་ཐག་བཅད།

དཔེར་ན་༡༩༧༡་ལོའི་ཕྱི་དང་པོའི་ཟླ་ནང་དུ་སྐྱེས་པའི་སྐྱེས་པ་ཞིག་ལོ་༦༡་དང་ཟླ་བ་༧་ཏེ། ༢༠༣༢་ལོའི་ཕྱི་ཟླ་༨་ནང་རྒས་ཡོལ་དུ་འགྲོ་ཆོག་པ་དང་༡༩༧༡་ལོའི་ཕྱི་ཟླ་༥་པའི་ནང་དུ་སྐྱེས་པའི་སྐྱེས་པ་ཞིག་ལོ་༦༡་དང་ཟླ་བ་༨་དམ། ༢༠༣༣་ལོའི་ཕྱི་ཟླ་དང་པོའི་ནང་དུ་རྒས་ཡོལ་ལ་འགྲོ་ཆོག་ཅེས་གསལ། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ཚོས་རྒས་ཡོལ་གྱི་ལོ་ཚད་དེ་སྔ་མོ་ནས་སྤར་དགོས་པ་ཞིག་རེད། ༢༠༣༥་ཡས་མས་སུ་རྒྱ་ནག་ལ་ལོ་༦༠་བརྒལ་བའི་མི་གྲངས་དུང་ཕྱུར་༤་ཟིན་གྱི་འདུག དེ་ནི་ཨ་མི་རི་ཀའི་མི་འབོར་ལས་ཀྱང་མང་བ་ཡིན་པ་དང་རྒྱ་ནག་གཞུང་གིས་རྒས་ཕོགས་སྤྲོད་མི་ཐུབ་པའི་དཀའ་ངལ་ནི་གཡོལ་ཐབས་བྲལ། རྒྱལ་སྤྱིའི་ཕྱི་སྲིད་འབྲེལ་ལམ་ཞིབ་འཇུག་ཁང་གི་འཕྲོད་བསྟེན་ཉམས་ཞིབ་པ་ཧྭང་ཡན་ཀྲུང་(Yanzhong Huang)་གིས་རྒས་ཕོགས་དང་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་སྤྲོད་མི་ཐུབ་པ་རྒྱ་ནག་གཅིག་པུ་མ་རེད། ༢༠༣༣་ནས་ཨ་མི་རི་ཀས་ཀྱང་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་ཆ་ཚང་སྤྲོད་ཐུབ་ས་མ་རེད་ཅེས་བཀྲལ།།

ཨ་རི་དང་རྒྱ་ནག་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི་ཨ་མི་རི་ཀར་མི་འབོར་ཉུང་བ་དང་ན་གཞོན་ངལ་རྩོལ་བ་ལག་མི་ཐོགས། རྒྱ་ནག་ལ་མི་འབོར་དང་རྒན་རྒོན་མང་བ། ན་གཞོན་ལས་རྩོལ་བ་ཉུང་ཞིང་། ཨ་མི་རི་ཀས་རང་གི་སྤྱི་དམངས་ཡོད་དོ་ཅོག་ལ་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་སྤྲོད་ཀྱི་ཡོད་པ་དང་རྒྱ་ནག་གི་ལས་བྱེད་པ་ཚོར་རྒས་ཕོགས་དང་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས། སྨན་ཡོན་སོགས་ཀྱི་ཐོབ་ཐང་སྤྲོད་པ་ལས་རྒྱ་ཆེའི་མང་ཚོགས་ལ་ཐོབ་ཐང་དེ་རྣམས་མི་སྤྲོད། ཨ་མི་རི་ཀའི་སྤྱི་དམངས་ཚོས་ལོ་༦༥་འམ། ཡང་ན་ལོ་༦༧་ནས་སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་ཆ་ཚང་ལེན་ཆོག་ཀྱང་རྒྱ་ནག་གི་ཞིང་འབྲོག་མང་ཚོགས་ལ་རྒས་ཡོལ་དང་རྒས་ཕོགས་ལེན་ཆོག་པའི་ཐོབ་ཐང་མེད།།

དེང་སྐབས་རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་མི་བྱེད་པ་དང་གཉེན་སྒྲིག་བྱས་ཀྱང་ཕྲུ་གུ་མ་སྐྱེས། ༢༠༢༡་དང་བསྡུར་ན་༢༠༢༢་ལོར་རྒྱ་ནག་ལ་ཕྲུ་གུ་༨༥༠༠༠༠་ཉུང་བ་སྐྱེས་ཡོད་པ་དང་༢༠༢༣་ལོར་རྒྱ་ནག་གི་མི་འབོར་ས་ཡ་༢་ཉུང་དུ་སོང་། རྒྱ་ནག་ལ་ན་གཞོན་ལས་རྩོལ་བ་ཉུང་དྲགས་ཡོད་པས་རྒན་རྒོན་དུང་ཕྱུར་མང་པོར་རྒས་ཕོགས་ཆད་སྲིད། ༢༠༢༢་ལོར་རྒྱ་ནག་གི་ན་གཞོན་ལས་རྩོལ་བ་ལྔས་རྒན་རྒོན་གཅིག་གསོ་དགོས་ཀྱང་རིམ་བཞིན་རྒན་རྒོན་གྱི་མི་འབོར་འཕེལ་ཏེ་ངལ་རྩལ་བ་ཇེ་ཉུང་། རྒྱ་ནག་གི་ན་གཞོན་ལས་རྩོལ་བ་ཚོས་རྒན་རྒོན་གསོ་དགོས་པའི་རྡོག་ཁྲེས་ཆེ་རུ་འགྲོ་རྒྱུ་རེད་ཅེས་གཞུང་གི་གཞི་གྲངས་སུ་འཁོད། རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་རག་གི་མེད་པའི་དཀའ་ངལ་སེལ་མ་ཐུབ་ན་རྒན་རྒོན་ཚོར་རྒས་ཕོགས་སྤྲོད་མི་ཐུབ་པའི་དཀའ་ངལ་ཆེ་རུ་འགྲོ་རྒྱུའི་གནས་ཚུལ་ཐོན་འདུག

༢༠༢༣ ལོའི་ཟླ ༤ ཚེས ༢༥ ཉིན་པེ་ཅིང་གི་སྤྱི་གླིང་ཞིག་ཏུ་རྒན་རྒོན་གཉིས་ཀྱིས་རྒྱ་མིའི་མིག་མང་རྩེད་བཞིན་ཡོད།

ཕྱི་ཟླ་༩་པའི་ཚེས་༡༣་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་ལོ་ཚད་སྤར་བ་དེ་ཕྱི་ཟླ་དང་པོ་ནས་ལག་ལེན་བསྟར་རྒྱུ་ཡིན་རུང་འཆར་གཞི་དེ་གོམ་སྟབས་ཆུང་སྤོས་ཀྱིས་ལོ་༡༥་ནང་དུ་ལག་ལེན་ཆ་ཚང་བསྟར་ཐུབ་རྒྱུའི་སྲིད་ཇུས་ཤིག་རེད་ཟེར། རྒྱ་ནག་གི་འཕྲོད་བསྟེན་དང་རྒན་རྒོན་ལྟ་སྐྱོང་ཞིབ་འཇུག་ཁང་གི་འགན་འཛིན་ཀྲང་ཅིན་(Zhang Jin)་གྱིས་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་ན་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་འབྱུང་། རྒས་ཡོལ་གྱི་ལོ་ཚད་སྤར་ན་ཐོན་སྐྱེད་འདོན་ཐུབ་པ་དང་དངུལ་སྒོར་འགྲོ་གྲོན་གཏོང་ཐུབ། མི་ཞིག་རྒས་ཡོལ་དུ་ཕྱིན་པའི་རྗེས་སུ་དངུལ་སྒོར་འགྲོ་གྲོན་གཏོང་རྒྱུ་ཉུང་དུ་གཏོང་གི་འདུག་ཅེས་བཤད། རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་བར་ན་གཞོན་ཚོས་དགའ་མོས་བྱས་ཀྱང་རྒན་རྒོན་ཚོ་འཐད་པ་མེད་པའི་རྣམ་འགྱུར་ཐོན།།

པེ་ཅིང་གི་ལས་བྱེད་པ་རྒྱ་མོ་ཀྲའོ་ཞེས་པ་ཞིག་གིས་རྩེད་མོ་དང་སྦྲགས་ཏེ་དེ་རིང་གི་གསར་འགྱུར་དེ་མཐོང་ནས་ང་རྒས་ཡོལ་དུ་མ་ཕྱིན་བར་དུ་འཚོ་གནས་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་སྐྱེས་བྱུང་། ངས་མི་ཚེ་ཧྲིལ་པོར་དཀའ་ལས་རྒྱག་དགོས་པ་རེད་དམ་ཞེས་ཟུར་ཟ་བྱས་ནས་དྲིས། ལོ་ན་༥༢་ལ་སོན་པའི་ཀྲེ་ཅང་ཞིང་ཆེན་གྱི་ལས་བྱེད་པ་ཞིག་གིས་རྡོ་དོན་སྙིང་པོར་ངའི་རྒས་ཡོལ་གྱི་དུས་ཚོད་ཐུང་དུ་བཏང་སྟེ་ང་ལ་འབབ་འོས་པའི་དངུལ་སྒོར་ཉུང་དུ་བཏང་བ་རེད། ང་ལ་ལོ་གཉིས་དང་ཕྱེད་ཀའི་རྒས་ཕོགས་མེད་པར་གྱུར་སོང་ཞེས་འཁང་ར་བཤད། ༢༠༣༠་ལོའི་ཕྱི་ཟླ་དང་པོ་ནས་འགོ་ཚུགས་ནས་ལོ་༡༥་ནས་༢༠་ཙམ་ལ་རྒྱ་ནག་གི་ལས་བྱེད་པ་ཚོར་ལོ་རེའི་ཟླ་བ་༦་གི་རིང་ཟླ་ཕོགས་ཁོངས་ནས་རྒས་ཕོགས་དང་སྤྱི་ཚོགས་འགན་སྲུང་གསོག་དངུལ་གཅོག་རྒྱུ་མང་དུ་གཏོང་རྒྱུ། གཞི་རྩའི་རྒས་ཕོགས་གསོག་དངུལ་གྲངས་ཚད་ལོངས་པ་ཚོ་སྔ་ཙམ་རྒས་ཡོལ་དུ་འགྲོ་ཆོག་པ་དང་རྒས་ཡོལ་གྱི་ལོ་ཚད་ལོན་ཡང་མུ་མཐུད་དུ་ལོ་གསུམ་ལ་བྱ་བ་ལས་ཆོག་པའི་གདམ་ཀ་སྤྲད་འདུག

ཕྱི་ཟླ་༩་པའི་ཚེས་༡༣་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༥༠་ལོར་རྒྱ་ནག་གི་མི་འབོར་དུང་ཕྱུར་༡༣་ལ་འགྱུར་རྒྱུ་ཡིན་པར་མ་ཟད། ༢༡༠༠་ལོར་མི་འབོར་དུང་ཕྱུར་༨་ལ་མར་ཆག་རྒྱུ་ཡིན་འདུག ཕྱི་ཟླ་༧་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་རྒྱུའི་གྲོས་འཆམ་བྱུང་། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ལས་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་པའི་འགོ་ཁྲིད་མ་རུང་(Mo Rong)་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པར་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་མ་སྤར་ཐབས་མེད་རེད། ང་ཚོའི་མི་འབོར་ལ་འགྱུར་བ་ཐེབས་ཀྱི་ཡོད་པས་སྲིད་ཇུས་གསར་པ་ཞིག་དགོས་ཀྱི་འདུག་ཅེས་རྒྱུ་མཚན་བགྲངས། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་དུ་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་བར་ཡི་རང་མ་བྱུང་། དྲྭ་དམངས་ཚོས་རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་མི་རག་པ་དང་རྒན་རྒོན་ཚོ་རྒས་ཡོལ་དུ་འགྲོ་མི་ཆོག་པ་བཅས་ཚང་མར་དཀའ་ངལ་རེ་འདུག་ཅེས་མཆན་བྲིས་འདུག